མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྫ་ཆུའི་མགོ་ཁུངས།
ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཞང་གི་ཁོར་ཡུག་ཤིན་ཏུ་མཛེས་ཤིང་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུ་ཕུན་སུམ་ཚོགས་པོ་འཛོམས་པར་མ་ཟད། གསའ་ཡི་འཚོ་གནས་གལ་ཆེན་ཞིག་ཡིན་པས། ཡུལ་དེར“ཀྲུང་གོའི་གསའ་ཡི་ཕ་ས”ཞེས་པའི་མཚན་སྙན་ཐོབ་ཡོད།
2016ལོའི་ཟླ3པའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཇུས་གཞི》དངོས་སུ་དཔར་འགྲེམས་བྱས་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་དང་པོར་གྱུར་པ་དང་། རྣམ་སྲས་ཞང་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་མགོ་ཁུངས་སྤྱི་གླིང་གི་ཁོངས་སུ་བཞག
མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བའི་ཁྲོད། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག(ཚོད་སྤྱོད)》གཞིར་བཟུང་སྟེ། རྫ་ཆུའི་འབྱུང་ཡུལ་གླིང་ཁུལ་དུ་སྐྱེ་ཁམས་བདག་སྐྱོང་པའི“ཁྱིམ་ཚང་གཅིག་ལ་ལས་གནས་གཅིག”གི་ལམ་ལུགས་ལག་བསྟར་བྱེད་མགོ་བརྩམས་ཤིང་། རྣམ་སྲས་ཞང་གི་འབྲོག་པ1516སྒོ་ཕྱུགས་འཚོ་མཁན་ནས་སྐྱེ་ཁམས་བདག་སྐྱོང་པར་གྱུར་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་གཙོ་ཤུགས་དམག་ཏུ་གྱུར་ཡོད།
སྐབས་དེར་ལོ་ན30ལ་བུད་པའི་རྣམ་སྲས་ཞང་གནས་མདོ་སྡེ་བ་ཧྲེ་དང་པོའི་འབྲོག་པ་ཀརྨ་བསྟན་འཛིན་ནི། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཁེ་སྤོགས་ལོངས་སུ་སྤྱོད་མཁན་གྱི་སྐྱེ་ཁམས་བདག་སྐྱོང་པ་སྔ་གྲས་སུ་གྱུར། དེའི་ཡར་སྔོན་དུ། ཁོ་དང་ཁོའི་ཁྱིམ་མི་རྣམས་འབྲོག་པ་མང་ཆེ་བ་དང་འདྲ་བར་གཙོ་བོ་ཕྱུགས་ཟོག་འཚོ་བ་དང་དབྱར་རྩྭ་དགུན་འབུ་བརྐོ་བར་བརྟེན་ནས་འཚོ་བ་རོལ་གྱིན་ཡོད། དེང་སྐབས། ཀརྨ་བསྟན་འཛིན་གྱིས་རང་ཁྱིམ་གྱི་སྒོ་དྲུང་དུ“སྐྱེ་ཁམས་ཟ་མ”ཟ་ཐུབ་ཡོད། “ཟླ་རེར་ཟླ་ཕོགས་སྒོར1800དང་དེའི་ཁར་རྩྭ་སའི་ཁ་གསབ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཁེ་སྤོགས་བགོ་བཤའ་སོགས་ཀྱི་ཡོང་འབབ་བསྣན་ཚེ། ངེད་ཚང་གི་འཚོ་བ་ཉིན་རེ་ནས་ཉིན་རེར་ཡར་རྒྱས་འགྲོ་བཞིན་ཡོད”ཅེས་ཀརྨ་བསྟན་འཛིན་གྱིས་དགའ་སྤྲོའི་ངང་བཤད།
