ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་ཏེ་རྒྱ་ཆེའི་འཇིག་རྟེན་འཕུར་སྐྱོད་པའི་ན་གཞོན་རྣམས་ལ་སྐུལ་ལྕག་གནང་བ།

“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་སྡོད་འཇིག་རྟེན་འཕུར་སྐྱོད་སྙིང་སྟོབས་དར་སྤེལ་བཏང་སྟེ།

འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཐད་ཆུ་ཚད་མཐོ་ཞིང་རང་སྟོབས་རང་སྤེལ་གྱི་བྱས་རྗེས་གསར་པ་འཇོག་དགོས།

ལྔ་བཞི་ན་གཞོན་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ5པའི་ཚེས2ཉིན་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་སྒྲིལ་བར་སྟོང་ས་ཚིགས་ཀྱི་ན་གཞོན་བཟོ་སྐྲུན་རུ་ཁག་ལ་འཕྲིན་ལན་སྤྲིངས་ཏེ།འཇིག་རྟེན་འཕུར་སྐྱོད་འཐབ་ཕྱོགས་ཀྱི་ན་གཞོན་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པར་མ་ཟད།ཁོ་ཚོར་ཧུར་བརྩོན་གྱི་རེ་བ་བཏོན།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་བསྟན་དོན།འཕྲིན་ཡིག་བཀླགས་རྗེས།ངས་ལོ་ངོ་དགུ་ཡི་སྔོན་ལ་གནས་དེ་རུ་ན་གཞོན་ཚན་རིག་ཞིབ་འཇུག་པ་རྣམས་དང་གླེང་མོལ་བྱས་པའི་རྣམ་པ་དེ་དྲན་བྱུང་།ལོ་ངོ9ཡི་རིང་ལ།ནམ་མཁའི་ཕོ་བྲང་ནས་བྱང་སྐར་དང་ཟླ་བའི་ལྷ་མོ་ནས་ཐེན་ཧའོ།ཐེན་ཝུན།ཞི་ཧའོ་སོགས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱིས་རྒྱུན་ཆད་མེད་པར་ལོ་རྒྱུས་གསར་པ་རེ་རེ་བཞིན་སྐྲུན་ཞིང་།འཇིག་རྟེན་འཕུར་སྐྱོད་ཀྱི་ན་གཞོན་སྐོར་ཞིག་གིས་འགན་འཁྲི་ལྕི་མོ་ཕྲག་ཏུ་བླངས་ཏེ།དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་རྣམས་ཀྱི་འབད་བརྩོན་ཧུར་ཐག་བྱེད་པའི་བསམ་བློའི་སྙིང་སྟོབས་མངོན་ཅི་ཐུབ་བྱས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།འཇིག་རྟེན་འཕུར་སྐྱོད་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་ན་མི་རབས་རེ་རེའི་རྒྱུན་མཐུད་འབད་བརྩོན་ལ་བརྟེན་དགོས། རེ་བ་ཡིན་ན་ན་གཞོན་འཇིག་རྟེན་འཕུར་སྐྱོད་པ་རྣམས་ཀྱིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་སྡོད་འཇིག་རྟེན་འཕུར་སྐྱོད་སྙིང་སྟོབས་དར་སྤེལ་བཏང་ནས།གསར་སྐྲུན་ཐོད་བརྒལ་བྱེད་ཕོད་ཅིང་།མཁའ་དབྱིངས་ཀྱི་ཕུགས་མདུན་འཚོལ་བའི་ལམ་ནས་མིག་དབང་འཕྲོག་པའི་ལང་ཚོའི་འོད་མདངས་མངོན་པ་དང་།རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཐད་ཆུ་ཚད་མཐོ་ཞིང་རང་སྟོབས་རང་སྤེལ་གྱི་བྱས་རྗེས་གསར་པ་འཇོག་དགོས།(འཕྲིན་ལན་ཧྲིལ་བོ་ཟུར་དུ་བཀོད་ཡོད།)

2013ལོའི་ཟླ5པའི་ཚེས4ཉིན།ཞི་ཅིན་ཕིང་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚོགས་སྒྲིལ་ཀུང་སི་བར་སྟོང་ལག་རྩལ་ཞིབ་འཇུག་ཁང་དུ་ཕེབས་ནས།“ཀྲུང་གོའི་འདུན་མ་མངོན་འགྱུར་བྱས་ཏེ།ལང་ཚོའི་འགན་འཁྲི་ཕྲག་ཏུ་ལེན་དགོས”ཞེས་པ་བརྗོད་དོན་ཡིན་པའི་ཚོགས་པའི་ཉིན་མོའི་བྱ་འགུལ་ལ་ཞུགས་ཤིང་།ལས་རིགས་ཁག་གི་ཕུལ་བྱུང་ན་གཞོན་འཐུས་མི་རྣམས་དང་གླེང་མོལ་མཛད།ཀྲུང་གོ་གུང་ཁྲན་རིང་ལུགས་ཀྱི་ན་གཞོན་ཚོགས་པ་བཙུགས་ནས་ལོ་ངོ100འགོར་ལ་ཉེ་བའི་སྐབས་འདིར།ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་སྒྲིལ་བར་སྟོང་ས་ཚིགས་ཀྱི་ན་གཞོན་བཟོ་སྐྲུན་རུ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས།ཚོགས་སྒྲིལ་དེའི་ན་གཞོན་ཁྲི8ཀྱི་ཚབ་བྱས་ཏེ་ལོ་ངོ9ཡི་རིང་ལ་འགན་འཁྲི་ལྕི་མོ་ཕྲག་ཏུ་བླངས་ནས་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ཡར་ཞུ་བྱས་པ་དང་།འཇིག་རྟེན་འཕུར་སྐྱོད་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་ལག་གདང་སྦྲེལ་ཏེ་འབད་བརྩོན་བྱེད་རྒྱུ་ཡིན་པའི་ཆོད་སེམས་བརྟན་པོ་བསྟན། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།