ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

འབྲི་སྟོད་རྫོང་སྙི་ཆེན་སྡེ་བས་སྐྱེ་ཁམས་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་པ།

ཟླ7པའི་ཚེས18ཉིན་གྱི་དུས་ཚོད9ཡི་སྟེང་། འབྲི་སྟོད་རྫོང་སྙི་ཆེན་སྡེ་བའི་སྐྱེ་ཁམས་བདག་སྐྱོང་རུ་ཆུང་གིས་ཅ་ལག་བསྡུ་གསོག་བརྒྱབ་སྟེ་ལམ་ལ་ཆས། རིན་ཆེན་ནི་བདག་སྐྱོང་རུ་ཁག་ནང་གི་རུ་མི་དཀྱུས་མ་ཞིག་ཡིན་ལ། དེ་རིང་ཁོ་ཚོ་འབྲི་ཆུའི་འགྲམ་རྒྱུད་ལ་སྐོར་སྲུང་བྱ་བ་སྒྲུབ་ཏུ་འགྲོ་དགོས།

“ད་ལྟ་ཆུ་ལམ་གྱི་གད་སྙིགས་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་ཡོད་དེ། ང་ཚོ་རང་སའི་མི་ཡིན་ནའང་འདྲ་ཕྱི་ནས་ཡོང་བའི་ཡུལ་སྐོར་པ་ཡིན་ནའང་འདྲ། ཚང་མའི་ཁོར་སྲུང་འདུ་ཤེས་ཇེ་དྲག་ནས་ཇེ་དྲག་ཏུ་གྱུར་པས། གད་སྙིགས་གང་འདོད་དུ་གཡུག་པའི་སྣང་ཚུལ་མཐོང་རྒྱུ་ཤིན་ཏུ་ཉུང་།”རིན་ཆེན་གྱིས་རྒྱང་ཤེལ་ནང་བལྟ་ཞོར་ཁ་བརྡ་བྱེད་རྒྱུར། “སྔོན་ཆད་སྐོར་སྲུང་བྱེད་སྐབས། གད་སྙིགས་རྩྭ་སྒྱེ་གཅིག་གི་ནང་ལ་མི་ཤོང་བའི་སྐབས་ཀྱང་འདུག ང་ཚོས་ཞགས་པས་གད་སྙིགས་རྒྱུད་མ་གཅིག་ཏུ་སྦྲེལ་ཏེ་ཕྱིར་ཁྱེར་ནས་ཡོང་བ་ཡོད། ད་ལྟ་གད་སྙིགས་ཇེ་ཉུང་དུ་སོང་ཡོད། ‘གད་སྙིགས་ཕྲེང་ཐག་ལ་སྦྲེལ་དགོས་པའི’གནས་ཚུལ་ཡང་ཤིན་ཏུ་ཇེ་ཉུང་ལ་སོང་།”

སྐྱེ་ཁམས་བདག་སྐྱོང་པ་ལས་གཞན། ལི་ཞིན་ཞང་གིས་སྤུས་ལེགས་ཡུལ་སྐོར་ཐོན་ཁུངས་བེད་སྤྱོད་གང་ལེགས་སྒོས། མང་ཚོགས་ཀྱི་ཡོང་སྒོ་རྒྱ་སྐྱེད་ཀྱིན་ཡོད། ཚེ་བཀྲ་ནི་སྙི་ཆེན་སྡེ་བའི་སྡེ་མི་ཞིག་ཡིན། དེང་སྐབས་ཁྱིམ་དུ་ཞིང་པའི་སྤྲོ་སྐྱིད་ཁང་ཞིག་གཉེར་བཞིན་ཡོད། ཡུལ་སྐོར་པ་སླེབས་དུས་ཁོའི་ལས་ཀར་བྲེལ་བ་ཤིན་ཏུ་ཆེ།

“ང་ཚོ་དུས་རབས་བཟང་པོའི་རྗེས་ཆོད་བྱུང་། ཕ་ཡུལ་གྱི་ཆེས་རང་བྱུང་དང་ཆེས་མཛེས་པའི་ཁོར་ཡུག་སྲུང་བཞིན། སྲིད་གཞུང་གི་ཁྲིད་སྟོན་དང་རྒྱབ་སྐྱོར་འོག མི་སྔར་ལས་མང་པོ་ཞིག་འབྲི་ཆུ་སྲུང་སྐྱོབ་རུ་ཁག་ཁྲོད་ཞུགས་པར་འབོད་སྐུལ་གཏོང་ཐུབ་ལ། ‘སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན’པའི་ཕུགས་བསམ་མངོན་འགྱུར་ཡང་བྱེད་ཐུབ། སྔོན་ཆད་ཡིད་ལའང་དྲན་མི་ཕོད་པའི་འཚོ་བ་བཟང་པོ་རོལ་བྱུང་།”འདི་དག་གླེང་སྐབས། ཚེ་བཀྲའི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས།

རྐང་འོག་གི་ས་གཞི་འདི་སྲུང་སྐྱོབ་བྱ་ཆེད་དང་། སྐྱེ་ཁམས་ཐོན་ཁུངས་དེ“ལྕགས་ཕོར”དུ་འགྱུར་ཆེད། ལི་ཞིན་ཞང་གིས་འབད་བརྩོན་ཆེན་པོ་བྱས།