ཟླ6པའི་ཚེས18ཉིན་གྱི་ཞོགས་པར། ཀརྨ་བསྟན་འཛིན་གྱིས་རྐང་ལ་ཀོ་ལྷམ་གྱོན་ཞིང་ཕྲག་ཏུ་པར་ཆས་ཁུར་བ་དང་། ལག་ཏུ་ཁོར་སྲུང་ཁུག་མ་བཟུང་ཞིང་།“གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་སྐོར་ཞིབ”ཅེས་པའི་ཡི་གེ་བྲིས་ཡོད་པའི་དཔུང་རྟགས་དམར་པོ་བཏགས་ནས། སྔོན་ཆད་ལྟར་འཕྲུལ་རྟར་བཞོན་ནས་རི་ལ་སྐོར་སྲུང་བྱེད་དུ་འགྲོ་མགོ་བརྩམས། གྲོག་རོང་གི་ཉེ་སར་སླེབས་སྐབས། སྔ་ཉིན་ཆར་བ་ཆེན་པོ་བབས་པའི་དབང་གིས་རྩྭ་ཐང་ནེམ་ཞིག་ཞིག་ཏུ་གྱུར་ཡོད་པས། ཁོ་རང་འཕྲུལ་རྟའི་གོང་ནས་བབས་ཏེ་རྐང་ཐང་ལ་གྲོག་རོང་གི་ཕྱོགས་སུ་བསྐྱོད་དགོས་བྱུང་ལ། སྐོར་ཞིབ་ལམ་དུ་ཁོས་ལམ་རྒྱུད་དུ་མཐོང་བའི་གད་སྙིགས་དག་ཁོར་སྲུང་ཁུག་མར་བཏུས་ནས་སོང་།
“རི་བོར་སྐོར་ཞིབ་བྱེད་ཐེངས་རེར་སྤྱི་ལེ25ནས་སྤྱི་ལེ30བར་འགྲོ་དགོས་པས་སྐབས་འགར་དཀའ་ཁག་ཆེ་བའི་སྣང་བ་སྐྱེས་ཡོང་མོད། འོན་ཀྱང་སྐྱེ་ཁམས་ཇེ་ལེགས་སུ་འགྲོ་བ་མཐོང་ཚེ་ཡོད་ཚད་ལ་རིན་ཐང་འདུག་སྙམ་པའི་ཚོར་སྣང་སྐྱེས་ཡོང་།”ཞེས་ཀརྨ་བསྟན་འཛིན་གྱིས་བཤད་རྒྱུར། སྐྱེ་ཁམས་བདག་སྐྱོང་པར་གྱུར་རྗེས། ཡོང་འབབ་ཇེ་མང་དུ་ཕྱིན་པར་མ་ཟད། ད་དུང་ཕ་ཡུལ་གྱི་ཁོར་ཡུག་ཇེ་ལེགས་ཇེ་མཛེས་སུ་འགྲོ་བར་སྟོབས་ཤུགས་འདོན་ཐུབ་པས་དངོས་གནས་དགའ་སྤྲོ་སྐྱེས་བྱུང་། ད་སྐབས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་མི་སེམས་སུ་ཟུག་ནས་འུར་ཆ་བསྐྱུར་ནས་སྐྱེ་ཁམས་བདག་སྐྱོང་པར་གྱུར་པས་ཚང་མའི་བསམ་བློར་རྦད་དེ་འགྱུར་ལྡོག་བྱུང་ཡོད།
རྣམ་སྲས་ཞང་དེ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ནང་བཞག་རྗེས། རྣམ་སྲས་ཞང་གིས་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་བདག་སྐྱོང་ནང་རྐྱེན་དུས་ཐོག་ཏུ་འཚོལ་ཞིབ་བྱས་ནས་བཙུགས་པ་དང་། 《གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་མགོ་ཁུངས་གླིང་ཁུལ་རྣམ་སྲས་ཞང་བདག་སྐྱོང་ས་ཚིགས་ཀྱི་སྐྱེ་ཁམས་བདག་སྐྱོང་སྤྱི་ཕན་ལས་གནས་དོ་དམ་བྱེད་ཐབས》བཟོས་ཏེ། ཞང་གྲོང་དོ་དམ་བདག་སྐྱོང་ས་ཚིགས་དང་། སྡེ་བ་རིམ་པའི་བདག་སྐྱོང་རུ་ཁག་དང་དོ་དམ་སྲུང་སྐྱོབ་ཡན་ལག