ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

གཙང་པོའི་མགོ་ཁུངས་སུ་ཁོར་སྲུང་པ་རྣམ་དག་ཅིག་ཡོད།

“ལེ་དབར་ཁྲི་ཡི་འབྲི་ཆུའི་མགོ་ཁུངས་ཀྱི་རྫོང་དང་པོ”རུ་གྲགས་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་སྤྱི་བདེ་ཅུས་སུ་འདི་ལྟ་བུའི་གཞི་རིམ་གྱི་གཞོགས་འདེགས་ཉེན་རྟོག་རུ་མི་ཞིག་ཡོད་དེ། ཁོ་ནི“དམངས་ཁྲོད་རིག་གནས་ཀྱི་ལྟ་སྲུང་པ”དང“ཁོར་སྲུང་དང་བླངས་པ”“རྫོང་སྤྱི་བདེ་ཅུས་ཀྱི་ཏང་ཀྲི་པུའུ་དང་པོའི་ལག་བསྟར་དཔེ་དམག”སོགས་ཀྱི་མཚན་སྙན་གང་མང་ཐོབ་མྱོང་བའི“འབྲི་སྟོད་རྫོང་ཁོར་སྲུང་དང་བླངས་རུ་ཁག”གི་རུ་གཙོ་འཇམ་དབང་ཕུན་ཚོགས་རེད།

མཚན་སྙན་མང་པོའི་རྒྱབ་ཕྱོགས་སུ། འཇམ་དབང་ཕུན་ཚོགས་ཀྱི་ཞལ་རས་སྨུག་པོ་དང་ཁོའི་ཁྱད་མཚར་གྱི“དགའ་ཕྱོགས”དེ་ཡོད་ལ། ཉི་མ་རེ་རེ་བཞིན་གྱི་རྒྱུན་འཁྱོངས་དེ་ཡང་ཡོད། རང་གི་ལས་ཀ་ལས་ཚར་རྗེས། འཇམ་དབང་ཕུན་ཚོགས་ཀྱི“དགའ་ཕྱོགས”ཆེ་ཤོས་ནི། གད་སྙིགས་འཐུ་རྒྱུ་དེ་རེད། ལོ་ཟླ་གང་མང་ལ་རྒྱུན་འཁྱོངས་བྱས་པས། ཁོ་རང་གད་སྙིགས་འཐུ་མཁན“བྱང་ཆ་ཅན”ཞིག་ཏུའང་གྱུར་ཡོད།

“ཆུ་ལམ་དུ་གད་སྙིགས་ཡོད་ན་ཆུ་ནང་དུ་བརྒལ་ནས་གད་སྙིགས་བཏུས་ཤིང་། རྩྭ་ཐང་གི་ས་འདམ་ནང་དུ་གད་སྙིགས་ཡོད་ན། ལག་པས་བྲུས་རྗེས་ཡང་བསྐྱར་ས་ཤུན་ཕྱིར་ཡག་པོར་བཀབ་པ་དང་། ཤེལ་སྒོ་ཆག་རོ་སྣ་ཚོགས་གཏོར་ཡོད་པ་མཐོང་དུས། ཤེལ་ཆག་ལེབ་མོ་རེ་རེ་བཏུས་པ”སོགས་གད་སྙིགས་བཏུས་པའི་ཉམས་མྱོང་གླེང་སྐབས། འཇམ་དབང་ཕུན་ཚོགས་ལ་སྐད་ཆ་བརྗོད་མི་ཚར་བ་ཞིག་ཡོད།

ཁོར་སྲུང་དང་བླངས་ཚོགས་པ་ཐོག་མར་འཛུགས་སྐབས་ཀྱི་དོན་དག་ཙག་ཙིག་འཇམ་དབང་ཕུན་ཚོགས་ཀྱི་ཡིད་ལ་ད་དུང་གསལ་པོ་ཡོད། “དེ་ནི2016ལོའི་དབྱར་ཁ་ཞིག་ཡིན། ང་དང་ངའི་གྲོགས་པོ་ཚོས་རྩྭ་ཐང་དུ་སོང་ནས་ཤ་སྲེག་བཟའ་བའི་ཁ་ཆད་བཞག རྩྭ་ཐང་དུ་ཐོན་པ་ན་མིག་ལམ་དུ་མངོན་པ་ནི་ག་ས་གང་དུ་རྙོག་རྫོབ་ཀྱིས་ཁེངས་འདུག་པ་དེ་རེད། མཛེས་སྡུག་ལྡན་པའི་རྩྭ་ཐང་གི་གང་སར་གཡུག་པའི་སྐོམ་ཆུའི་སྣོད་དང་། ཐུམ་ཁུག་སོགས་མཐོང་དུས། སེམས་ལ་སྨྲ་མི་ཐུབ་པའི་ཚོར་བ་ཞིག་སྐྱེས་བྱུང་།”ང་ཚོས་མཇུག་མཐར་ཕྱི་དྲོ་ཞིག་གི་དུས་ཚོད་བེད་སྤྱད་དེ། ཤ་སྲེག་བཟའ་བའི་བྱ་འགུལ་དེ་གད་སྙིགས་འཐུ་བའི་བྱ་འགུལ་དུ་བསྒྱུར།

