ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཏང་ཡོན་ཁྱིམ་སྦྲེལ་ལམ་ལུགས་ཀྱིས“བདེ་སྐྱིད་འཚོ་བ”བསྐྲུན།

ཟླ་བཞི་པར་གསེར་དངུལ་རྩྭ་ཐང་ལ་རྒྱང་ལྟ་ཞིག་བྱས་ཚེ། སྐྱ་ཐེར་ཐེར་གྱི་རྩྭ་སར་མདངས་ཕྲ་བའི་གཡུ་མདོག་ཅིག་འདྲེས་འདུག་ལ། མུ་འབྲེལ་གྱི་རི་སྒང་དུ་ནོར་ལུག་གིས་སོས་དལ་བག་ཕེབས་ངང་རྩྭ་ཟ་བཞིན་འདུག རྩྭ་ཐང་གི་དཔྱིད་དཔལ་ནི་སྔར་བཞིན་ལྟ་ན་སྡུག་ཅིང་ཡིད་དུ་འོང་བ་ཞིག་རེད།

ཟླ4པའི་ཚེས18ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་མདའ་བཞི་བུ་རྒོད་སྡེ་བའི་སྡེ་མི་ཀླུ་ཁོ་སྟེ། ལོ་ན་དྲུག་ཅུར་འབུད་ལ་ཉེ་བའི་མོས་སྡེ་བའི་ནང་དུ་རང་འདེམས་ཚོང་ཁང་ཆུང་ཆུང་ཞིག་གཉེར་ཡོད་པ་ལ། ཆ་བསགས་བྱང་བུ་བཟུང་བའི་སྡེ་མི་ལ་ཉིན་རྒྱུན་གྱི་འཚོ་བའི་སྤྱོད་རྫས་བརྗེ་ལེན་བྱེད་པར་བྲེལ་བཞིན་འདུག

སྔོན་ཆད་འགྲུལ་པ་འདི་འདྲའི་མང་པོ་ཞིག་མེད། ན་ནིང་གི་ཟླ11པ་ནས་བཟུང་། སྡེ་བའི་ནང་དུ་སྡེ་མིའི“རང་སྤྱོད་གཉིས་སྐྱོང་ཆ་བསགས་དངུལ་ཁང”ཞེས་པ་ལག་བསྟར་བྱས་པ་དང་། ཚང་མའི་ཆ་བསགས་སྐར་མ30ཡན་ལ་བུད་རྗེས། ཀླུ་ཁོ་ཚང་གི་རང་འདེམས་ཚོང་ཁང་ཆུང་ཆུང་ནས་དངོས་ཟོང་བརྗེ་ལེན་བྱེད་ཆོག་པ་རེད།

ཁྲིམས་སྤེལ་དྲིལ་སྒྲོག་དང་སྲོལ་ངན་བསྒྱུར་བ་སོགས་ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་བྱ་འགུལ་ལ་ཧུར་ཐག་གིས་ཞུགས་ན། ཐེངས་རེར་སྐར་མ5རེ་གསོག་ཐུབ་པ་དང་། གད་སྙིགས་རིགས་དབྱེ་མངོན་འགྱུར་དང་། གད་སྙིགས་སྡུད་སྒྲུག་དང་བརྒྱུད་འདྲེན་བྱེད་པར་ཧུར་ཐག་གིས་རམ་འདེགས་བྱས་ན། ཐེངས་རེར་སྐར་མ5རེ་གསོག་ཐུབ་ལ། ལོ་ཧྲིལ་པོར་ཁྱིམ་མཚེས་བར་ལ་མཐུན་སྒྲིལ་བྱས་ནས་འགལ་བ་དང་རྩོད་གཞི་མ་བྱུང་ཚེ། ལོ་དེར་སྐར་མ10རེ་གསོག་ཐུབ། མདའ་བཞི་བུ་རྒོད་སྡེ་བས་སྡེ་སྲོལ་དམངས་ཆིངས་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཚོགས་བདེ་སྐྱོང་དང་གྲོང་གསེབ་འཛུགས་སྐྲུན། སྤྱི་ཕན་སྤྱོད་བཟང་སོགས་ཀྱི་ཕྱོགས་ནས་རིགས་དགར་བ་དང་། “རང་སྤྱོད་གཉིས་སྐྱོང་ཆ་བསགས་དངུལ་ཁང”ལག་བསྟར་བྱས་ཏེ། མཉམ་འཛུགས་དང་མཉམ་སྐྱོང་། མཉམ་རོལ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཆགས་སྟངས་ཤིག་མངོན་འགྱུར་བྱུང་དུ་བཅུག་ཡོད།

