ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

(2022ལོའི་ཟླ8པའི་ཚེས5ཉིན་གྱི་པར་ངོས21པར་མཐུད་པ) དེར་རྗེ་མི་ཏྲ་ཛོ་ཀི་དང་ཁ་ཆེ་པཎ་ཆེན། པཎ་ཆེན་བུ་དྷ་ཤྲཱི་སོགས་རྒྱ་གར་གྱི་པཎ་གྲུབ་མང་པོ་བྱོན་མྱོང་བར་བཤད། གོང་དུ་བརྗོད་ཟིན་པ་ལྟར་པ་སྣམ་ནས་ནུབ་ཕྱོགས་སུ་སྤྱི་ལེ50ལྷག་སོང་ན་གཞིས་ཀ་རྩེའི་རྫོང་ཁོངས་སུ་སླེབས་སར། ཞ་ལུ་དགོན་བྱ་བ་ལུང་པ་ཁ་བྱང་དུ་བསྟན་པ་ཞིག་གི་ལུང་མཐིལ་དུ་ཆགས་འདུག དེ་ནི་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་བཏབ་ཅིང་གཙུག་ལག་ཁང་ནི་རྩི་སྔོན་པོ་ཅན་ལ་ཐོག་ལྗང་འོད་ཐིབ་པའི་གཡུ་ཕུབ་ཅན་རྒྱ་ལུགས་སུ་བཞེངས་པར་གྲགས་ཤིང་། སྐུ་རྟེན་གཙོ་བོ་ལ་ལྕེ་བཙུན་གྱིས་རྒྱ་གར་ནས་དྲངས་པའི་ཁ་སརྤ་ཎི་དང་བུ་སྟོན་གྱི་ཐུབ་དབང་གསེར་སྐུ། བྱམས་པ་དང་གསང་འདུས་གསེར་སྐུ་སོགས་ཡིན་པ་དང་། ལྡེབས་རིས་ལ་བལ་བྲིས་སངས་རྒྱས་སྟོང་དང་ཀརྨ་རང་བྱུང་རྡོ་རྗེས་བཀོད་པ་ལྟར་གྱི་ནང་བསྟན་སྐྱེས་རབས་བརྒྱ་པ་སོགས་གྲགས་ཆེ་བར་བཤད། གསུང་རྟེན་ལ་བཀའ་འགྱུར་དུ་སྣར་ཐང་བཀའ་བསྟན་བྲིས་མ་དང་སྣར་ཐང་པར་མའི་པར་ཕུད། ཞ་ལུ་སྐུ་ཞང་གྲགས་པ་རྒྱལ་མཚན་གྱིས་བཞེངས་པའི་བཀའ་བསྟན་གསེར་བྲིས་མ་སོགས་བཞུགས་ཡོད་དོ།། ཐུགས་རྟེན་ལ་བྱང་ཆུབ་མཆོད་རྟེན་གཙོས་ཤིན་ཏུ་མང་པོ་བཞུགས་པས་གཞན་ལས་ཤེས་པར་བྱའོ།། ཞ་ལུའི་འཁྲིས་སུ་ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་བཏབ་པའི་རྒྱན་གོང་དང་དེ་དང་ཐག་མི་རིང་བའི་རི་ཕུག་ཅིག་ཏུ་བུ་སྟོན་རིན་པོ་ཆེའི་གདན་ས་ཞ་ལུ་རི་ཕུག་བྱ་བ་ཡོད་ལ། ཞ་ལུ་ཆགས་སའི་ལུང་པ་དེའི་ཕུ་ལ་ཀོ་བྲག་པ་བསོད་ནམས་རྒྱལ་མཚན་གྱི་བཞུགས་ཡུལ་སོགས་ཡོད་པར་བཤད། ཞ་ལུ་ནས་ནུབ་ཏུ་ཕྱིན་ན་ཕག་གྲུ་དང་གཙང་པའི་དཔོན་པོ་རིམ་བྱོན་གྱི་སྲིད་ཀྱི་ཡོ་ལང་རྒྱས་སའི་གནས་གཞིས་ཀ་བསམ་འགྲུབ་རྩེ་བྱ་བ་ཡོད་ཅིང་། དེ་ནི་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་རྫོང་ཆེན་བཅུ་གསུམ་བརྩིགས་པའི་རྟིང་མ་ཡིན་ལ། དེའི་འཁྲིས་སུ་སྤྱི་ལོ1447ལོར་རྒྱལ་བ་དགེ་འདུན་གྲུབ་ཀྱིས་བཏབ་པའི་བཀྲ་ཤིས་ལྷུན་པོ་བྱ་བ་དེ་ཉིད་ཡོད་དོ།། གཞིས་ཀ་བསམ་འགྲུབ་རྩེའི་ཤར་ཕྱོགས་ན་མྱང་སྨད་ཀྱི་མདའ་ཡུ་བ་གདོང་བྱ་བ་ཡོད་ཅིང་། དེར་ལོ་ཆེན་བཻ་རོ་ཙ་ན་དང་བུ་སྟོན་རིན་པོ་ཆེའི་བླ་མ་རྒུ་རུ་པ། བསམ་སྡིངས་དགོན་འདེབས་པ་པོ་མྱང་སྨད་གཅུང་པ་སོགས་འཁྲུངས་པར་བཤད་ཅིང་། གནས་འདི་ནས་མྱང་གི་གཙང་ཆབ་སྔོན་མོ་ཉིད་ཡར་ཀླུང་གཙང་པོ་དང་འདྲེས་པས་ན་མྱང་ཡུལ་གསེར་གཞུང་རིང་མོའི་ཡུལ་གྲུ་ཡང་འདི་ལ་ཐུག་པ་ནས་རྫོགས་སོ། །