ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

བརླན་སས་ནམ་ཟླ་སྙོམས་སྒྲིག་བྱེད་ཐུབ།

བརླན་ས་གླེང་དུས་མི་རྣམས་ཀྱི་ཡིད་ངོར་ཐོག་མར་དེའི་ཆུ་བགྲུང་བའི་ནུས་པ་དྲན་ཡོང་གི་ཡོད། ཡིན་ཡང་བརླན་སའི་བྱེད་ནུས་དེ་ཙམ་གྱིས་མི་ཚད་དེ། དེ་ལ་བྱེད་ནུས་གལ་ཆེན་གཞན་ཞིག་ཡོད་པ་ནི་ཉེ་འཁོར་གྱི་ནམ་ཟླ་སྙོམས་སྒྲིག་བྱེད་ཐུབ་པ་དེ་ཡིན། བརླན་སའི་གྲུབ་ཆ་གཙོ་བོ་ནི་རྒྱ་ཆེ་བའི་ཆུ་ངོས་ཡིན། ཆུ་དེ་སྲོག་ཤིང་བྱས་ཐོག་ད་དུང་མཐིལ་འདམ་དང་འདམ་ངོགས། སྔོ་ཁེབས་སོགས་རྒྱུ་མང་པོ་ཞིག་གིས་གྲུབ་ཡོད་ཅིང་། རྒྱུ་ཚོགས་དེ་དག་གིས་མཉམ་དུ་བརླན་སའི་ཉེ་འཁོར་གྱི་ནམ་ཟླ་དང་མཁའ་རླུང་གི་སྤུས་ཀ་སྙོམས་སྒྲིག་དང་ཇེ་ལེགས་སུ་གཏོང་བཞིན་ཡོད། འོ་ན་སྙོམས་སྒྲིག་མཁན་པོ་འདིས་ལས་ཀ་ཇི་ལྟར་བྱེད་བཞིན་ཡོད་དམ་ཞེ་ན།

