ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་བཞི་པར་ཞུགས་པ།
ས་དེའི་དུས་ཚོད་ཟླ7པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐ་ན་རང་བཙན་ཕོ་བྲང་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་བཞི་པར་ཞུགས།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཨུ་རུ་སུ་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོ་དང་ཅི་ཨེར་ཅི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུ། ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན། ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧོ་མེང་། ཝུའུ་ཙི་པིའེ་ཁོ་སི་ཐན་གྱི་ཙུང་ཐུང་སྨི་ཨེར་ཅི་ཡུའེ་ཡེ་ཧྥུ། དབྱི་ལང་གི་ལས་ཚབ་ཙུང་ཐུང་མུའུ་ཧོ་པེ་ཨེར་དང་རྒྱ་གར་གྱི་འཐུས་ཚབ། དེ་མིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སོགས་གྲོས་ཚོགས་སུ་ཞུགས།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་མགོ་ཁྲིད་དང་མཉམ་དུ་མཉམ་པར་བསྐྱོན་རྗེས། ཞི་ཅིན་ཕིང་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སུ་ཞུགས།
ཞི་ཅིན་ཕིང་གིས་གསུང་བཤད་ཁྲོད་ཧ་སག་ཁི་སི་ཐན་གྱིས་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་འཁུར་སྐབས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཁོར་སྐྱོད་ནང་རྐྱེན་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ཧུར་ཐག་འབད་འཐབ་དང་བྱས་རྗེས་གལ་ཆེན་བཞག་པར་ཚད་མཐོན་པོས་དཔྱད་འཇོག་གནང་ཞིང་། ཨུ་རུ་སུ་དཀར་པོ་ཐོག་དང་པོར་ཁོངས་མིའི་རྒྱལ་ཁབ་ཀྱི་མིང་ཐོག་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་གྲས་ཚོགས་འདུར་ཞུགས་པར་དགའ་བསུ་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་དུས་རབས་ཀྱི་འབྲེལ་མཚམས་སུ་བཙུགས་པ་དང་། སྐབས་དེའི་འཇམ་འཐབ་སྐབས་སུ་བསྐྱུར་བའི་འགལ་བ་དང་ཁ་བྲལ་ད་དུང་ཐག་གཅོད་དགོས། རྩ་འཛུགས་འདི་གསར་གཏོད་མཛད་མཁན་གྱི་ཁོངས་མིས་ལོ་རྒྱུས་ཀྱི་གདམ་ག་གནང་ཞིང་། ཞི་བདེའི་འཕེལ་རྒྱས་བརྩོན་ལེན་དང་ཁྱིམ་མཚེས་མཛའ་མཐུན་ཡོང་བར་བརྩོན་པ། རྒྱལ་སྤྱིའི་འབྲེལ་བ་གསར་པ་བཙུགས་ཏེ། “ཧྲང་ཧའེ་སྙིང་སྟོབས”དེ་ཁོངས་མིའི་རྒྱལ་ཁབ་ཀྱི་ཐུན་མོང་གི་རིན་ཐང་སྲུང་བྱ་དང་འགུལ་སྐྱོད་བྱེད་ཕྱོགས་སུ་འགྱུར་དུ་བཅུག་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་ངོ23འགོར་རྗེས། ཁོངས་མིའི་རྒྱལ་ཁབ10ཇེ་མང་དུ་སོང་ཡོད། “ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཆེན”དེ་གླིང་ཆེན་གསུམ་གྱི་རྒྱལ་ཁབ26ལ་ཁེབས་པ་དང་། གྲོགས་པོ་ཇེ་མང་ནས་ཇེ་མང་དུ་སོང་། མཉམ་ལས་ཀྱི་རྨང་གཞི་སྔར་བས་བརྟན་པོར་གྱུར། ད་ལྟ་འཛམ་གླིང་གི་ལོ་ངོ་བརྒྱའི་འཕོ་འགྱུར་ཇེ་མགྱོགས་སུ་སོང་སྟེ། མིའི་རིགས་ཀྱི་སྤྱི་ཚོགས་ཡང་བསྐྱར་ལོ་རྒྱུས་ཀྱི་བཞི་མདོར་ཐེངས་ཤིག་སླེབས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཡང་དག་པའི་ལོ་རྒྱུས་ཀྱི་ཕྱོགས་དང་འདྲ་མཉམ་དྲང་གཞག་གི་ཕྱོགས་སུ་ལངས་རྒྱུ་ནི་འཛམ་གླིང་ལ་གལ་འགངས་ཆེ་བ་ཞིག་རེད།
འཇམ་འཐབ་བསམ་གཞིག་གི་དངོས་ཡོད་འཇིགས་སྐུལ་ལ་ཁ་གཏད་དགོས་ན། ང་ཚོས་བདེ་འཇགས་ཀྱི་ཚད་མཐའ་སྲུང་དགོས། ལག་ལེན་གཅིག་མཐུན་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པའི་བདེ་འཇགས་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། གླེང་མོལ་དང་རོགས་ལས་ཀྱིས་རྙོག་འཛིང་ཆེ་བའི་བདེ་འཇགས་འགྲན་སློང་ལ་ཁ་གཏོད་པ། མཉམ་རྒྱལ་བསམ་གཞིགས་ཀྱིས་ལེགས་སྒྲིག་ཟབ་མོའི་རྒྱལ་སྤྱིའི་བཀོད་སྟངས་ལ་ཁ་གཏོད་པ་བཅས་བྱས་ཏེ། ཡུན་རིང་ཞི་བདེ་དང་ཕྱོགས་ཡོངས་བདེ་འཇགས་ཀྱི་འཛམ་གླིང་མཉམ་དུ་སྐྲུན་དགོས།
“ར་ཆུང་གྱང་མཐོའི”དངོས་ཡོད་ཉེན་ཁར་ཁ་གཏད་དགོས་ན། ང་ཚོས་འཕེལ་རྒྱས་བདག་དབང་སྲུང་སྐྱོང་བྱེད་དགོས། ཀུན་ཕན་དཀྱེལ་ཡངས་རྒྱུན་འཁྱོངས་དང་། མཉམ་འབྲེལ་སྒོས་ཚན་རྩལ་གསར་སྐྲུན་ལ་སྐུལ་འདེད་བྱེད་པ། ཐོན་ལས་སྦྲེལ་ཐག་དང་མཁོ་འདོན་སྦྲེལ་ཐག་བརྟན་བརླིང་ཤར་གཏོང་ཡོང་བར་སྲུང་སྐྱོང་བྱེད་པ། ས་ཁུལ་དཔལ་འབྱོར་གྱི་ནང་གནས་སྒུལ་ཤུགས་སྐུལ་སྤེལ་བཅས་བྱས་ཏེ། ཐུན་མོང་འཕེལ་རྒྱས་མངོན་འགྱུར་འབྱུང་བར་སྐུལ་འདེད་བྱེད་དགོས།
