ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

སྐྱེ་ཁམས་ཡུལ་སྐོར་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བ།

དབྱར་ཁར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཞང་བདེ་སྐྱིད་སྡེ་བ་ནི་གཡུ་ལོ་ཐགས་སུ་བཀྲ་བའི་སྡོང་བོས་བརྒྱན་ཡོད། ཁོད་ཡངས་ཤིང་ངོས་སྙོམས་པའི་གྲོང་གསེབ་བགྲོད་ལམ་གྱི་འགྲམ་གཉིས་སུ། ཁྱད་ཆོས་མངོན་པར་གསལ་བའི་བོད་མིའི་གཞིས་ཁྱིམ་མང་པོ་གྲལ་ཕྲེང་བསྒྲིགས་ཤིང་སྡེ་མི་རྣམས་ཀྱིས་བཏབ་པའི་ལོག་གར་མེ་ཏོག་གིས་བདེ་སྐྱིད་སྡེ་བ་སྔར་བས་གསོན་ཉམས་ལྡན་པ་ཞིག་ཏུ་བཏང་ཡོད།

གཟའ་མཇུག་གི་ཞོགས་པར། སྡེ་མི་ལྷ་སྲུང་སྐྱིད་རང་ཁྱིམ་ན་ལས་ལ་བྲེལ་བཞིན་ཡོད་དེ། གཙང་སྦྲ་བྱེད་པ་དང་སྣོད་ཅ་ལག་བཀྲུས་ནས་ཟ་མ་ཟ་རུ་ཁ་ཆད་བཞག་ཡོད་པའི་ཡུལ་སྐོར་པ་རྣམས་ལ་ཞིང་ཁྱིམ་གྱི་ཟས་མཆོག་ངོ་མ་འདྲེན་པར་གྲ་སྒྲིག་བྱེད་ཀྱིན་འདུག

“གྲོང་གསེབ་ཡུལ་སྐོར་ཇེ་བཟང་ནས་ཇེ་བཟང་དུ་སོང་བས་ང་ཚོས་རང་ཚང་གི་སྒོ་ཁ་རུ‘ཡུལ་སྐོར་ཟ་མ’ཟ་ཐུབ་པར་གྱུར། ཉེ་བའི་ལོ་འགའི་སྔོན་ལ་འདི་ལྟ་བུ་ཞིག་ཡིད་ལའང་དྲན་མ་མྱོང་།”བྱེ་ཐང་ནས་ཉི་མར་ལྡེ་བ་དང་སྒོ་ཁ་ནས་ཤ་སྲེག་པ། བྱིས་པའི་རྩེད་རར་འདུ་བ་སོགས་བདེ་སྐྱིད་སྡེ་བ་ནི་གཞིས་དམངས་ཡུལ་སྐོར་པ་རྣམས་ཀྱིས་གུང་གསེང་ཉིན་མོ་ཉེ་འགྲམ་དུ་རོལ་བའི་གྲོང་གསེབ་ཀྱི་སྐྱེ་ཁམས་ཡུལ་སྐོར་གནས་མཆོག་ཅིག་ཏུ་གྱུར་ཡོད་ལ། ལྷ་སྲུང་སྐྱིད་ཀྱི“ཕྱུག་བསྒྱུར་གྱི་སྒེའུ་ཁུང”དུའང་གྱུར་ཡོད།

སྔོན་ཆད་གཅན་ཚ་རྫོང་ནི་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་དབུལ་ནག་རྫོང་ཞིག་ཡིན། དེའི་ཁོངས་སུ་དབུལ་ནག་ཞང་དང་གྲོང་རྡལ6ཡོད། དབུལ་ཐར་འགག་སྒྲོལ་བྱས་པའི་ཚུན་དུ། ནང་ཁོག་ཞང་དང་གཅན་ཚ་ཐང་ཞང་། སྟོང་སོ་ཞང་སོགས་ཞང་དང་གྲོང་རྡལ7གྱི་སྡེ་བ30དང་ཁྱིམ་ཚང251། མི946རང་བྱུང་ཆ་རྐྱེན་ཞན་ཞིང་འགྲིམ་འགྲུལ་སྟབས་མི་བདེ་བའི་རི་མ་ས་ཁུལ་དང་ཁ་བྲལ་ཞིང་། རྨ་ཆུའི་འགྲམ་ངོགས་སུ་ཆགས་ཡོད་པའི་གནས་སྤོར་ཡུལ་མིའི་བཀོད་སྒྲིག་ས་གནས་ཏེ་བདེ་སྐྱིད་སྡེ་བར་གནས་སྤར་ཏེ། ཁང་པ་གསར་པ་དང་གཞིས་ཁྱིམ་གསར་པའི་ནང་དུ་འཚོ་བ་གསར་པ་རོལ་མགོ་བརྩམས།