སྐམ་ཤས་ཆེ་བའི་མཁའ་རླུང་བརླན་པོར་གཏོང་བ།

སྐམ་ཤས་ཆེ་བའི་དུས་ཚིགས་སུ་ང་ཚོའི་སྐྱི་མོ་དང་སྣ་ཁུང་སྐམ་པར་གྱུར་ཏེ་མི་བདེ་བའི་ཚོར་སྣང་འབྱུང་། གལ་ཏེ་སྐབས་འདིར་ཁང་པའི་ནང་དུ་ཆུ་ཀ་ཏོ་ར་གང་བཞག་ཚེ་མི་བདེ་བའི་ཚོར་བ་དེ་ཅུང་ཆུང་བར་གཏོང་ཐུབ། བརླན་ས་དང་ལྷག་པར་དུ་གྲོང་ཁྱེར་ཉེ་འཁོར་གྱི་བརླན་ས་ནི་རང་བྱུང་གི་བརླན་ཆས་རེ་རེ་དང་འདྲ་བར་མཁའ་དབུགས་ཀྱི་བརླན་ཤས་ཆེ་རུ་གཏོང་གིན་ཡོད། བརླན་སས་མཁའ་དབུགས་ཀྱི་བརླན་ཤས་ཆེ་རུ་གཏོང་ཐུབ་དོན་ཡང་། གཙོ་བོ་བཀག་རྒྱ་མེད་པའི་ཆུ་ངོས་དང་དེའི་ཉེ་འཁོར་གྱི་འདམ་ངོགས་དང་སྔོ་ཁེབས་ལ་བརྟེན་ནས་བྱུང་བ་ཡིན། ཆུ་ངོས་ཀྱི་གཞི་རྒྱ་ཇི་ལྟར་ཆེ་ན་རླངས་འགྱུར་བྱེད་ཚད་དེ་ལྟར་ཇེ་མཐོར་གཏོང་ཐུབ་པ་ཀུན་གྱིས་གོ་སླ་ཡང་། འདམ་སྙིའི་ངོགས་དང་སྔོ་ཁེབས་ལ་བྱེད་ནུས་ཅི་ཞིག་ཡོད་དམ་ཞེ་ན། འདམ་ངོགས་ཀྱིས་ཀྱང་བརླན་ས་རླངས་འགྱུར་ལ་བྱེད་ནུས་གལ་ཆེན་ཐོན་བཞིན་ཡོད་དེ། ཕྱོགས་གཅིག་ནས་འདམ་སྙི་ལ་ཉི་འོད་ལྡོག་འཕྲོའི་ཚད་ཅུང་དམའ་བར་བརྟེན་དྲོད་འཕར་བ་ཆུ་ངོས་ལས་ཅུང་མངོན་གསལ་ཡིན། ཕྱོགས་གཞན་ཞིག་ནས་འདམ་སྙིའི་ངོགས་ཀྱི་ས་རྒྱུའི་རིལ་བུ་དག་གི་བར་དུ་སྦུག་ཕྲན་ལྟ་བུའི་བར་གསེང་གྲུབ་ཡོད་ལ། ངོས་མི་མཉམ་པ་དེས་ཀྱང་རླངས་འགྱུར་གྱི་རྒྱ་ཁྱོན་ཆེ་རུ་བཏང་ཡོད་པར་མ་ཟད། འདམ་སྙིའི་ངོགས་བརྒྱུད་ནས་རླངས་པར་འགྱུར་ཚད་ཀྱང་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག འདམ་སྙིའི་ངོགས་ནི་བརླན་སའི་རྩི་ཤིང་འབོར་ཆེན་སྐྱེས་སའི་གནས་ལེགས་པོ་ཞིག་ཡིན་ལ། རྩི་ཤིང་གིས་ཀྱང་རང་གི་རླངས་འགྱུར་བྱེད་ནུས་དྲག་པོར་བརྟེན་ནས་བརླན་སའི་རླངས་འགྱུར་ཚད་ཇེ་མཐོར་གཏོང་གིན་ཡོད། དཔེར་ན་རྒྱུན་པར་མཐོང་བའི་བརླན་སའི་རྩི་ཤིང་འདམ་རྩྭ་ལྟ་བུར་མཚོན་ན་ཡང་། འདམ་རྩྭ་སྟོང་ཁེ་གཅིག་སྐྱེ་བར་ཆུ་སྟོང་ཁེ800ཙམ་རླངས་འགྱུར་བྱེད་དགོས་པ་རེད། འདི་འདྲའི་རླངས་འགྱུར་བྱེད་ཚད་ཆེན་པོ་ལས་ཉེ་འཁོར་གྱི་མཁའ་རླུང་གི་བརླན་ཤས་ཤུགས་ཆེན་པོས་ཇེ་ཆེར་གཏོང་བཞིན་ཡོད་པ་ནི་བཤད་མ་དགོས་པ་རེད། དཔེར་ན་པེ་ཅིན་གྲོང་ཁྱེར་ལྟ་བུར་མཚོན་ན། བརླན་སའི་ཉེ་འཁོར་གྱི་མཁའ་རླུང་གི་བརླན་ཚད་སྤྱི་ལེ5ཕ་རོལ་གྱི་ས་ཆ་ལས10%ཡིས་མཐོ་བ་དེས་ཀྱང་། རང་བྱུང་བརླན་ཆས་ཏེ་བརླན་སའི་ནུས་པ་གལ་ཆེན་ཐོན་བཞིན་པ་ཤེས་ཐུབ།