ཐེ་གཏོགས་དང་ཁ་བྲལ་གྱི་དངོས་ཡོད་འགྲན་སློང་ལ་ཁ་གཏད་དགོས་ན། ང་ཚོས་མཐུན་སྒྲིལ་སྟོབས་ཤུགས་སྲ་བརྟན་དུ་གཏོང་དགོས། ཕྱིའི་ཐེ་གཏོགས་མཉམ་འགོག་དང་ཕན་ཚུན་རྒྱབ་སྐྱོར་བརྟན་པོར་གཏོང་བ། ཕན་ཚུན་ལ་ཐུགས་ཁུར་དང་ལྟ་སྐྱོང་བྱེད་པ། འཆམ་མཐུན་གཙོ་བོར་བཟུང་ནས་ནང་ཁུལ་གྱི་འགལ་བ་ཐག་གཅོད་པ། མཉམ་ལས་ཀྱི་དཀའ་གནད་བསལ་བ་བཅས་བྱས་ཏེ། རང་རྒྱལ་ཁབ་ཀྱི་མདུན་ལམ་ལས་དབང་དང་ས་ཁུལ་བདེ་འཇགས་ངང་འཕེལ་རྒྱས་གཏོང་བ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་སྤྱིའི་གནས་བབ་དང་ཛ་དྲག་ཆེ་བའི་འགྱུར་ལྡོག་གི་ཉམས་སད་ཐེག་པའི་རྩ་བ་ནི། ང་ཚོས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་མཉམ་ལས་ཀྱི་སྲོལ་རྒྱུན་བཟང་པོ་དང་འདྲ་མཉམ་ཀུན་ཕན་གྱི་མཉམ་ལས་ཐབས་ཤེས། འདྲ་མཉམ་དྲང་གཞག་གི་རིན་ཐང་བརྩོན་ལེན། དཀྱེལ་ཡངས་དང་ཕན་ཚུན་སློབ་སྦྱོང་གི་བློ་ཁོག་ཡངས་པོ་བཅས་རྒྱུན་འཁྱོངས་བྱེད་པར་རག་ལས་ཡོད། ང་ཚོས་ཐོག་མའི་བསམ་འདུན་བརྟན་སྲུང་དང་། “ཧྲང་ཧའེ་སྙིང་སྟོབས”ཀྱི་དར་ཆ་མུ་མཐུད་དུ་མཐོན་པོར་སྒྲེང་བ། སོ་སྲུང་རོགས་རེས་དང་ཕན་ཚུན་ལ་བསྟུན་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་མཉམ་དུ་དམ་འཛིན་བཅས་བྱས་ཏེ། རྩ་འཛུགས་འདི་ཁོངས་མིའི་རྒྱལ་ཁབ་ཀྱི་ཐུན་མོང་དར་རྒྱས་ཀྱི་བརྟེན་སར་འགྱུར་དུ་འཇུག་དགོས།
ཚོགས་ཞུགས་ཁོངས་མིའི་རྒྱལ་ཁབ་ཀྱི་མགོ་ཁྲིད་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ས་ཁུལ་ཞི་བདེ་དང་བདེ་འཇགས་འདོན་སྤེལ་ལ་སྲུང་སྐྱོང་བྱེད་པའི་འཛུགས་སྐྲུན་རང་བཞིན་གྱི་ནུས་པར་དཔྱད་འཇོག་གང་ལེགས་བྱེད་པ་དང་། ཉོ་ཚོང་དང་འགྲིམ་འགྲུལ། ནུས་ཁུངས། དངུལ་རྩ། ཞིང་ལས། གྲངས་ཀའི་དཔལ་འབྱོར། ཚན་རྩལ་གསར་སྐྲུན་སོགས་ཁྱབ་ཁོངས་མཉམ་ལས་ལ་སྔར་བས་ཤུགས་སྣོན་པ། སློབ་གསོ་དང་རིག་གནས། ཡུལ་སྐོར། ན་གཞོན་སོགས་མི་ཚུལ་རིག་གནས་བརྗེ་རེས་དང་མཉམ་ལས་ཇེ་དྲག་ཏུ་གཏོང་དགོས་པ་བསྟན། མགོ་ཁྲིད་པས་ད་ལྟ་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གནས་བབ། དེ་མིན་རྒྱལ་སྤྱིའི་འབྲེལ་བར་འགྱུར་བ་ཆེན་པོ་འབྱུང་བཞིན་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བའི་རོགས་ལས་ནུས་པ་འདོན་སྤེལ་དང་། སྔར་བས་འཐུས་ཚབ་རང་བཞིན་དང་དམངས་གཙོ་དྲང་བདེན་གྱི་སྣེ་མང་འཛམ་གླིང་མ་ལག་བསྐྲུན་པར་སྐུལ་འདེད་བྱས་ཏེ། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་སྐུལ་སྤེལ་བྱེད་དགོས། རྒྱལ་ཁབ་སོ་སོའི་ལུགས་མཐུན་བདེ་འཇགས་དང་ཐུགས་ཁུར་ལ་བརྩི་བཀུར་དང་། ཞི་བདེའི་རྣམ་པས་རྒྱལ་ཁབ་བར་གྱི་འགལ་བ་ཐག་གཅོད་རྒྱུ་བརྩོན་ལེན་བྱེད་པ། ཕྱོགས་གཅིག་གིས་བཀག་སྡོམ་བྱེད་པར་ངོ་རྒོལ་དང་། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བཅས་བྱེད་དགོས་པར་འདོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་བདེ་འཇགས་འཇིགས་སྐུལ་དང་འགྲན་སློང་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། “སྟོབས་ཤུགས་གསུམ”དང་དུག་ཚོང་རྒྱག་པ། རྒྱལ་ཁབ་བརྒལ་བའི་རྩ་འཛུགས་ཉེས་གསོག་བཅས་ལ་མཐའ་གཅིག་ཏུ་རྡུང་རྡེག་གཏོང་བ་དང་།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུ་ཧན་གྱིས་ཞི་བདེ་དང་འཕེལ་རྒྱས་ལ་ཤུགས་འདོན་པར་རྒྱབ་སྐྱོར་བྱེད་པ། “རྒྱལ་ཁབ་གཉིས་ཀྱི་གྲོས་གཞི”ལ་བརྟེན་ནས་ཁྱོན་ཡོངས་དང་དྲང་བདེན་སྒོས་ཕ་ལི་སི་ཐན་གྱི་གནད་དོན་ཐག་གཅོད་པར་རྒྱབ་སྐྱོར་བྱ་རྒྱུ་བཅས་ལ་མགོ་ཁྲིད་པ་རྣམས་འཐད་པ་བྱུང་།
ཁོངས་མིའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པས《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་མགོ་གཙོ་ལས་འཛིན་ཚོགས་པའི་ཨ་སི་ཐ་ནའི་བསྒྲགས་གཏམ》ལ་མིང་རྟགས་བཀོད་ནས་འགྲེམ་སྤེལ་བྱས་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་རྒྱལ་ཁབ་སོ་སོ་མཐུན་སྒྲིལ་དང་འཛམ་གླིང་དྲང་གཞག་དང་ཞི་མཐུན། འཕེལ་རྒྱས་མཉམ་སྐུལ་བཅས་བྱེད་པའི་སྐོར་གྱི་སྐུལ་སློང་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཁོར་སྐྱོད་ནང་རྐྱེན་སྐོར་གྱི་བསམ་ཚུལ་ལ་ཆོག་མཆན་བཀོད་དེ། ཁྱིམ་མཚེས་རྒྱལ་ཁབ་ཕན་ཚུན་ལ་ཡིད་ཆེས་དང་གྲོགས་པོ་འབྲེལ་བའི་རྩ་དོན་སྐོར་གྱི་གསལ་བསྒྲགས་དང་དེ་མིན་ནུས་ཁུངས་དང་དངུལ་གཏོང་། ཆ་འཕྲིན་བདེ་འཇགས་སོགས་ཁྱབ་ཁོངས་མཉམ་ལས་ཀྱི་གྲོས་ཆོད་རབ་དང་རིམ་པ་འགྲེམ་སྤེལ་བྱས།
གྲོས་ཚོགས་ཀྱིས་ཨུ་རུ་སུ་དཀར་པོ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནང་ཞུགས་པར་ཆོག་མཆན་བཀོད་པ་དང་། ཀྲུང་གོས2024ལོ་ནས2025ལོའི་བར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཐག་བཅད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གི་བྱ་འགུལ་ནང་ཞུགས། །
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།