ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཀུན་སྤྱོད་དང་ཁྲིམས་ལུགས་ཀྱི་འབྲེལ་བའི་གལ་ཆེན་རང་བཞིན་སྐོར་གླེང་བ།

སྤྱིར་ཀུན་སྤྱོད་དང་ཁྲིམས་ལུགས་གཉིས་ཀྱི་བྱུང་ཚུལ་ཐད་དུ་ལྟ་ཚུལ་མི་མཐུན་པ་གཉིས་ཡོད་དེ། ཁྲིམས་ལུགས་སྔ་བ་དང་ཡང་ན་ཀུན་སྤྱོད་སྔ་བ་ཞེས་རིགས་གཉིས་བྱུང་ཡོད་མོད། འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་ཁྱུག་ཙམ་བལྟས་ཚེ་ཀུན་སྤྱོད་དང་ཁྲིམས་ལུགས་གཉིས་ཀྱི་གང་སྔོན་དུ་བྱུང་བ་རང་བཞིན་གྱིས་གསལ་བར་བྱེད་ལ། ཀུན་སྤྱོད་ནི་སྔོན་དང་ཁྲིམས་ལུགས་ནི་རྗེས་སུ་བྱུང་བ་སྟེ། ཆེས་སྔ་བའི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ནང་དུ་མི་དང་མིའི་བར་འབྲེལ་འདྲིས་བྱུང་བ་དང་བསྟུན་ནས་མི་ཡོངས་ཀྱིས་ཐུན་མོང་དུ་འདོད་པའི་ཀུན་སྤྱོད་ཀྱང་ཡུན་གྱིས་གྲུབ་ལ། རིམ་གྱིས་ཐོན་སྐྱེད་འཚོ་བའི་ཁྲོད་གོ་གནས་གལ་ཆེན་ཟིན་ཏེ་མིའི་རིགས་ཀྱི་སྤྱི་ཚོགས་ཁྲོད་ཀུན་སྤྱོད་ཀྱི་ཚད་གཞི་འཐུས་ཚང་ཅན་དང་མ་ལག་ཅན་དུ་འགྱུར་མགོ་བརྩམས། ཁྲིམས་ལུགས་ནི་གྲལ་རིམ་གྱི་དབྱེ་བ་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བྱུང་བའི་རྨང་གཞིའི་སྟེང་ཚོགས་པའམ་ཐུན་མོང་གི་ཁེ་ཕན་སྲུང་སྐྱོབ་བྱེད་པར་ཆེད་དུ་བཟོས་པ་ཞིག་ཡིན་པས། ཁྲིམས་ལུགས་ནི་ཀུན་སྤྱོད་ཀྱི་རྗེས་སུ་བྱུང་བ་ཤར་ནུབ་ལོ་རྒྱུས་སྨྲ་བ་ཀུན་གྱིས་བཞེད། འདས་ཟིན་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཀུན་སྤྱོད་དང་ཁྲིམས་ལུགས་ནི་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་རམ་འདེགས་ཀྱི་ཚུལ་དུ་གནས་ཡོད་ལ། ཆེ་ས་ནས་འགྲོ་བ་མིའི་རིགས་ཀྱི་འཕེལ་རྒྱས་དང་ཆུང་ས་ནས་མི་སྒེར་ཡན་ཆད་དུ་ཤུགས་རྐྱེན་ཐེབས་བཞིན་ཡོད་པས། གཤམ་དུ་ཀུན་སྤྱོད་དང་ཁྲིམས་ལུགས་བར་གྱི་འབྲེལ་བ་དང་དེ་གཉིས་ཀྱི་གལ་ཆེན་རང་བཞིན་གྱི་སྐོར་ནས་རང་བློ་མ་སྨིན་པའི་ལྟ་ཚུལ་ཁ་ཤས་འདོན་པར་བྱ་བ་ལ།

དང་པོ། ཀུན་སྤྱོད་དང་ཁྲིམས་ལུགས་ཀྱི་འབྲེལ་བ།