ཚ་བ་ཆེ་བའི་གྲོང་ཁྱེར་གྱི་དྲོད་ཚད་ཇེ་དམའ་རུ་གཏོང་བ།

ང་ཚོ་ཚང་མས་ཤེས་གསལ་ལྟར། ཆུ་ལ་ཚ་བ་ཆེན་པོ་སྡུད་ལེན་བྱེད་ཐུབ་པའི་ནུས་པ་ལྡན་ཏེ། ཚ་ཚད་གཅིག་པ་སྡུད་ལེན་བྱེད་སྐབས་ཆུའི་དྲོད་ཚད་དེ་བསྟུན་གྱིས་ཇེ་མཐོར་འགྲོ་བཞིན་མེད། དུས་མཚུངས་སུ་ཆུ་རླངས་འགྱུར་ཚ་ཚད་ཅུང་མཐོན་པོ་ཡོད་པ་སྟེ། ཆུ་རླངས་པར་འགྱུར་སྐབས་ཚ་བ་འབོར་ཆེན་སྡུད་ལེན་བྱེད་བཞིན་ཡོད་པས། མཁའ་རླུང་གི་བརླན་ཆ་ཡར་འཕར་བ་དང་བསྟུན་ནས་ཉེ་འགྲམ་ཁོར་ཡུག་གི་དྲོད་ཚད་ཀྱང་གང་མཚམས་ཀྱིས་ཇེ་དམའ་རུ་གཏོང་ཐུབ།

གྲོང་ཁྱེར་དུ། མིའི་རིགས་ཀྱི་ཐོན་སྐྱེད་བྱེད་སྒོ་བྲེལ་བ་ཆེ་བ་དང་འཛུགས་སྐྲུན་དང་ལམ་ངོས་ཀྱིས་སྔར་ཡོད་ཁོར་ཡུག་གི་ངོ་བོར་འགྱུར་ལྡོག་གཏོང་བཞིན་པའི་རྐྱེན་གྱིས། དྲོད་ཚད་རྟག་པར་གྲོང་ཁྱེར་གྱི་མཐའ་ཁུལ་ལས་མཐོ་བར་གྱུར་ཏེ“ཚ་རླངས་ནུས་འབྲས”ཟེར་བ་བྱུང་། དེས་གྲོང་ཁྱེར་གྱི་མི་རྣམས་ལ་མི་བདེ་བའི་ཚོར་བ་དྲག་པོ་སྦྱིན་བཞིན་ཡོད་པས། བརླན་ས་དང་གྲོང་ཁྱེར་བརླན་སའི་གལ་ཆེན་རང་བཞིན་མངོན་གསལ་དོད་པོར་ཆགས་ཡོད། བརླན་ས་འདི་དག་ཡོད་ན་ཉེ་འགྲམ་ཁོར་ཡུག་གི་དྲོད་ཚད་ཀྱང་མངོན་གསལ་གྱིས་ཇེ་དམའ་རུ་བཏང་སྟེ། ཚ་གླིང་ནང་ཁུལ་དུ་བསིལ་བའི་ཚལ་ཞིག་ཐོན་བཞིན་ཡོད། དཔེ་བཞག་ན། དབྱར་ཁར་པེ་ཅིན་གྱི་ཁུན་མིང་མཚེའུ་འགྲམ་གྱི་དྲོད་ཚད་དེ་གྲོང་ཁྱེར་དབུས་རྒྱུད་ཀྱི་དྲོད་ཚད་ལས5~6℃གིས་དམའ་ཞིང་། ཐ་ན་ཐའོ་རན་ཐེན་མཚེའུ་ལྟ་བུའི་བརླན་ས་ཆུང་ངུ་ཞིག་གིས་ཀྱང་དྲོད་ཚད2~3℃ཇེ་དམའ་རུ་གཏོང་ཐུབ་ཀྱིན་ཡོད་པས། ཡུལ་དེ་དག་མི་རྣམས་ཀྱིས་ཚ་བར་གཡོལ་སའི་གནས་མཆོག་ཏུ་གྱུར་པའི་རྒྱུ་མཚན་ཡང་དེར་ཐུག་ཡོད།

དབྱང་གཉིས་ཐཱན་རྫས“ཁྱུར་མིད”གཏོང་བ།

སྤྱིར་ནགས་ཚལ་དང་རྒྱ་མཚོ་ནི་དབྱང་གཉིས་ཐཱན་རྫས་རྔུབ་མཁན་གཙོ་བོ་དེ་ཡིན་ཡང་། བརླན་སའི་བྱེད་ནུས་ལའང་སྣང་ཆུང་བྱེད་མི་རུང་།

