ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

གསོབ།(ཞར་བཀོད་གཅིག)

སེང་རྡོར། མཚོ་བྱང་།

ང་ཚོས་འགྲོ་ཞོར་དུ་ཟམ་ཁ་ནས་བལྟས། གནམ་ངོ་མི་བཟང་བའི་ཁར། ཟམ་འོག་ཏུ་ལྷོག་ལྷོག་གིས་བཞུར་བའི་གཤེར་གཟུགས་དེ་ཡང་སྔོ་ཞིང་དམར། དེའི་མིང་ལ་ཆུ་ཟེར་དགོས་པ་ཚང་མས་ལོས་ཤེས། དེ་ནི་སྤྱི་མིང་རེད།

ཆུ་དེའི་མིང་ལ་འགའ་རེས་ཁ་ཆུ་ཟེར། དེ་ནི་བྱེ་བྲག་གི་མིང་རེད། ཁ་ཆུ་ཟེར་དོན་ནི་ཆུ་རྒྱུན་གྱི་མགོ་ཁུངས་བྲག་ཅིག་ལ་ཐུག་ཡོད་པ་དང་། བྲག་དེའི་དབྱིབས་ནི་བུད་མེད་ཅིག་གི་ཁ་དང་འདྲ་ཞིང་། ཁ་དེའི་ནང་ནས་ཆུ་དེ་ཡོང་བས་ན། ཁ་ཆུ་ཞེས་པའི་རྗེས་གྲུབ་ཀྱི་བརྡ་འདི་ཐོན་པའང་གནས་ལུགས་དང་མཐུན་པ་ཞིག་ལོས་ཡིན།

འོན་ཀྱང་ཟམ་པ་བརྟན་པོ་མིན་པས་ལྕུག་ལྕུག་ཏུ་འདར། ངའི་བསམ་པའང་བརྟན་རྒྱུ་མེད་པས་ལྕིག་ལྕིག་ཏུ་གཡོ།

ཆུ་དཀྱིལ་ནས་གློ་བུར་དུ་ཁ་ངོ་ཤིན་ཏུ་དཀར་བའི་བུད་མེད་ཅིག་གི་བེམ་པོ་བུད་བྱུང་། ང་ལ་མིག་འཁྲུལ་བྱུང་བ་ཡིན་ངེས།འཕག་ཙམ་འཕག་ཙམ་བྱས་བྱུང་། ཅུང་ཟད་ཐག་རིང་ཡིན་པས། གསལ་པོ་ཞིག་ལབ་ཁག་པོ་འདུག་ཀྱང་། སྐྲ་ལོ་ནི་ནག་ལ་སྣུམ་པ།ལུས་པོ་ནི་དྲང་ལ་ལྡེམ་པ། ན་ཚོད་ནི་གཞོན་ལ་དར་བ་ཞིག་ཏུ་རྟོག་བཟོ་བྱེད་དགོས་བྱུང་། དེ་མཚུངས་སུ“ལྕེབ”ཅིག་མ་གཏོགས་གླེང་རྒྱུ་མེད་པའི་གཞོན་ནུ་མ་སྐོར་ཞིག་གི་མིང་ཡང་དྲན་བྱུང་མོད། ཁ་ལ་ཕུད་མ་ཕོད།

ང་ཚོས་ཕངས་སེམས་དྲག་པོ་ཞིག་གིས་མི་མང་པོ་བོས། སྙིང་རྗེ་ཚད་མེད་ཅིག་གིས་ཆུ་དཀྱིལ་བར་དུའང་བརྒལ། ས་ཡོངས་སུ་རུབ་པའི་ཚོད་ཅིག་ལ་བེམ་པོ་དེར་རེག་ཐུབ་ཙམ་བྱུང་།

ང་ཚོས་འཁུར་ལ་ཁད་དང་འཆི་ལ་ཁད་ཀྱི་དཀའ་བ་གྲངས་མེད་ཅིག་སྤྱད་རྗེས་ད་གཟོད་གབ་ཚིག་ལྟ་བུའི་རོའམ་མི་དེ་སྐམ་སར་བཏོན། དེ་དུས། སྨན་ཁང་གི་རླངས་འཁོར་སོགས་ཀྱང་ཐོན་ཡོད། ལོ་ལོན་ཚོས་མ་ཎི་དབྱངས་ལ་གྱེར། མཚམས་རེར་ངུ་སྐད་ཤབ་ཤུབ་རེ་ཡང་ཐོས་ཐུབ། ཚ་གསུར་ཕུད་པའི་དྲི་མ་ཞིག་ཀྱང་དཔག་ཚད་འགའ་ལ་ཁྱབ་ནས་ཡོད།