“རང་སྤྱོད་གཉིས་སྐྱོང་ཆ་བསགས་དངུལ་ཁང”དེ་ཐོག་མར་ཏང་ཡོན་གྱི་ཁྲོད་དུ་ལག་བསྟར་བྱས་པ་དང་། ད་ལོའི་ལོ་སྟོད་དུ་སྡེ་བ་ཡོངས་སུ་ཁྱབ་གདལ་བྱེད་མགོ་བརྩམས། “ཡར་སྔོན‘རང་སྤྱོད་གཉིས་སྐྱོང་ཆ་བསགས་དངུལ་ཁང’དེ་ཐོག་མར་ཏང་ཡོན་ཁྲོད་དུ་ལག་བསྟར་བྱས་ཏེ། ཏང་ཡོན་རང་ཉིད་ཀྱིས་སྡེ་སྲོལ་དམངས་ཆིངས་ལག་བསྟར་བྱས་པར་བརྟེན། སྡེ་མི་ལ་དཔེ་སྟོན་གྱི་ནུས་པ་ཐོན་སོང”ཞེས་མདའ་བཞི་བུ་རྒོད་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཚེ་ཐར་རྒྱལ་གྱིས་འགྲེལ་བཤད་བྱས།

ཏང་ཡོན་གྱིས་སྣེ་ཁྲིད་པ་དང་། སྡེ་མི་ཚོས་སྡེ་སྲོལ་དམངས་ཆིངས་ལག་བསྟར་བྱས་ནས་ཆ་བསགས་བྱེད་པར་མགྱོགས་པོར་གོམས་ལོབས་སུ་སོང་། “སྔོན་ཆད་སྡེ་སྲོལ་དམངས་ཆིངས་ནི་གྱང་ངོར་བཀལ་བའི‘སྒྲིག་ཆས’ཤིག་ཏུ་གྱུར་པ་ལས་དེས་ནམ་ཡང་ནུས་པ་འདོན་མ་ཐུབ།”ཚང་མས་གྲོང་གསེབ་དར་སྤེལ་གཏོང་བར་འབད་བརྩོན་བྱེད་ཅིང་། དར་སྤེལ་འདི་ཡུན་རིང་བོར་སྤེལ་དགོས་ན། ཡུལ་སྲོལ་བཟང་པོ་ཞིག་ཆགས་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་དུ་གྱུར་ཡོད་པས། ཚེ་ཐར་རྒྱལ་གྱིས་དེ་ཇི་ལྟར་འཛིན་པར་སེམས་ཁྲལ་ཆེན་པོ་བྱས།

མདའ་བཞི་བུ་རྒོད་སྡེ་བའི་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་རུ་མི། དེ་མིན་མཚོ་སྔོན་པོ་ཞང་ཏང་ཨུས“རང་སྤྱོད་གཉིས་སྐྱོང་ཆ་བསགས་དངུལ་ཁང”ཞེས་པ་བཏོན་ནས། སྡེ་བའི་སྡེ་སྲོལ་དམངས་ཆིངས་སྣ་ཚོགས་ཆ་བསགས་བརྗེ་ལེན་གྱི་དོན་ཚན་དུ་བསྒྱུར་བ་ན། ཚེ་ཐར་རྒྱལ་གྱིས་ད་གཟོད་རེ་བ་ཉག་ཙམ་མཐོང་བྱུང་བ་རེད།

ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་འོག སྡེ་མི་ཚོས་ཀྱང་ཚེ་ཐར་རྒྱལ་གྱི་རེ་བ་སྟོང་ཟད་དུ་མ་བཏང་བས། སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཁོར་ཡུག་འཕྲོད་བསྟེན་གྱི་ངོས་ནས་བཤད་ན། སྔོན་ཆད་གཙང་སྦྲ་བ་གཅིག་པུས་གཙང་སྦྲ་བྱེད་པ་ལས། སྡེ་མིའི་ཁྲོད་ན་གཙང་སྦྲ་བྱེད་མཁན་ཧ་ཅང་དཀོན། ཡིན་ཡང་ད་ལྟ་དེ་འདྲ་ཞིག་མིན་པར། ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ཉིན་མོར་སླེབས་ཚེ། ཁྱིམ་སྦྲེལ་ཏང་ཡོན་གྱི་སྣེ་ཁྲིད་འོག རང་འགུལ་གྱིས་གད་སྙིགས་འཐུ་མཁན་དང་སྡེ་བའི་གཞུང་ལམ་གཙང་ཕྱགས་བྱེད་མཁན་ཡང་ཧ་ཅང་མང་།

“སྔོན་ཆད་སྡེ་བའི་ནང་དུ་ཚོགས་འདུ་འཚོགས་སྐབས། ཚོགས་པའི་ནང་དུ་བརྡ་གཏོང་བ་དང་ཁྱིམ་ཚང་གི་སྒོ་ཁར་བརྡ་རྒྱག་ཏུ་སོང་རུང་། མི་ཁ་ཤས་ཤིག་ད་དུང་ཚོགས་འདུར་ཞུགས་འདོད་མེད་པ་རེད། ཡིན་ཡང་ད་ལྟ་ཚོགས་འདུར་ཞུགས་ཚེ་ཆ་བསགས་སྐར་མ་ལེན་ཐུབ་པ་དང་། ཚོགས་པའི་ནང་སྔ་མོ་ནས་ཚོགས་འདུའི་དུས་ཚོད་བརྡ་བཏང་ཚེ། ཚོགས་ཁང་དུ་མིས་ཁེངས་འདུག” ཆ་བསགས་སྐར་མས་ཡུལ་སྲོལ་བཟང་པོ་ཆགས་པའི་ཐད་ནུས་པ་གལ་ཆེན་ཐོན་པས། ཚེ་ཐར་རྒྱལ་དང་སྡེ་སྡོད་རུ་མི་ལ་སྔར་བས་སྒུལ་ཤུགས་བསྩལ།

སྡེ་མིར་ཁ་གཏད་ནས“རང་སྤྱོད་གཉིས་སྐྱོང་ཆ་བསགས་དངུལ་ཁང”ཞེས་པ་ལག་བསྟར་བྱས་པ་དང་། ཏང་ཡོན་ལ་དམིགས་ནས་མདའ་བཞི་བུ་རྒོད་སྡེ་བས་ཏང་ཡོན་ཁྱིམ་སྦྲེལ་ལམ་ལུགས་བཙུགས། “ཀྲི་པུའུ་ཆ་སྡེབ་བྱས་ནས་ཕན་ཚུན་རོགས་རེས་དང་མཉམ་སྐྲུན་བྱེད་པ། བྱ་འགུལ་ཆ་སྡེབ་བྱས་ནས་ཕན་ཚུན་མཉམ་འགུལ་དང་མཉམ་རོལ་བྱེད་པ། ཏང་ཡོན་ཆ་སྡེབ་བྱས་ནས་ཕན་ཚུན་རོགས་རེས་དང་མཉམ་སློབ་བྱེད་པ། ཁྱིམ་ཚང་ཆ་སྡེབ་བྱས་ནས་ཕན་ཚུན་སྐུལ་འདེད་དང་མཉམ་སྐྱོད་བྱེད་པ”ནང་དོན་གཙོ་བོ་ཡིན་པའི“ཏང་ཡོན་ཁྱིམ་སྦྲེལ”བྱ་འགུལ་གྱིས། ཕྱུག་བསྒྱུར་དབུལ་སྐྱོར་དང་སྲིད་ཇུས་དྲིལ་སྒྲོག བདེ་འཇགས་སྲུང་སྐྱོང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ནང་དོན་ལ་བརྟེན་ནས། “ལས་གནས་མེད་པའི་ཏང་ཡོན་ལ་ལས་གནས་གསར་འཛུགས་དང་ལས་འགན་གཏན་འཁེལ”བྱས་ཏེ། ཏང་ཡོན་རེ་རེས་རང་ཉིད་ཀྱི་ལས་གནས་སྟེང་མང་ཚོགས་ལ་ཞབས་ཞུ་བསྒྲུབས་པ་དང་གདོང་མཆོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས།