བརླན་སས་དབྱང་གཉིས་ཐཱན་རྫས་བརྔུབས་ནས་ཉར་ཐུབ་དོན་ཅི་རེད་ཅེ་ན། དེ་ནི་བརླན་སས་རྩི་ཤིང་འབོར་ཆེན་ལ་ཁོ་ལག་རྒྱས་སའི་ཁོར་ཡུག་མཁོ་འདོན་བྱེད་ཅིང་། རྩི་ཤིང་སྐྱེ་བར་དབྱང་གཉིས་ཐཱན་རྫས་སྡུད་ལེན་བྱས་ནས་རྩི་ཤིང་ཁོག་གི་ཐཱན་དུ་བསྒྱུར་གྱིན་ཡོད་པ་དང་། རྩི་ཤིང་དེ་དག་བསྐམས་རྗེས། བརླན་སར་རྩི་ཤིང་གི་ཕུང་གྲུབ་འཐོར་བ་ཅུང་དལ་བའི་དབང་གིས་དབྱང་གཉིས་ཐཱན་རྫས་ཕྱིར་གཏོང་བའང་ཅུང་འགོར་གྱི་ཡོད་སྟབས། བརླན་ས་ནི་ཐཱན་གྱི་བང་མཛོད་དུ་གྱུར་ཡོད་པ་རེད།

ཚོད་དཔག་བྱས་པ་ལྟར་ན། པེ་ཅིན་གྲོང་ཁྱེར་ནང་ཁུལ་གྱི་བརླན་སས་ལོ་གཅིག་ལ་ཐཱན་ཏུན15000སྙོམས་སྒྲིག་བྱེད་ཐུབ་པ་དང་། སྙོམས་སྒྲིག་བྱས་པའི་ཐཱན་དང་ཕྱིར་བཏང་བའི་དབྱང་དེ་དག་གིས། ཉེ་འཁོར་གྱི་མཁའ་རླུང་གི་སྤུས་ཚད་འོས་འཚམ་གྱིས་ཇེ་ལེགས་སུ་གཏོང་བར་མ་ཟད། སྐྱེ་ཁམས་ཀྱི་རིན་ཐང་ཡང་མངོན་གསལ་གྱིས་ཇེ་མཐོར་གཏོང་བཞིན་ཡོད། དེ་ནི་བརླན་སའི་རྩི་ཤིང་གིས་དབྱང་གཉིས་ཐཱན་རྫས་བརྔུབས་ནས་རང་བྱུང་ཁམས་ཆེན་པོའི་དབྱང་གཉིས་ཐཱན་རྫས་ཀྱི་ཤོང་ཚད་ཇེ་ཆེར་བཏང་ཞིང་། ཐོན་སྐྱེད་ཀྱི་གོ་རིམ་ཁྲོད་དུ་རླུང་ཁམས་ཆེན་པོར་དབྱང་གཉིས་ཐཱན་རྫས་གཏོང་ཚད་ཇེ་ཆེར་གཏོང་བར་གོ་ཆོག རྒྱལ་སྤྱིའི་ཐཱན་ཕྱིར་གཏོང་ཐོབ་ཆ་གཞིར་བཞག་སྟེ་ཕབ་རྩིས་བྱས་ན། གཏན་ཆགས་སུ་ཡོད་པའི་ཐཱན་འདི་དག་གིས་ཧ་ལམ་སྒོར་དུང་ཕྱུར3.25ཡི་དཔལ་འབྱོར་རིན་ཐང་སྐྲུན་བཞིན་ཡོད་ཅིང་། དེའི་ཐད་ནས་བརླན་ས་ལས་བྱུང་བའི་སྐྱེ་ཁམས་ཀྱི་རིན་ཐང་ཆེན་པོ་མཐོང་ཐུབ། །

《ཤེས་བྱ་ནི་སྟོབས་ཤུགས་ཡིན》ཞེས་པ་ལས་བཏུས།