འོན་ཀྱང་། ནག་ཧང་ཧང་གི་འདམ་བག་རྣམས་ཡོངས་སུ་བསལ་རྗེས། ཕར་འབྲེལ་ཚུར་སྦྲེལ་གྱི་རྩྭ་རོ་དག་ལྷག་མེད་དུ་བཏུས་རྗེས། དེ་ནི་གཞན་མ་ཡིན་པར་འགྱིག་གིས་བྱས་པའི་ལུས་གསོབ་ཅིག་ཏུ་ཁོ་ཐག་ཆོད་སོང་བས། ཚང་མ་ཧང་ནག་པོ་སངས་དགོས་བྱུང་།

དེའི་རྗེས་སུ། མི་ཚོ་བགད་དྲགས་ནས་རྒྱུ་མ་ཡང་འཆད་དགོས་པའི་ཚད་ལ་གཏུགས། ལུས་གསོབ་དེར་བོད་ཆས་སྤྲས་ཡོད་ཁར། སྐེ་རྒྱན་དང་རྣ་ལོང་ཡང་རྩ་ཆེན་པོ་རྐྱང་རྐྱང་བསྐོན་ཡོད་པས། ལྷག་ཏུ་འདང་མི་ཕོག་ཨང་།

མཚན་མོའི་མུན་ཁྲོད་ནས་རིམ་གྱིས་བལྟས་ན། གཟབ་ནན་དང་ཡིན་མདོག་གི་དུད་ཁྱིམ་མང་པོའི་སྒེའུ་ཁུང་གློག་འོད་ཀྱིས་སྦར་འདུག་ལ། ཅི་ཡང་མ་བྱུང་བ་ལྟར་དུ་སྣང་མོད། ལུས་གསོབ་འདིའི་བདག་པོ་དེ་འདྲའི་ཐག་རིང་ཞིག་ན་ཡོད་མི་སྲིད་པས། ཁོ་རང་ཡང་སྙིང་སུ་ཡིན་པ་དང་། དེ་ལ་ཅི་ཞིག་བྱུང་བ། མི་ཞེས་པ་འདིའི་རྒྱུད་ན་དོན་གྱིས་ག་རེ་ཡོད་པ་སོགས་ནི། ཅིས་ཀྱང་དཔོག་ཐབས་བྲལ་བ་ཞིག་མིན་ནམ་སྙམ་མོ།།

ད་ཚོད་བཙལ་ནའང་མི་རྙེད་པའི་ཟམ་པ་དེ་དང་ཆུ་དེ། འདྲ་ཆགས་པའི་ཁ་ངོ་དེ། འཕག་ཙམ་བྱས་བྱུང་བ་ལྟ་བུའི་ལུས་པོ་དེ། མི་སྲོག་ཅིག་སྐྱོབ་ཀྱིན་ཡོད་འདོད་པའི་ང་ཚོའི་ཀུན་སློང་དེ། འཁྲུག་ཆ་དོད་པའི་འདུ་འཛི་དེ། ངོ་མས་ཐན་ལྟས་རེད་ཡ། འདི་ཐམས་ཅད་དུས་ཚོད་ཀྱི་ཕྱི་རོལ་ནས་བྱུང་བ་འདྲ་ལ། ཡང་འདི་ཡོད་ཚད་ཚེ་སྲོག་གི་ནང་རོལ་ནས་བྱུང་བའང་འདྲ།

སྒྲུང་འདི་འབྲི་སྐབས་སུ། ངའི་སྔུན་གྱི་ཐེ་གེ་དེ་ཚོ་ཅུང་ཟད་འགུལ་བཞིན་འདུག དཔེ་སྲིད་རྒྱུ་མ་རེད་ཨང་། ངས་ཞིབ་ཏུ་བལྟས་པས། མིག་ཀྱང་རབ་རིབ་ཏུ་གྱུར། འཁྲུལ་སྣང་ཡིན་སྲིད་དམ། ངས་ཐེ་གེ་དེ་ཚོའི་བར་གསེང་ནས་ལུག་གི་ཡིན་སྲིད་པའི་མགོ་སུག་མང་པོ་མཐོང་བྱུང་། ངོ་མ་ཡ་མཚན་རེད་ཡ། ཇ་ཧུབ་གང་མིད་པའི་ཡུན་ལ་ཐེ་གེ་ལ་ལས་འཕག་འཚག་བརྒྱབ་སོང་། ཐེ་གེ་འགའ་རེས་རིལ་མ་བཏང་སོང་། ཐེ་གེ་ཁག་ཅིག་གིས་འབའ་ལྡིར་བྱས་སོང་།

མཐར་ཐེ་གེ་རེ་རེ་ལུག་རེ་རེར་གྱུར་ཁར། ལུག་རེ་རེ་ཡང་ལུག་བཅུ་ཁ་བཅོ་ལྔའི་ཡན་དུ་འཕེལ་བྱུང་།