རི་སྔོ་ཆུ་དྭངས་ཀྱི་སྐྱེ་ཁམས་ལེགས་ཆར་བརྟེན་ནས། བདེ་སྐྱིད་སྡེ་བས་ལྗང་མདོག་ཐོན་ལས་གཉེར་བས་སྡེ་མི་རྣམས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེས་ཆེར་འཕར།

“སྔོན་ཆད་རི་སྒང་གི་ས་ཁང་ནང་དུ་འདུག་དགོས་པ་དང་ཁྱིམ་མི་གང་བོས་གྲོ་དང་ཞོག་ཁོག་བཏབ་ནས་འཚོ་བ་རོལ་ཐབས་བྱས་པ་ཡིན་ལ། ཆུ་ལེན་དུའང་དུས་ཚོད་གསུམ་ལྷག་གི་རི་ལམ་དུ་འགྲོ་དགོས་པ་དང་། གློག་བཀོལ་བ་དང་སློབ་གྲྭར་འགྲོ་བ། ནད་ལ་ལྟ་བ་ཚང་མ་སྟབས་བདེ་མིན། ད་ལྟ་འདི་རུ་གནས་སྤར་རྗེས། སྡེ་བའི་ནང་གི་སྐྱེ་ཁམས་ཁོར་ཡུག་མཛེས་པས་རང་ཉིད་ཀྱིས་ཀྱང་ཞིང་པའི་སྤྲོ་ཁྱིམ་ཕྱེ་ཡོད། གུང་གསེང་ཉིན་མོ་རུ་ཡུལ་སྐོར་པ་རྒྱུན་ཆད་མེད་པར་ཐོན་པས། ཆེས་བཟང་དུས་ཉིན་གཅིག་ལ་སྒོར4000འཚོལ་ཐུབ”ཅེས་ཡུལ་སྐོར་ལས་རིགས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་སོང་སྟེ་འཚོ་བར་འགྱུར་ལྡོག་བྱུང་བའི་སྐོར་གླེང་དུས་ལྷ་སྲུང་སྐྱིད་ཀྱིས་མང་པོ་ཞིག་བཤད་སོང་།

བདེ་སྐྱིད་སྡེ་བའི་རྗེས་མཐུད་ཐོན་ལས་གསོ་སྐྱོང་དང་རྒྱ་བསྐྱེད་པ་དང་། མང་ཚོགས་གནས་སྤོར་ཐུབ་པ་དང་སྡོད་ཚུགས་པ། ལས་རྒྱུ་ཡོད་པ། ཕྱུག་པོར་འགྱུར་བ་བཅས་ཀྱི་ཆེད་དུ། གཅན་ཚ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་མགོ་ཚུགས་ས་མཐོན་པོ་ནས་འཆར་གཞི་བཀོད་པ་དང་། རྨ་ཆུའི་མཛེས་ལྗོངས་ཁུལ་དང་འགྲིམ་འགྲུལ་སྟབས་བདེ་སོགས་ཀྱི་ལེགས་ཆར་བརྟེན་ནས། གྲོང་གསེབ་ཡུལ་སྐོར་གྱི་ཐོན་ལས་ལས་གཞི་བསྐྲུན། དབུལ་སྐྱོར་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བ་དམིགས་འབེན་བྱས་ཏེ། སྡེ་བའི་ནང་གི་ཡུལ་སྐོར་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་། སྔ་གཞུག་ཏུ་སྤྲོ་གསེང་ཐང་ཆེན་དང་གྲུ་ཁ། སྒེར་བསྐོར་ཡུལ་སྐོར་གྱི་སྒར་ས། བྱེ་ཐང་། བག་ལྭ་པར་ལེན་རྟེན་གཞི། མེ་ཏོག་ཐང་། ཞིང་ལས་ཉམས་ལེན་རྟེན་གཞི། ཞོར་ཟས་ཐང་ཆེན་སོགས་ཀྱི་ཡུལ་སྐོར་ཐོན་ལས་ལས་གཞི་ལེགས་འགྲུབ་བྱུང་བས། གནས་བརྗེ་ཡུལ་སྤོར་དང་གྲོང་གསེབ་དར་སྤེལ། རིག་གནས་ཡུལ་སྐོར་མཉམ་འདྲེས། སྤྱི་ཚོགས་དོ་དམ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ཀྱི་དཔེ་སྟོན་ཁུལ་དུ་བསྐྲུན་ནས་སྡེ་མི་རྣམས་ལས་ཀར་ཞུགས་པའི་ལས་རྐང་འདོན་སྤྲོད་བྱས་དང་བྱེད་མུས་སུ་ཡོད།