ཉིན་དེའི་དགོང་མོར། འཇམ་དབང་ཕུན་ཚོགས་ནི་ཡུན་རིང་ལ་གཉིད་མ་ཁུག་པར་སེམས་སུ་གད་སྙིགས་ཀྱི་གནས་ཚུལ་འབའ་ཞིག་འཁོར། ཁོས་ཐད་ཀར་ཁ་པར་བླངས་ནས་གྲོགས་པོ་གཉིས་ལ་དེའི་ཕྱོགས་སུ་ཐབས་བཀོད་འཐེན་པའི་གྲོས་བསྡུར་བྱས། བསམ་བློ་མང་པོ་བཏང་རྗེས། མི་གསུམ་པོ་གྲོས་མཐུན་བྱུང་ཞིང་། དེ་ནས་བཟུང་། འབྲི་སྟོད་རྫོང་གི་ཁོར་སྲུང་དང་བླངས་རུ་ཁག་དངོས་སུ་བཙུགས་པ་རེད།

མགོ་རྩོམ་སྐབས་ནམ་ཡང་དཀའ་སྡུག་དང་འགྲོགས་ནས་ཡོད། གད་སྙིགས་ཁུག་མ་དང་། ལག་ཤུབས་སོགས་བལྟས་ཚོད་ཀྱིས་མིག་ལ་མི་ཐོགས་པའི་གད་སྙིགས་ཀྱི“སྒྲིག་ཆས”དེ་དག དང་ཐོག་འཇམ་དབང་ཕུན་ཚོགས་དང་ཁོའི་རུ་མི་ཚོས་སྒོར་མོ་བསྡུས་ཏེ་ཉོས་པ་རེད། གད་སྙིགས་འཐུ་བཞིན་འཐུ་བཞིན་ཇེ་མང་དུ་གྱུར་བ་དང་བསྟུན་ནས། གནད་དོན་གསར་པ་བྱུང་སོང་། མི་ལ་བརྟེན་ནས་དབོར་འདྲེན་བྱེད་རྒྱུར་དཀའ་ཚེགས་ཆེ་བས། གད་སྙིགས་གཙང་སེལ་རླངས་འཁོར་གླ་དགོས་བྱུང་། འོན་ཀྱང་གླ་ཆ་ཤིན་ཏུ་མཐོ་བས། ཐབས་བཀོད་ཟད་པའི་འཇམ་དབང་ཕུན་ཚོགས་ཀྱིས་རང་གི་སྒེར་གྱི་རླངས་འཁོར་དེ་གད་སྙིགས་དབོར་འདྲེན་རླངས་འཁོར་བྱས།

ཉི་མ་རེ་རེར། ཁོར་སྲུང་དང་བླངས་ཚོགས་པ་དེ་འཇམ་དབང་ཕུན་ཚོགས་ཀྱི་སྣེ་ཁྲིད་འོག རུ་མི་ཚོར་བྱ་བ་སྒྲུབ་སེམས་ལྡན་ལ། ཚང་མ་ཡང་ཐོག་མའི་འཁང་ར་ནས་རིམ་གྱིས་ཆ་རྐྱེན་ཅི་ཡང་མི་འདོན་པར་རྒྱབ་སྐྱོར་བྱེད་མཁན་དུ་གྱུར།

“ང་ཚོ་ཚང་མ་གནས་འདིར་སྐྱེས་ཤིང་འཚར་ལོངས་བྱུང་བའི་འབྲི་སྟོད་པ་ཡིན། འབྲི་ཆུས་ང་ཚོ་གསོས་ཤིང་བསྐྱངས་པ་རེད། ང་ཚོར་རྐང་འོག་གི་ས་གཞི་འདི་སྲུང་སྐྱོབ་བྱེད་པའི་འོས་འགན་དང་འགན་འཁྲི་ཡོད།”འདི་ནི་འཇམ་དབང་ཕུན་ཚོགས་ཀྱིས་དུས་རྒྱུན་དུ་བཤད་པའི་སྐད་ཆ་རེད།

འཇམ་དབང་ཕུན་ཚོགས་ཀྱི་སྣེ་ཁྲིད་འོག དང་བླངས་རུ་ཁག་མུ་མཐུད་དུ་རྒྱ་ཇེ་ཆེར་ཕྱིན། དང་ཐོག ཁོ་ཚོའི་རྗེས་སུ་འབྲངས་ནས་གད་སྙིགས་འཐུ་མཁན་ནི་ཉེ་འཁོར་གྱི་འབྲོག་པ་འགའ་ལས་མེད་ལ། རྗེས་སུ་ལས་ཁུངས་དང་། སློབ་གྲྭ། སྨན་ཁང་། ཁེ་ལས་ཀྱི་ལས་བྱེད་པ་དང་ལས་བཟོ་པ་སོགས་མི་མང་པོ་ཞིག་རང་འགུལ་ངང་དེའི་ནང་དུ་ཞུགས་བྱུང་།