ངས་རང་ལ་ཅིག་མ་འགྲིག་ཐལ་བསམས་ནས། ཆེད་དུ་ཅོག་ཙེ་ལ་དམིགས་པ་གཏད་པ་ཡིན་མོད། གཏད་དང་མ་གཏད་མི་འདུག ཅོག་ཙེ་ལས་རྫ་རི་ཞིག་ཀྱང་གློ་བུར་དུ་མངོན་བྱུང་། རྫ་སྐེད་དུ་ལུག་ཁྱུ་ཡང་དཀར་མེར་མེར་བྱེད། འདི་ལ་ཐེ་གེའི་ལུག་ཁྱུ་ཟེར་རུང་ངམ། དེ་དང་ཆབས་ཅིག་མཚོ་ཆུང་ཞིག་ཀྱང་བརྡོལ་བྱུང་། མ་གཞི་མཚོ་ཆུང་དེའི་ཆ་ཤས་ཤིག་ངའི་དཀར་ཡོལ་ཡིན་དགོས་པ་འདྲ།

འདང་ཞིག་བརྒྱབ་ན། ཐེ་གེ་ནི་རུས་པ་དཀར་སེང་རང་རེད། ཡིན་ནའང་དེ་ཐོག་མ་ཉིད་ནས་རུས་པ་དཀར་སེང་ཡང་མ་རེད། བྱུང་རིམ་ཕྱིར་ལ་དེད་ན་ཐེ་གེ་རེ་རེ་ནི་ཁྲག་གིས་གཡོགས་པའི་གཟུགས་གཞི་ཡང་རེད། ཤ་ཚིལ་གྱིས་བརྒྱངས་པའི་དོན་སྣོད་ཀྱང་རེད།

ད་དུང་ཐེ་གེའི་ངོས་རེ་རེ་ལ་མཚོན་དོན་མི་འདྲ་བ་ཡང་ཡོད་དེ། ཁ་ངོ་རབ་ཏུ་ཆེ་བའི་སེང་གེ་དང་། གྲང་ངར་གྱིས་མི་སོད་པའི་ཁྱི། ཏོག་ཙམ་མ་གཏོགས་གཉིད་མི་དགོས་པའི་རྟ། སུས་ཀྱང་དམན་སར་གཅོད་པའི་བོང་བུ། སྲོག་སྲ་མོ་མེད་ཀྱང་ཤ་ཞིམ་པོ་ཡོད་པའི་ལུག བྲག་ཐེམ་ལ་ཧ་ཅང་དགའ་བའི་ར་མ་བཅས་རེད།

ང་ཅི་ཞིག་ལས་སད་པ་ལྟ་བུ་བྱུང་དུས། ངའི་སྔུན་ན་ཡོད་པ་ནི་ཅོག་ཙེ་ཞིག་དང་། ཐེ་གེ་སྐོར་ཞིག ཇ་དཀར་ཡོལ་གང་བཅས་རེད། ངས་གཞི་ནས་དྲན་བྱུང་། ང་ནི་ཟ་ཁང་ཞིག་ན་ཡོད་འདུག ཟ་ཁང་འདི་ཟ་ཁང་མ་ཡིན་པའི་གོང་ལ། འདིའི་ཤུལ་དུ་སྲང་ལམ་ཞིག་ཡོད། སྲང་ལམ་དེར་ཚོང་ཁང་འགའ་ཡང་གདའ། ས་རུབ་ཐེངས་རེ་རེར་ཚོང་ཁང་རེ་རེའི་སྒོ་ཐོད་ཀྱི་གློག་ཡིག་ལ་འོད་སྣང་མཆེད་ཅིང་། འོད་ངོགས་དེ་ནས་ཁ་བ་འབབ་པར་བལྟས་ན་ཡིད་སེམས་དྲག་ཏུ་སྐྱོ་ཡོང་། ཕལ་ཆེར་ཁ་བ་འབབ་པའི་མཚན་མོ་རེ་རེར་འོད་ངོགས་དེ་རུ་མི་ཞིག་ཅིས་ཀྱང་འགྲེང་ནས་ཡོད་སྲིད། དེ་ནི་ང་མིན་ན་འགྱིག་གི་བུ་མོ་དེ་ཡིན་ཡང་སྲིད། མོ་མིན་ན་མོའི་བདག་པོ་དེ་རང་ཡིན་ཡང་སྲིད།

གང་ལྟར། ངའི་བརྩམས་སྒྲུང་གི་ཐེ་གེ་འབབ་ལུགས་གཞན་དང་ཅུང་ཟད་མི་འདྲ་ཡང་། གཞི་རྩ་ཐེ་གེ་ཡིན་པའི་ཆ་ནས་ཁྱད་པར་ཡང་ཆེན་པོ་མེད་པ་འདྲ། །