“ཉེ་ཆར། ངས་ལྟག་རྒྱབ་ཀྱི་ར་སྐོར་དང་མཁོ་མེད་དུ་བསྐྱུར་བའི་ཁང་པ་ཚང་མར་གཙང་སྦྲ་བྱས་ཏེ། ཡུལ་སྐོར་པའི་འགྲུལ་ཁང་དང་ཟ་མ་སྲེག་ས་བྱས་ཡོད།”གྲོང་གསེབ་ཡུལ་སྐོར་གྱིས་མི་ཚོགས་བསྡུས་པས་སྡེ་བར་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་ནས་ཇེ་མང་རེད། ཡུལ་སྐོར་པའི་སྤུས་ལེགས་ཡུལ་སྐོར་དང་ཕ་བུའི་ཡུལ་སྐོར། ཉེ་འཁོར་ཡུལ་སྐོར་བཅས་ཀྱི་དགོས་མཁོ་གསར་པ་བསྐང་ཆེད། ལྷ་སྲུང་སྐྱིད་ཀྱིས་ཞིང་པའི་སྤྲོ་ཁྱིམ་གྱི་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུ་ཆུ་ཚད་སྔར་བས་མཐོར་འདེགས་བཏང་།

“རྗེས་ཕྱོགས་ད་རུང་ནམ་མཁའི་སྐར་མར་བལྟ་སའི་ཁང་པ་དང་སྒར་རྒྱག་ས་སོགས་ལས་རྒྱུ་ཡིན་པས། སྐབས་དེར་ང་ཚོ་སྡེ་བར་ཡོང་མཁན་གྱི་ཡུལ་སྐོར་པ་མང་པོ་ཡོད་སྲིད།”མ་འོངས་པའི་འཆར་གཞི་གླེང་སྐབས་ལྷ་སྲུང་སྐྱིད་ཀྱི་མིག་མདངས་ལ་རེ་བས་ཁེངས་འདུག

གྲོང་གསེབ་ཇེ་མཛེས་སུ་སོང་སྟེ་ཁྱིམ་ཚང་ཕྱུག་པོར་གྱུར་ཡོད་ནའང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྐྱེ་ལྡན་སྦྲེལ་མཐུད་ལ་སྔར་བས་གཟབ་ནན་བྱེད་དགོས། བདེ་སྐྱིད་སྡེ་བས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་དམིགས་ཡུལ་གྱིས་སྣེ་དྲངས་ནས་གོ་རིམ་ལྡན་པའི་ངང་འཆར་གཞི་བཀོད་པ་དང་། གྲོང་གསེབ་ཡུལ་སྐོར་དང་སྐྱེ་ཁམས་ཡུལ་སྐོར་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་མཐོང་ཆེན་བྱས་པ། སྡེ་མི་རྣམས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སློབ་གསོ་དང་ཁྲིད་སྟོན་གྱི་ཤུགས་ཚད་དངོས་གནས་ཇེ་ཆེར་བཏང་སྟེ། སྡེ་མི་རྣམས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་རྒྱུན་ཆད་མེད་པར་བསླངས།

སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་མཛེས་སྡུག་གྲོང་གསེབ་བསྐྲུན་པ་བརྒྱུད་ནས། ཡུལ་སྐོར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་བདེ་སྐྱིད་སྡེ་བར་སྔ་གཞུག་ཏུ“རྒྱལ་ཡོངས་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བ”དང“ཀྲུང་གོའི་མཛེས་སྡུག་སྤྲོ་གསེང་སྡེ་བ”“རྒྱལ་ཡོངས་སྐྱེ་ཁམས་རིག་གནས་གྲོང་གསེབ”“ཀྲུང་གོའི་གྲངས་ཉུང་མི་རིགས་ཁྱད་ལྡན་སྡེ་བ”“རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་གསེབ”སོགས་ཀྱི་མཚན་སྙན་མང་པོ་ཐོབ།

“ད་ལྟ། སྡེ་མི་རྣམས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་སོང་ཡོད་པས། ཁྱིམ་ཚང་ཚང་མས་སྡོང་བོ་བཙུགས་ཡོད།”ཅེས་སྔོ་ལྗང་ལྗོན་ཤིང་གིས་གཡོགས་པའི་ཞིང་པའི་སྤྲོ་ཁྱིམ་ལ་ལྟ་ཞོར་དུ་ལྷ་སྲུང་སྐྱིད་ཀྱི་གདོང་ལ་འཛུམ་གྱིས་ཁེངས།

ད་ལྟ། བདེ་སྐྱིད་སྡེ་བ་རུ་ཤིང་ལམ་དང་ཆུ་འཁོར། ཀོ་གྲུ། ཤིང་གྲུ། ལྟད་མོའི་རླངས་འཁོར་སོགས་ཆ་ཚང་དུ་ཡོད། རྨ་ཆུའི་འགྲམ་ངོགས་སུ་དལ་བུར་བསྐྱོད་པ་ན་ཚ་གདུག་སེལ་བའི་དྲི་བསིལ་རླུང་བུ་ལྡང་བའི་མཛེས་སྡུག་གི་ཡུལ་ལྗོངས་དེ་དག་ནི་ནམ་ཡང་སེམས་ནས་བརྗེད་ཐབས་བྲལ་བ་ཞིག་རེད། །