གད་སྙིགས་བཏུ་བའི་དཔུང་སྡེ་དེ་ནི་ན་གཞོན་ཁོ་ན་མ་ཡིན་པར། ད་དུང་རྒན་པ་དང་བྱིས་པའང་ཡོད།དེང་སྐབས། འཇམ་དབང་ཕུན་ཚོགས་ཀྱི་ཁ་པར་ནང་གི་དང་བླངས་ཞབས་ཞུ་རུ་ཁག་གི་སྐད་འཕྲིན་ཚོགས་པའི་ནང་། མི་གྲངས་བརྒྱ་ལྷག་ཡོད་ལ། གད་སྙིགས་བཏུ་སའི་ཁྱབ་ཁོངས་ཀྱང་ལི་ཞིན་ཞང་དང་། བྲག་དཀར་ཞང་། སྟོད་རྩེ་ཞང་སོགས་ཀྱི་ས་ཆར་རྒྱ་བསྐྱེད་ཡོད།

འཇམ་དབང་ཕུན་ཚོགས་དང་རུ་མི་རྣམས་ཀྱིས་གུང་གསེང་དུས་ཆེན་སླེབས་ཐེངས་རེར་གད་སྙིགས་བཏུ་བའི་ཞོར་དུ་ཁོར་སྲུང་སྒྲོག་བཤད་བྱས་ཏེ། མི་སྔར་ལས་མང་པོ་ཞིག་དང་བླངས་བྱ་འགུལ་ཁྲོད་ཞུགས་སུ་འཇུག་བཞིན་ཡོད།

སྒྲོག་བཤད་བྱེད་ཐེངས་རེ་རེར། ཁོ་དང་ཁོའི་རུ་མི་ཚོས་བཏུས་མ་ཐག་པའི་གད་སྙིགས་ཁྱེར་ཡོང་སྟེ། གད་སྙིགས་ཀྱི་གནོད་སྐྱོན་དང་ཉེན་ཁ་སྒྲོག་བྱེད་དུ་སྤྱོད་བཞིན་ཡོད། ལྭ་བ་རྙིང་པ་རེ་རེ་དང་། ཐུམ་སྣོད་རུལ་བ་རེ་རེ་ཆེས་གསོན་ཉམས་ལྡན་པའི་དཔེ་མཚོན་དུ་བཀོད་ནས། མང་ཚོགས་རྣམས་ལ་ཐད་ཀར་ཁོར་ཡུག་ལ་གཏོར་བརླག་བཏང་བའི་གནོད་འཚེ་རང་གི་ཉེ་འགྲམ་ན་ཡོད་པས། ཁོར་ཡུག་སྲུང་སྐྱོབ་ལ་དལ་འགོར་བྱ་མི་རུང་བའི་གོ་བ་སྤྲོད་བཞིན་ཡོད།

མ་འོངས་པའི་འཕེལ་རྒྱས་གླེང་སྐབས། འཇམ་དབང་ཕུན་ཚོགས་ཀྱི་རིག་ལམ་ཤིན་ཏུ་གསལ་ཏེ། “གཙང་གསུམ་འབྱུང་ཡུལ་ཁོར་སྲུང་དང་བླངས་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་ངོས་ནས། ངས་མུ་མཐུད་དུ‘ལྗང་དགའ་ལྗང་སྲུང་དང་། སྐྱེ་ཁམས་སྲུང་སྐྱོབ’ཀྱི་འདུ་ཤེས་ལག་ལེན་དུ་བསྟར་ནས། ཁོར་སྲུང་གསོ་སྦྱོང་དང་དྲིལ་སྒྲོག་བྱ་འགུལ་སྣ་ཚོགས་རྩ་འཛུགས་ངང་སྤེལ་ཏེ། ནུས་ཤུགས་ཡོད་རྒུ་ཁོར་སྲུང་བྱ་བར་འདོན་རྒྱུ་དང་། རང་གི་འགུལ་སྐྱོད་ཕྲ་མོར་བརྟེན་ནས་མི་སྔར་ལས་མང་པོར་ཤུགས་རྐྱེན་སྟེར་བ་དང་སྐུལ་སློང་བྱ་རྒྱུ་ཡིན་ལ། ཁོར་སྲུང་འདུ་ཤེས་མི་སེམས་སུ་ཟུག་ཏུ་འཇུག་རྒྱུ་དང་། མི་སྔར་ལས་མང་པོ་ཞིག་ལ་ཁོར་སྲུང་གི་གལ་ཆེན་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་རྟོགས་སུ་བཅུག་ནས། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ་ཀྱི་འགུལ་སྐྱོད་ཁྲོད་ཞུགས་སུ་འཇུག་རྒྱུ་དེ་ཡིན”ཟེར། །