“རྟོགས་པ་ལྷ་དང་མཉམ་ཡང་། སྤྱོད་པ་མི་དང་བསྟུན་དགོས།”ཞེས་པ་ལྟར་སྤྱི་ཚོགས་ཀྱི་གཞི་རྩའི་བླང་བྱ་རྣམས་ཚུལ་མཐུན་སྒོས་ལག་ལེན་བྱས་ཚེ། བཅའ་ཁྲིམས་དང་རྩ་ཁྲིམས་གང་རུང་གི་རྩ་བའི་བླང་བྱ་ལའང་མ་བགྲོས་རང་མཐུན་གྱིས་བསྟུན་པར་བྱས་ཡོད་ལ། ཁྲིམས་མཐུན་ངང་ལས་དོན་གང་ཞིག་གཉེར་ཚེ་ཀུན་སྤྱོད་ཀྱི་ཚད་གཞི་ལའང་རྨ་མི་ཕབ་པར་བྱས་ཡོད་པ་འདི་ལས། ཀུན་སྤྱོད་དང་ཁྲིམས་ལུགས་གཉིས་ཀྱི་མཐུན་པའི་ཆ་མངོན་པར་བྱེད་ལ། ལྷག་པར་སྤྱི་དམངས་ཡོངས་ཀྱི་མི་ཆོས་ཀུན་སྤྱོད་ཀྱི་ཚད་གཞི་མཐོ་རུ་ཕྱིན་ཚེ། སྤྱི་ཚོགས་བདེ་འཇགས་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཆེད་དུ་བཟོས་པའི་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་བྱེད་པར་ཡང་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད། དཔེར་ན་རྒྱལ་གཅེས་རིང་ལུགས་ནི་མི་སྒེར་དང་ཐུན་མོང་གིས་མེས་རྒྱལ་ལ་བཅངས་པའི་བརྩེ་བ་དང་མེས་རྒྱལ་གྱི་བྱ་གཞག་མཐའ་དག་ལ་རྒྱབ་སྐྱོར་བྱེད་པའི་རྣམ་འགྱུར་ཞིག་ཡིན་པར་མ་ཟད། དེ་ནི་མི་རྣམས་ཀྱིས་རང་གི་གཞིས་ཁྱིམ་དང་རང་གི་མི་རིགས། དེ་བཞིན་རང་གི་རིག་གནས་བཅས་ལ་གཅེས་སྐྱོང་དང་རྒྱུན་འཛིན་བྱེད་པའི་ཀུན་སྤྱོད་ཀྱི་འགན་འཁྲི་ཞིག་ཀྱང་ཡིན། མ་ཟད་རྒྱལ་གཅེས་རིང་ལུགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་ཁྱབ་རིན་ཐང་གི་སྲོག་ཤིང་ལྟ་བུའང་ཡིན་པས་རང་རེའི་སློབ་གསོའི་སྐོར་གྱི་བཅའ་ཁྲིམས་དུའང་གཞོན་རབས་པ་རྣམས་ཀྱི་རྒྱལ་གཅེས་བསམ་བློ་མཐོར་འདེགས་དང་གོང་འཕེལ་གཏོང་བར་ནན་སྐུལ་བྱེད་བཞིན་ཡོད། རྒྱལ་གཅེས་བསམ་བློ་དེའང་ཀུན་སྤྱོད་ཀྱི་བསམ་བློ་དང་འབྲེལ་བ་ཤིན་ཏུ་དམ་པ་སྟེ། མེས་རྒྱལ་ནི་རང་གི་ཁྱིམ་གཞིས་དང་རང་གི་ཕ་ས་ཕ་ཡུལ་ལྟ་བུ་ཡིན་པས་དེ་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པ་ནི་ཀུན་སྤྱོད་ཀྱི་རྩ་བའི་བླང་བྱ་དང་མཐུན་ལ། ཀུན་སྤྱོད་དང་ཁྲིམས་ལུགས་ཡ་མ་བྲལ་བར་