མདའ་བཞི་བུ་རྒོད་སྡེ་བའི་ཏང་ཡོན་རེ་རེའི་ལག་ཏུ《ཏང་ཡོན་ཁྱིམ་སྦྲེལ་ལག་དེབ》རེ་བཟུང་ཞིང་། ལག་དེབ་དེའི་སྟེང་དུ་གཙོ་བོ་ཁྱིམ་སྦྲེལ་ལས་དོན་སྐོར་གྱི་ནང་དོན་ཟིན་ཐོར་བཀོད་ཡོད། ཏང་ཡོན་མཱ་ཅུན་ལུའུ་ཡི་ལག་དེབ་བཀླགས་པ་ན། འབྲི་དེབ་ཆུང་ཆུང་དེའི་སྟེང་དུ་ཁྱིམ་སྦྲེལ་བྱ་ཡུལ་དང་ལས་སྒྲུབ་དོན་ཚན། ལས་སྒྲུབ་མཇུག་འབྲས་བཅས་གསལ་པོར་བྲིས་འདུག

“ཨ་བུ། ཉེ་ལམ་རིམས་ནད་ཀྱི་གནས་ཚུལ་ཛ་དྲག་ཡིན་པས། སྒོ་ཕྱི་རུ་འགྲོ་དུས་ཁ་ཐུམ་ངེས་པར་དུ་རྒྱག་དགོས།” ཉིན་འདི་འགར་ཁྱིམ་གྱི་ལས་ཀ་ལས་ཚར་རྗེས། མཱ་ཅུན་ལུའུ་ཡིས་རང་ཉིད་ཀྱི་ཏང་ཡོན་ཁྱིམ་སྦྲེལ་ལག་དེབ་བཟུང་སྟེ། ཁྱིམ་སྦྲེལ་མང་ཚོགས་ཀྱི་ཁྱིམ་དུ་སོང་ནས་རིམས་ནད་འགོག་སྡོམ་གྱི་བླང་བྱ་བརྒྱུད་སྒྲོག་བྱས་པ་དང་། དེའི་ཞོར་དུ་ཚང་མར་བདེ་ཐང་འཕྲོད་བསྟེན་གྱི་རྒྱུན་ཤེས་ཀྱང་བཤད།

“ད་ལྟ་མི་ཤེས་པའི་གནད་དོན་གང་ལ་འཕྲད་ཀྱང་། ཁྱིམ་སྦྲེལ་ཏང་ཡོན་ལ་འདྲི་ཆོག”མདའ་བཞི་བུ་རྒོད་སྡེ་བའི་སྡེ་མི་ལ་མཚོན་ན། ཏང་ཡོན་ཁྱིམ་སྦྲེལ་ལམ་ལུགས་ཀྱིས་ཏང་ཡོན་དང་མང་ཚོགས་ཀྱི་འབྲེལ་ཐག་ཇེ་ཉེར་བཏང་སྟེ། མང་ཚོགས་ལ་ཤ་ཚ་མཁན་ཇེ་མང་དུ་སོང་ཡོད།

“ཏང་ཡོན་ཁྱིམ་སྦྲེལ་ལམ་ལུགས་ཀྱིས་ཏང་ཡོན་ལ་རང་ཉིད་ཀྱི་ནུས་པ་ངོམ་པའི་སྟེགས་བུ་ཞིག་བསྐྲུན་ཡོད།” སྒྲོལ་མ་ཚེ་རིང་གིས་རང་ཉིད་ཀྱི་ཁྱིམ་སྦྲེལ་ལག་དེབ་ལག་ཏུ་བཟུང་བཟུང་ལ་ཡོད་ཅིང་། ལོ་མཇུག་ཏུ་དཔྱད་ཞིབ་བྱེད་དགོས་པས་ལག་དེབ་སྟོང་པར་བསྐྱུར་མི་རུང་བ་རེད། དེ་བས་ཏང་ཡོན་གྱིས་རང་འགུལ་སྒོས་མང་ཚོགས་དང་འབྲེལ་འདྲིས་བྱས་ནས་མང་ཚོགས་ཀྱི་དཀའ་ཁག་སེལ་རོགས་བྱེད་དགོས་པ་དང་སྦྲགས། ད་དུང་སྡེ་བའི་འཕེལ་རྒྱས་ཐད་ཐབས་འདོན་ཇུས་འབུལ་བྱེད་དགོས་པས་ལག་དེབ་ཆུང་ཆུང་དེའི་སྟེང་དུ་འབྲི་དགོས་པའི་ནང་དོན་ཧ་ཅང་མང་།

ད་ལོར་སྡེ་བའི་ནང་གི་ལོ7ཅན་གྱི་བྱིས་པ་ཞིག་ལ་གློག་གིས་བརྒྱབ་སྟེ་རྨས་ལྕི་མོ་ཕོག་ཅིང་། ཁོ་ཚང་གིས་བྱིས་པར་སྨན་བཅོས་བྱེད་པར་སྔ་རྗེས་སུ་འགྲོ་གྲོན་མི་ཉུང་བ་ཞིག་བཏང་ལ། ཁྱིམ་གྱི་བཙོང་ཆོག་པའི་དངོས་པོ་ཡོད་ཚད་བཙོངས་ཀྱང་སྨན་རིན་མི་འདང་བས། བྱིས་པའི་ཕ་མ་གཉིས་ཀ་འུ་ཐུག་ཐབས་ཟད་དུ་གྱུར་ཏེ་ཁྱིམ་སྦྲེལ་ཏང་ཡོན་བཙལ་དུ་སོང་།

ཁྱིམ་སྦྲེལ་ཏང་ཡོན་གྱིས་མགོ་ཁྲིད་དེ་བྱིས་པར་ཞལ་འདེབས་ཕུལ་བ་དང་། ཏང་ཡོན་གཞན་དག་གིས་གནས་ཚུལ་དེ་ཤེས་རྗེས། ཚང་མས་སྔ་གཞུག་ཏུ་རོགས་སྐྱོར་གྱི་ལག་ཟུང་བརྐྱངས་ཤིང་། སྡེ་བ་ཡོངས་ལ་སྐུལ་ཁྲིད་བྱས་ནས་བྱིས་པར་ཞལ་འདེབས་ཕུལ་བས། ཉིན་གཅིག་གི་རིང་ལ་བྱིས་པར་སྨན་རིན་སྒོར་ཁྲི2ཀྱི་རོགས་དངུལ་ཐོབ།

“ཉེ་སྔོན། ང་ཚོས་སྡེ་བའི་ཏང་ཡོན་སྐོར་གྱི་འདྲི་རྩད་བརྟག་དཔྱད་བྱས་པ་དང་། མང་ཚོགས་ཀྱིས་ཏང་ཡོན་ལ་ཡིད་ཚིམ་ཚད་ཧ་ཅང་མཐོ།”མཚོ་སྔོན་པོ་ཞང་ཏང་ཨུའི་ཧྲུའུ་ཅི་ཧོ་ལེའང་གིས་ང་ཚོར་བཤད་རྒྱུར། འདི་ནི་ཏང་ཡོན་ཁྱིམ་སྦྲེལ་ལམ་ལུགས་ཀྱིས་ནུས་པ་ཆེན་པོ་འདོན་སྤེལ་བྱས་པའི་འབྲས་བཟང་རེད།

ལོ་ལྔའི་རིང་ལ། མདའ་བཞི་བུ་རྒོད་སྡེ་བས་ཏང་གི་འཛུགས་སྐྲུན་གྱི་སྣེ་ཁྲིད་འོག“འཇམ་ཤུགས”དང་རྨང་གཞིའི་སྒྲིག་བཀོད་ཀྱི“འདེགས་སྐྱོར་བཀན་མོ”གཉིས་མཉམ་དུ་སྐུལ་སྤེལ་བྱས་པ་བརྒྱུད། སྡེ་མི་ཚོའི་ཐོན་སྐྱེད་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ་ལ། ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་དཔེ་སྟོན་སྡེ་བར་གྱུར་རྗེས། དམངས་ཕན་སྲིད་ཇུས་རེ་རེ་དོན་ཐོག་ཏུ་འཁྱོལ་བ་དང་། སྡེ་མི་ཚོས“སྐྱིད་ཀྱི་ཉི་མ་གཞུག་ན་ཡོད”ཅེས་དགའ་བས་བརྗོད། །