ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ད་ལོའི་ཟླ11པར་འཛམ་གླིང་གི་མི་གྲངས་དུང་ཕྱུར80ལས་བརྒལ་རྒྱུ་རེད།

ཟླ7པའི་ཚེས11ཉིན་ནི་འཛམ་གླིང་མི་གྲངས་ཉིན་མོ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིན་དེར་བསྒྲགས་པའི《2022ལོའི་འཛམ་གླིང་མི་གྲངས་རྒྱང་ལྟ》ཞེས་པའི་སྙན་ཞུའི་ཁྲོད་མངོན་པ་ལྟར་ན། ད་ལོའི་ཟླ11པའི་ཚེས15ཉིན་འཛམ་གླིང་གི་མི་གྲངས་དུང་ཕྱུར80ལས་བརྒལ་རྒྱུ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་དཔག་ཆེས་གསར་ཤོས་ལྟར་ན། འཛམ་གླིང་གི་མི་གྲངས2030ལོ་དང2050ལོའི་བར་སོ་སོར་ཧ་ལམ་དུང་ཕྱུར85དང་དུང་ཕྱུར97ལ་འཕར་སྲིད་ཅིང་། དུས་རབས་འདིའི་ལོ་རབས80པར་ཧ་ལམ་མི་གྲངས་དུང་ཕྱུར104ཡི་རྩེ་གྲངས་དུ་འཕར་བར་མ་ཟད། དུས་རབས21པ་རྫོགས་རག་བར་དུ་ཚད་ཐིག་འདི་རྒྱུན་སྲུང་བྱེད་རྒྱུ་རེད།

སྙན་ཞུའི་ནང་བསྟན་དོན། རྒྱལ་ཁབ་མང་པོའི་ཕྲུ་གུ་སྐྱེ་ཚད་ཉེ་བའི་ལོ་འགར་མངོན་གསལ་གྱིས་ཇེ་དམའ་རུ་སོང་ཡོད་པས། འཛམ་གླིང་གི་མི་གྲངས་འཕར་ཚད2020ལོར1%མན་དུ་ཆག་པ་དང་། དེ་ནི1950ལོའི་ཚུན་གྱི་ཐོག་མ་རེད། སྔོན་དཔག་བྱས་པ་ལྟར་ན2022ལོ་ནས2050ལོའི་བར་དུ། རྒྱལ་ཁབ་བམ་ས་ཁུལ61གི་མི་གྲངས1%གམ་ཡང་ན་དེ་ལས་མང་བའི་སྒོ་ནས་ཇེ་ཉུང་དུ་འགྲོ་སྲིད་ལ། དུས་སྐབས་དེའི་ནང་དུ། ཕྱེད་ཀ་ལས་བརྒལ་བའི་འཛམ་གླིང་མི་གྲངས་ཀྱི་འཕར་གནས་གཙོ་བོ་ཁོང་ཀོ(ཅིན)དང་ཨེ་ཅིབ། ཨེ་ཙེ་ཨོ་ཕི་ཡ། ཧིན་རྡུ། ནི་ཀྲི་རི་ཡ། ཕ་ཁི་སི་ཐན། ཧྥི་ལི་ཕིན་དང་ཐན་ཙན་ནི་ཡ་བཅས་ཀྱི་རྒྱལ་ཁབ་འདི་བརྒྱད་པོ་རུ་གཅིག་ཏུ་འདུས་ཡོད་པ་རེད།

སྙན་ཞུ་ལས་སྔོན་དཔག་བྱས་པ་ལྟར་ན། གོ་ལ་ཧྲིལ་པོའི་ལོ་ན65དང་དེའི་ཡན་གྱི་མི་གྲངས་ཀྱིས་འཛམ་གླིང་མི་གྲངས་ཀྱི་ཟིན་ཚད2022ལོའི10%ནས2050ལོའི16%རུ་འཕར་སྲིད་ལ། སྐབས་དེར། ལོ་ན65དང་དེའི་ཡན་གྱི་བགྲེས་པོའི་མི་གྲངས་དེ་ལོ5ཅན་དང་དེའི་མན་གྱི་བྱིས་པའི་གྲངས་ཀའི་ལྡབ་གཉིས་ལྷག་ཡིན་པར་མ་ཟད། ལོ་ན12ཅན་དང་དེའི་མན་གྱི་བྱིས་པའི་གྲངས་ཀ་དང་ཧ་ལམ་འདྲ་མཚུངས་ཡིན་རྒྱུ་རེད། །

《ནུབ་མཚོ་གྲོང་ཁྱེར་ཚགས་པར》ལས་འདེམ་སྒྲིག་བྱས།