་རུ་ཆུང་བཅས་བཙུགས་པ་དང་། རྒྱང་ཐག་རིང་བའི“གནས་ཐིག་གྲུབ་པ་དང་དྲ་ངོས་གྲུབ་པའི”བདག་སྐྱོང་མ་ལག་བསྐྲུན་ནས། རྫ་ཆུའི་མགོ་ཁུངས་སྲུང་སྐྱོབ་བྱས་པས། ཞང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་རང་མོས་ངང་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ནང་ཞུགས་ཤིང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་དང་ཧུར་བརྩོན་རང་བཞིན་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད།
ལོ་རེར་རྣམ་སྲས་ཞང་གིས་ད་དུང་སྡེ་བ་སོ་སོའི་སྐྱེ་ཁམས་བདག་སྐྱོང་པ་རྩ་འཛུགས་བྱས་ནས་གཅིག་སྡུད་གསོ་སྦྱོང་བྱེད་ཀྱིན་ཡོད་ལ། དེའི་ནང་རྒྱལ་ཁབ་སྤྱི་གླིང་དོ་དམ་སྲུང་སྐྱོབ་བྱེད་ཐབས་དང་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་སོགས་ཚུད་ཡོད་པར་མ་ཟད། ཁོ་ཚོར་གད་སྙིགས་རིགས་དབྱེའི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་ཆུའི་སྤུས་ཚད་ཀྱི་ཚད་གཞི་སོགས་འགྲེལ་བཤད་བྱེད་བཞིན་ཡོད། གཞན་ཡང་རྣམ་སྲས་ཞང་གིས་ད་དུང་རྫོང་རིམས་འགོག་ས་ཚིགས་ཀྱི་འཆད་ཁྲིད་དགེ་རྒན་ཆེད་དུ་གདན་དྲངས་ནས་སྐྱེ་ཁམས་བདག་སྐྱོང་པར་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་རྒྱག་ཏུ་བཅུག
དུས་མཚུངས་སུ་རྣམ་སྲས་ཞང་གིས“གཙང་གསུམ་འབྱུང་ཡུལ”གཙང་སྦྲའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། “ཁྱིམ་ཚང་རིགས་དབྱེ་དང་། སྡེ་བས་བསྡུ་རུབ། ཞང་གིས་དབོར་འདྲེན། རྫོང་གིས་གཙང་སེལ”བཅས་ཀྱི་འབྲོག་ཁུལ་གྱི་གད་སྙིགས་གཙང་སེལ་ནང་རྐྱེན་གསར་པ་འཚོལ་ཞིབ་བྱས་ལ། གཞུང་ལམ་རྒྱུད་དང་། སྡེ་བའི་གཞུང་ལམ། ཞང་སྲིད་གཞུང་ཡོད་ས་བཅས་ཀྱི་ཁོར་ཡུག་གཙང་སྦྲ་རྒྱུན་རྣམ་ཅན་གྱི་དོ་དམ་དང་བཅོས་སྐྱོང་བྱ་རྒྱུ་འབུར་དུ་ཐོན་པར་བྱས་ཡོད། རྣམ་སྲས་ཞང་གི་ས་ཁུལ་ཁ་ཤས་ཀྱི་སྐྱེ་ཁམས་ཁོར་ཡུག་ལོ་རེ་བཞིན་ཇེ་ལེགས་སུ་ཕྱིན་པ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་གོ་ཆོད་བྱེད་ཐུབ་ཡོད། ཞང་ཏང་ཨུའི་ཧྲུའུ་ཅི་ཚེ་དབང་རྡོ་རྗེས་བཤད་རྒྱུར།“སྐྱེ་ཁམས་བདག་སྐྱོང་གི་ལས་ཕྱོད་ཆེ་རུ་གཏོང་ཆེད། རྣམ་སྲས་ཞང་གིས་བསྡོམས་པས5x5kmཞིབ་འཇུག་དྲ་མིག