ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་སྐབས་གསུམ་པའི་མུ་འབྲེལ་བྱ་འགུལ་མགོ་བརྩམས་པ།

ངོ་མཚར་བའི་རྟ་རྩལ་འཁྲབ་སྟོན་དང་སྙན་ཞིང་འཇེབས་པའི་གླུ་སྐད། ལྡེམ་མྱུར་འཁྱུག་པའི་ཞབས་བྲོ་བཅས་ཏེ། ཟླ8པའི་ཚེས8ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། “གཙང་པོའི་མགོ་ཁུངས་ཀྱི་ཡུས་ཧྲུའུ། ནམ་མཁའི་ཆུ་དམར་ལེབ”ཅེས་པ་བརྗོད་དོན་ཡིན་པའི་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་སྐབས་གསུམ་པའི་མུ་འབྲེལ་བྱ་འགུལ་ཆུ་དམར་ལེབ་རྫོང་དུ་འཚོགས་མགོ་བརྩམས།

མགོ་རྩོམ་པའི་མཛད་སྒོས་གར་སྟེགས་ཆེན་པོ་དང་རྩྭ་ཐང་ཆེན་པོ་ཟུང་དུ་འབྲེལ་བའི་རིག་རྩལ་འཁྲབ་སྟོན་གྱི་རྣམ་པར་བརྟེན་ནས། ལྟ་མཁན་རྣམས་ལ་གླུ་གར་གྱི་མཚོ་མོ་བསྐྱིལ་ཞིང་མི་ཚོགས་ཀྱི་རྦ་རླབས་འཕྱོ་བའི་དུས་སྟོན་གྱི་ལྗོངས་རྣམ་ལ་ཉེ་བཅར་རོལ་མྱོང་བྱེད་དུ་བཅུག ཡུལ་དངོས་སུ། ཏང་གི་དར་ཆ་དེ་རླུང་བུའི་རྒྱུ་ཕྱོགས་དང་བསྟུན་ནས་ལྷབ་ལྷུབ་ཏུ་སྐྱོད་ཅིང་། ག་ས་ཀུན་ཏུ་དུས་ཆེན་གྱི་སྤྲོ་དགས་ཁེངས་ཡོད་ལ། ཆུ་དམར་ལེབ་རྫོང་གི་ཞང་སོ་སོ་ནས་ཡོང་བའི་བསྟར་སྒྲིག་རུ་ཁག་དང་ལས་རིགས་ཁག་གི་འཐུས་ཚབ་པས་གྲུབ་པའི་བསྟར་སྒྲིག་རུ་ཁག་བཅུ་ཕྲག་འགའ་ཚོགས་རར་བསྐྱོད་བྱུང་། ཁོ་ཚོས་བརྟན་བརླིང་གི་གོམ་ཁ་བཀྱགས་ཤིང་ཆེས་ལེགས་པའི་བཟོ་ལྟ་ལ་བརྟེན་ནས་དུས་རབས་གསར་པའི་ཆུ་དམར་ལེབ་མི་དམངས་ཀྱི་ཕུལ་བྱུང་ཉམས་འགྱུར་མངོན་བཞིན་ཡོད། རིག་རྩལ་འཁྲབ་སྟོན་གྱི་སྒྲིག་རིམ་དང་ལེའུ་བཞི་དང་མཇུག་བསྡུའི་གོ་རིམ་རེ་རེ་བཞིན་སྤེལ་བ་དང་བསྟུན་ནས། ཡུལ་དངོས་ཀྱི་ཡོ་ལང་གི་རྣམ་པ་གོང་ནས་གོང་དུ་རྒྱས་པ་དང་། གཟབ་འཕྱོར་སྤྲས་པའི་ཆུ་དམར་ལེབ་མི་དམངས་ཀྱིས་བདེ་སྐྱིད་ཀྱི་སྟངས་སྟབས་བསྒྱུར་ནས། གདངས་དབྱངས་སྙན་མོའི་འགྲོས་དང་འགྲོགས་ནས་ཡུལ་དངོས་ཀྱི་ལྟད་མོ་པའི་ཚོགས་ལ་ཆུ་དམར་ལེབ་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་གྱི་གསོལ་སྟོན་རྒྱས་པར་བཤམས་བྱུང་།

མགོ་རྩོམ་པའི་མཛད་སྒོ་ཡིས“གཙང་པོའི་མགོ་ཁུངས་ཀྱི་ཡུས་ཧྲུའུ། ནམ་མཁའི་ཆུ་དམར་ལེབ”ཅེས་པའི་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་སྐབས་གསུམ་པའི་མུ་འབྲེལ་བྱ་འགུལ་གྱི་ཡོལ་རས་ངང་གིས་ཕྱེ་བྱུང་། རྒྱུས་ལོན་པ་ལྟར་ན། མུ་འབྲེལ་བྱ་འགུལ་སྤེལ་ཡུན་ཉིན5ཡིན་ལ། སོ་སོར་དམངས་སྲོལ་རྩལ་འགྲན་བྱ་འགུལ་དང་། “གཙང་པོའི་མགོ་ཁུངས་ཀྱི་མཚན་མོ”ཡི་སྐར་ཆེན་གླུ་བའི་གླུ་ལེན་ཆེད་ཚོགས། མཐོ་སྒང་གི་སྲོལ་རྒྱུན་རྟ་རྒྱུག་འགྲན་སྡུར། མཐོ་སྒང་གི་སྲོལ་རྒྱུན་གོམ་རྟའི་འགྲན་སྡུར། 2022ལོའི་འབྲི་ཆུའི་བྱང་ཁུངས་ཆུ་དམར་ལེབ་རྒྱུད་ཀྱི་གཡེང་སྐྱོད་སྒོ་འབྱེད་མཛད་སྒོ། “ནམ་མཁའི་ཆུ་དམར་ལེབ། རྨ་ཆུ་མགོ་ཁུངས་ཀྱི་གནས་མཆོག”ཆེད་སྒྲིག་རིག་རྩལ་དགོང་ཚོགས། མཐོ་སྒང་གི་སྲོལ་རྒྱུན་གཡག་རྒྱུག་འགྲན་སྡུར། ལུས་རྩལ་འགྲན་སྡུར་གྱི་བྱ་འགུལ་སྣ་ཚོགས་བཅས་ཡོད། །