“ཆུ་དཔོན་ལམ་ལུགས”ལ་སྐུལ་འདེད་གཏོང་རྒྱུ་འཛིན་ལུང་བྱས་ཏེ། ཆུ་མཚམས་སྲུང་སྐྱོབ་ཀྱི་འགན་ཁུར་ས་ཁུལ་དབྱེ་སྟེ། ཟླ་རེར་ཆུ་མཚམས་ལ་སྐོར་སྲུང་བྱེད་བཞིན་ཡོད། འཚོ་བའི་གད་སྙིགས་ཉར་བ་དང་། ཆུ་ལམ་ནས་བྱེ་མ་འདྲུ་བ་གཏན་འགོག་བྱས་ཏེ། ཞང་ཡོངས་ཀྱི་ཆུ་ཁོངས7དང་། ཆུ་ལག34དང་མཚོ་མོ12ལ་སྦགས་བཙོག་མི་ཐེབས་པར་བྱས་ཡོད།

སྐྱེ་ཁམས་སྲུང་སྐྱོབ་བྱ་དགའ་དང་ཆད་གཅོད་སྲིད་ཇུས་དེ་སྡེ་སྲོལ་དམངས་ཆིངས་ཁྲོད་བཞག་ནས། ལོ་རེར“དྭངས་གཙང་ཁྱིམ་ཚང”6རེ་བདམས་ཏེ་གཟེངས་བསྟོད་བྱས་པ་དང་། བྱ་དགའ་དང་ཆད་གཅོད་བྱེད་ཐབས་དོན་འཁྱོལ་བྱས་པ་བརྒྱུད། མང་ཚོགས་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཞུགས་པའི་ཧུར་སེམས་ལ་སྐུལ་སློང་བྱས།

དུས་བཅད་ལྟར་ཁོར་ཡུག་བཅོས་སྐྱོང་བྱ་འགུལ་སྤེལ་ཏེ། དབྱར་རྩྭ་དགུན་འབུ་མ་བཏུས་པའི་སྔ་གཞུག་དང་དུས་མཚམས་སོ་སོར། གྲོང་གསེབ་གཞུང་ལམ་དང་། གཅིག་བསྡུས་སྡོད་ཁུལ་སོགས་གཙོ་གནད་ས་ཁོངས་ཀྱི་ཁོར་ཡུག་བཅོས་སྐྱོང་བྱས།

དེ་ལས་གཞན། ལི་ཞིན་ཞང་གིས་སྒྲོག་བཤད་རུ་ཁག་རྩ་འཛུགས་བྱས་ཏེ། ཞང་ཡོངས་ཀྱི་མངའ་ཁོངས་སུ་སྐྱེ་ཁམས་སྲུང་སྐྱོབ་སྲིད་ཇུས་སྒྲོག་བཤད་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་སྲིད་ཇུས་ཁྱིམ་ཚང་ཀུན་ལ་ཤེས་སུ་འཇུག་པར་ཁག་ཐེག་བྱས་ནས། འབྲོག་པ་མང་ཚོགས་ལ་དམངས་ཡོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཁྱོན་ཡོངས་ལྟ་བ་དང་འཕེལ་རྒྱས་འདུ་ཤེས་ཆགས་སུ་བཅུག

སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ལེགས་སྒྱུར་བྱས་པ་དེས་དཔལ་འབྱོར་ཁེ་སྤོགས་ཀྱང་བསྐྲུན་པས། ད་ལྟ། སྙི་ཆེན་སྡེ་བའི་སྡེ་དམངས་ཀྱིས“སྐྱེ་ཁམས་ཕོར་བ”ལག་ཏུ་དམ་པོར་བཟུང་ཡོད།

ལོ་རེར། ཚང་མས་ཟླ4པར་ཤ་རྭ་བཏུས་ཤིང་། ཟླ6པར་དབྱར་རྩྭ་དགུན་འབུ་བརྐོས། ཟླ8པར་ཤ་མོ་སེར་པོ་བཏུས། ཟླ10པར་གྲོ་མ་བཏུས་ཤིང་། སྡེ་བའི་ནང་གི་མགྲོན་ཁང་སོགས་ཀྱི་ལས་གཞིའི་བྱ་བ་དང་རང་ཁྱིམ་གྱི་ཕྱུགས་ཟོག་ཐོན་སྐྱེད་བཅས་ལ་བརྟེན་ནས། དངོས་གནས་དྲང་གནས་ཀྱིས“སྔོ་ལྗང་གི་རི་ཆུ”ནི“གསེར་རི་དངུལ་རི”ལ་བསྒྱུར་ཡོད།

“ང་ཚོས་རྒྱུན་ཆད་མེད་པར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ཏེ། དུས་ནམ་ཡང་མཛེས་སྡུག་གི་ས་གཞི་འདི་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན།”ཞེས་ལི་ཞིན་ཞང་གི་ཏང་ཨུའི་ཧྲུའུ་ཅི་བསོད་ནམས་ཡར་འཕེལ་གྱིས་དེ་ལྟར་བཤད་བྱུང་། །