80བཙུགས་པ་དང་། འབྲོག་པ་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་པ88བཀོད་སྒྲིག་བྱས་ཤིང་། དམར་ཕྱིའི་པར་ཆས80བཀོད་སྒྲིག་བྱས་ཏེ། ཞང་ཡོངས་དང་ཁྱོན་ཡོངས་ལ་ཁེབས་པར་བྱས་ཡོད། མིག་སྔའི་བར་རྣམ་སྲས་ཞང་གི་ས་ཁོངས་སུ་གཅན་གཟན་རིགས18དང་འདབ་ཆགས་རིགས15པར་བླངས་ཡོད་ལ། དེའི་ནང་གསའ109དང་གཟིག18འདུས་ཡོད།”
ལོ་འདི་འགར། ཀརྨ་བསྟན་འཛིན་སྡེ་བའི་མཐའ་འཁོར་གྱི་རི་ཀླུང་ཀུན་ལ་བསྐྱོད་མྱོང་བར་མ་ཟད། རི་སྐྱེས་སྲོག་ཆགས་མང་པོ་ཞིག་ཀྱང་སྐྱོབ་རོགས་བྱས་པ་དང་དེ་སྔའི་འབྲོག་པ་རྣམས་ད་ལྟ་རྫ་ཆུའི་མགོ་ཁུངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྲུང་དམག་ཏུ་གྱུར་ཡོད།
ཀརྨ་བསྟན་འཛིན་དང་འདྲ་བའི་སྐྱེ་ཁམས་བདག་སྐྱོང་པ་མང་པོ་ཞིག་གི་སྲུང་སྐྱོབ་འོག རྫ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་ནས་ཇེ་ལེགས་སུ་ཕྱིན་པ་དང་། འགྱུར་ལྡོག་ཆེ་ཤོས་ནི་རི་སྐྱེས་སྲོག་ཆགས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་རེད།
ཚེ་དབང་རྡོ་རྗེས་ཕྱིར་དྲན་བྱས་ཏེ།“ལོ་ཞིག་ལ་གསའ་ཡིས་རྣམ་སྲས་ཀྱི་འབྲོག་ཁྱིམ་ཞིག་གི་ནོར་ཁྱུ་ལ་འཇབ་རྒོལ་བྱས་ནས་ནོར24བསད། སྐབས་དེའི་ཁྲོམ་རའི་རིན་གོང་ལྟར་རྩིས་བརྒྱབ་ན་སྒོར་ཁྲི30ཙམ་གྱི་གྱོང་གུན་ཐེབས་ཡོད། ཕྱིས་སུ་མི་དང་རི་སྐྱེས་སྲོག་ཆགས་གདོང་ཐུག་གི་འགན་བཅོལ་སྐྱིན་ཚབ་སྤྲད་པས་འབྲོག་པའི་གྱོང་གུད་མང་ཆེ་བ་གསབ་ཐུབ་ཡོད”ཟེར། ཚེ་དབང་རྡོ་རྗེས་བཤད་པའི་མི་དང་རི་སྐྱེས་སྲོག་ཆགས་ཀྱི་གདོང་ཐུག་འགན་བཅོལ་ནི་རྫ་སྟོད་རྫོང་སྲིད་གཞུང་གིས་མ་དངུལ་བཏང་ནས་བཙུགས་པའི་ཐེབས་རྩས་སྐྱིན་ཚབ་འཇལ་བ་ཞིག་ཡིན་པ་དང་།འབྲོག་པ་རྣམས་ཀྱིས་དུས་རྒྱུན་རང་ཉིད་ཀྱི་ནོར་རེར་སྒོར3གྱི་འགན་བཅོལ་འཇལ་བས་ཆོག 2021ལོ་ནས་བཟུང་ཀྲུང་གོའི་མི་སྲོག་ཉེན་སྐྱོབ་འགན་བཅོལ་གྱིས་གསོ་སྤེལ་འགན་བཅོལ་ཁྱབ་གདལ་གཏོང་མགོ་ཚུགས་པ་དང་འབྲོག་པ་མང་ཚོགས་གཅིག་རྗེས་གཉིས་མཐུད་ངང་དེའི་ནང་ཞུགས་ཡོད།”
ཚེ་དབང་རྡོ་རྗེས་བཤད་རྒྱུར“གསོ་སྤེལ་གྱི་འགན་བཅོལ་ཡོད་པས་ཡང་བསྐྱར་དེ་དང་འདྲ་བའི་གནས་ཚུལ་བྱུང་ཚེ། འབྲོག་པ་ཚོར་ཁེ་དབང་འགན་ལེན་དེ་བས་ཆེ་བ་བྱེད་ཐུབ”ཟེར། །