ད་ལྟའི་གཞོན་རབས་པ་དག་གི་རྒྱལ་གཅེས་བསམ་བློ་མཐོར་འདེགས་དང་འཐུས་ཚང་ཅན་དུ་གཏོང་བར་འབད་པ་ལྷུར་ལེན་བྱས་ཏེ། རྨོངས་པ་དང་ལྟར་སྣང་གི་རྒྱལ་གཅེས་བསམ་བློ་ཡིན་པར་སྙམ་པའི་སྤྱོད་ལམ་ལ་བཀག་འགོག་དང་ལམ་སྟོན་གནང་ཚེ། སྤྱི་ཚོགས་ཁྲིམས་ལུགས་དང་མི་ཆོས་ཀུན་སྤྱོད་གཉིས་གཅིག་རམ་གཅིག་འདེགས་དང་ཕན་ཚུན་གཞོགས་འདེགས་ངང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་ཐུབ། ཡང་ཁྲིམས་ལུགས་འགན་འཁྲི་དང་ཀུན་སྤྱོད་བླང་བྱ་གཉིས་གཞི་གཅིག་ཏུ་སྒྲིལ་བར་བྱེད་པའི་དཔེ་གཞན་ཞིག་ནི་ཕ་མའི་དྲིན་ལན་གསབ་པའི་སྐོར་ཡིན་ལ། ཕ་མའི་དྲིན་དྲན་པ་དང་དྲིན་གཟོ་བ། དྲིན་ཤེས་པ་བཅས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུ་ཧ་ཅང་གལ་ཆེ་བའི་སྤྱོད་བཟང་ཞིག་ཡིན་པར་མ་ཟད། འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་ལེགས་པོ་ཞིག་ཀྱང་ཡིན་པས། རང་རེའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་ནང་དུའང་ཕ་མའི་དྲིན་དྲན་པ་དང་ཕ་མར་དྲིན་གཟོ་བ། ཕ་མའི་དྲིན་ཤེས་པ་བཅས་ཀྱི་འགན་འཁྲི་གཏན་འཁེལ་བྱས་ཡོད། བུ་ཕྲུག་གང་ཞིག་གིས་རང་གི་ཕ་མར་གཉོར་སྐྱོང་དང་རོགས་རམ་བྱེད་པའི་འོས་འགན་མ་བསྒྲུབས་ཚེ་ཀུན་སྤྱོད་ཀྱི་གླེང་ཕྱོགས་བཟོ་བར་མ་ཟད། འབྲེལ་ཡོད་ཁྲིམས་ལུགས་ཀྱིས་ཀྱང་ཉེས་ཆད་གཅོད་པར་བྱེད། དེ་བས་ཁྲིམས་ལུགས་ནི་ཆེས་དམའ་བའི་ཀུན་སྤྱོད་ཀྱི་ཚད་གཞི་ཞིག་ཡིན་ལ་ཀུན་སྤྱོད་ནི་དེ་ལས་ལྡོག་སྟེ་ཆེས་མཐོ་བའི་ཁྲིམས་ལུགས་ཤིག་གོ །

གཉིས་པ། ཀུན་སྤྱོད་དང་ཁྲིམས་ལུགས་ཀྱི་གལ་ཆེན་

རང་བཞིན།

དེ་ཡང་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་ཞབས་ཀྱིས“དྲང་པོ་ཞེས་བྱའི་ཡོན་ཏན་ནི། །ཡོན་ཏན་ནང་ན་ཡོན་ཏན་མཆོག །མི་ཆོས་གཙང་མའི་སྙིང་པོ་སྟེ། །”ཞེས་གསུངས་པ་ལྟར།ཀུན་སྤྱོད་ནི་དོན་ལ་ལེགས་ཉེས་ཀྱི་སོ་མཚམས་འབྱེད་བྱེད་དང་འཇུག་ལྡོག་གི་སྤང་བླང་དབྱེ་བའི་མི་ཆོས་ཀྱི་བསམ་བློ་གལ་ཆེན་ཞིག་ཡིན་པས་ན་ཡོན་ཏན་ནང་གི་མཆོག་ཏུ་གྱུར་པ་ཞིག་ཡིན་ལ། ལྷག་པར་གཞུང་དྲང་ཞིང་སྲི་ཞུ་ཆེ་བ། ཁྲེལ་དང་ངོ་ཚ་ལྡན་པ་ཞིག་བྱ་རྒྱུ་ནི་ཀུན་སྤྱོད་ཀྱི་གཞི་རྩའི་བླང་བྱ་ལྟ་བུར་ཆགས་འདུག་པས།ཀུན་སྤྱོད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། ཡང་མར་ཁེ་སི་ཡིས“ཀུན་སྤྱོད་ནི་དོན་དངོས་ཐོག་གྲལ་རིམ་མི་འདྲ་བ་དང་ཐ་ན་ལས་རིགས་མི་འདྲ་བ་གང་ཞིག་ཡིན་རུང་སོ་སོར་ལྡན་དགོས་པ་ཞིག་རེད”ཅེས་པ་ལས་ཀྱང་ཀུན་སྤྱོད་ཀྱི་གལ་ཆེན་རང་བཞིན་བཤད་འདུག་པ་འདི་ལྟ་སྟེ། ཀུན་སྤྱོད་ལ་སྤྱི་ཚོགས་ཀྱི་གོམས་སྲོལ་ཡག་པོ་རྒྱུན་འཛིན་བྱེད་པའི་ནུས་པ་དང་མི་དམངས་ལ་ཕན་བདེ་བསྐྲུན་ཐུབ་པའི་ནུས་པ་ལྡན་པར་མ་ཟད། དྲང་པོ་དྲང་གཞག་ཡོང་ཐུབ་པའི་རྨང་རྡོ་ལྟ་བུར་གྱུར་ཡོད་པ་འཁྲུལ་མེད་དུ་སྣང་། ཀུན་སྤྱོད་ཀྱིས་མི་དང་མིའི་བར་གྱི་འབྲེལ་བ་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་ཐུབ་པ་སྟེ།གུང་ཐང་བསླབ་བྱ་ལས“ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད”ཅེས་པ་ལྟར་རོ། །དེ་ནས་ཁྲིམས་ལུགས་ཀྱིས་སྤྱི་ཚོགས་ཀྱི་སྒྲིག་གཞི་ལ་དོ་སྣང་ཆེན་པོ་བགྱིས་ཏེ། ཁ་གསལ་བའི་སྒོ་ནས་སྤྱི་ཚོགས་ཀྱི་ཁོངས་མིའི་བྱ་བ་དང་སྤྱོད་པ་ཚད་ལྡན་དུ་གཏོང་ཐུབ་པ་དང་། དྲང་པོ་དྲང་གཞག་གི་སྒོ་ནས་དོན་ཆེ་འབྲིང་གང་ཡིན་ཐག་གཅོད་ཐུབ་པ། དཔེར་ན། འགྲིམ་འགྲུལ་བཅའ་ཁྲིམས་ལ་ཆ་བཞག་པ་ཡིན་ན། གཞུང་ལམ་ནང་བགྲོད་མཁན་དང་འབྲེལ་ཡོད་ཀྱི་ལེགས་ཉེས་བྱ་སྤྱོད་གང་ཡིན་ཡང་དེ་ལ་དེར་བསྟུན་གྱི་བློ་གཟུ་བོའི་སྒོ་ནས་ཐག་གཅོད་བྱ་ཐབས་ཡོད།གཙོ་བོ་ཀུན་སྤྱོད་རང་བཞིན་ལྡན་པའི་བཅའ་ཁྲིམས་ནི་བློ་གཟུ་བོར་གནས་པ་ཞིག་རེད། ཐོག་མར་ཀུན་སྤྱོད་ནི་མིའི་རིགས་སྤྱི་ཚོགས་ཀྱི་བསམ་པའི་སྲོག་ཤིང་ཡིན་པ་དང་། མི་རྣམས་ཀྱི་བྱ་སྤྱོད་ཀྱི་ཚད་གཞི་ཞིག་ཡིན། ཀུན་སྤྱོད་ཀྱིས་སྤྱི་ཚོགས་ཀྱི་སྒྲིག་སྲོལ་བརྩི་སྲུང་དང་། མི་གཞན་གྱི་ཁེ་དབང་ལ་བརྩི་འཇོག་བྱས་ནས་སྤྱི་ཚོགས་ཀྱི་སྲོལ་བཟང་པོ་ཆགས་པར་སྣེ་ཁྲིད་ཐུབ། ད་དུང་མི་ཆོས་གཙང་མ་བཅུ་དྲུག་ལས། “གཞི་དྲང་པོ་བྱ་ཞིང་བློ་སེམས་དཔང་དུ་འཇོག་པ་དང་།ལས་དང་སྤྱོད་པ་མཐའ་དག་ཡ་རབས་ཀྱི་རྗེས་སུ་འབྲང་བ”ཞེས་པ་ནི། ཡ་རབས་ཀུན་སྤྱོད་ཀྱི་ཚད་གཞིར་བརྗོད་ཡོད་དེ། གང་དུ་གནས་ཀྱང་བསམ་པའི་ཀུན་སྤྱོད་ནི་ཡལ་བར་འདོར་མི་རུང་བ་དང་། ལེགས་ཉེས་བླང་དོར་གྱི་ཚད་གཞི་ཤེས་ནས་ཡ་རབས་ཀུན་སྤྱོད་ཀྱི་རྗེས་སུ་འབྲངས་དགོས་པ་འཆད་འདུག དེ་ལས་གཞན་མི་ཆོས་གཙང་མ་བཅུ་དྲུག་ལས་སྤྱི་ཚོགས་དང་མཐུན་པའི་ཡ་རབས་སྤྱོད་བཟང་དང་། མ་རབས་ཐ་ཤལ་གྱི་དབྱེ་བ་བྱས་ཏེ། ལེགས་པའི་ལམ་ལ་འཇུག་པར་བྱེད་པའི་ཁྲིམས་ལུགས་ཀྱི་གལ་ཆེན་རང་བཞིན་ལ་བསྔགས་པར་བྱས་ཡོད།

གསུམ་པ། མཇུག་བསྡུ་བ།

མདོར་ན། འཐུས་སྒོ་ཚང་བའི་ཀུན་སྤྱོད་མ་ལག་ལ་བརྟེན་ནས་ཁྲིམས་ལུགས་ཀྱི་མི་གཤིས་རང་བཞིན་ཇེ་ལེགས་སུ་གཏོང་བ་དང་། འཆམ་མཐུན་གྱི་སྤྱི་ཚོགས་བསྐྲུན་པར་བྱས་ཏེ་ཀུན་སྤྱོད་ཀྱི་ཆེས་མཐོའི་རང་བཞིན་ཕྱིར་མངོན་པར་བྱེད་རྒྱུ་ཧ་ཅང་གལ་འགངས་ཆེ། དེ་བཞིན་ཀུན་སྤྱོད་ནི་ཆབ་སྲིད། དམག་དོན་དང་ཡུལ་སྲོལ་གོམས་གཤིས་སོགས་དང་ཡེ་ནས་མི་འདྲ་བར་ཐོག་མཐའ་བར་གསུམ་དུ་དྲང་པོ་དྲང་གཞག་གི་ལས་ལ་བརྩོན་པའི་བགྱི་བ་ལྷུར་ལེན་པར་བྱེད་ལ། ལེགས་བསླབས་ཉེས་བཅོས་ཀྱི་སྒོ་ནས་སྐྱེ་བོ་གང་དེའི་སྒོ་གསུམ་དྲང་པའི་ལམ་ལ་འཁྲིད་རྒྱུ་དམིགས་ཡུལ་དུ་འཛིན་པར་བྱེད། ཁྲིམས་ལུགས་ཀྱིས་སྐྱེ་བོ་གང་དེའི་མི་སྒེར་གྱི་ཁེ་ཕན་ལ་རྡོག་བརྫིས་གཏོང་སྐབས་འབྲེལ་ཡོད་ཁྲིམས་ལུགས་བཅའ་ཁྲིམས་གཞིར་བཟུང་ནས་ཁེ་དབང་ལ་སྲུང་སྐྱོབ་དང་ཁྲིམས་མིན་ལུགས་མིན་གྱི་མ་རུང་བའི་སྤྱོད་ཚུལ་བཀག་འགོག་བྱེད་པས་ན། དེ་གཉིས་ནི་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་འབྲེལ་བ་ལྡན་པ་ཞིག་ཡིན། དེ་བས་ཁྲིམས་ལུགས་ནི་ཆེས་དམའ་བའི་ཀུན་སྤྱོད་ཀྱི་ཚད་གཞི་ཞིག་ཡིན་ལ་ཀུན་སྤྱོད་ནི་དེ་ལས་ལྡོག་སྟེ་ཆེས་མཐོ་བའི་ཁྲིམས་ལུགས་ཤིག་གོ་ཞེས་སྲིད་པའི་ཁམས་སུ་རླུང་ལྟར་སྒྲོག་འོས་སོ། །