ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཕོ་ལོ་ཉི་ཤུའི་སྒོ་ཐེམ་བརྒལ་རྗེས།

1

ཕ་མ་དང་ཉེ་འབྲེལ་ཚོས་བཤད་པ་ལྟར་ན། ངའི་སྐྱེ་བ་སྔོན་མ་ནི་འགྲིམ་འགྲུལ་དོན་རྐྱེན་ལས་ཤི་བའི་མི་ཞིག་རེད་ཟེར། སྔོན་མར་དེང་སང་ནང་བཞིན་འགྲིམ་འགྲུལ་སྟབས་བདེ་མེད་སྐབས། མི་རྣམས་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ལ་བསྡད་ནས་གནས་སྐོར་དང་ཚོང་ཟོང་ལེན་པར་འགྲོ་བ་རེད་ཟེར།ཉིན་ཞིག ཡུལ་མི་མང་པོ་ཞིག་དང་མཉམ་དུ་དབུས་ཀྱི་ཕྱོགས་སུ་གནས་སྐོར་ལ་འགྲོ་སྐབས། སྟབས་མ་ལེགས་པར་རླངས་འཁོར་སྦུབས་ནས་མི་གསུམ་རྐྱེན་ལམ་དུ་ཤོར། དེའི་ཁྲོད་དུ་ལོ་ན་ཉི་ཤུའི་སྒོ་ཐེམ་བརྒལ་མ་ཐག་པའི་ཕོ་གསར་ཞིག་ཡོད་པ་ནི་ངའི་སྐྱེ་བ་སྔོན་མ་རེད་ཟེར།

2

ང་རང་བྱིས་པ་ཡིན་དུས་རླངས་འཁོར་མང་པོ་མཐོང་རྒྱུ་མེད་རུང་། མཚམས་མཚམས་སུ་རྒྱ་ལྕགས་ཉོ་མཁན་ཁ་ཤས་ཀྱིས་ཟོང་འཁོར་དཀར་པོ་བཏང་ནས་ཡོང་གི་འདུག སྐབས་དེ་དུས། ངས་རླངས་འཁོར་གྱི་སྒྲ་གོ་ཙམ་བྱས་པས་ཀྱང་ཤིན་ཏུ་སྐྲག དེ་ཡང་སྤྱིར་བཏང་གི་སྐྲག་སྣང་ཙམ་དང་རྩ་བ་ནས་མི་འདྲ།ཉིན་ཞིག རྩེད་གྲོགས་ཁ་ཤས་དང་ལྷན་དུ་རྩེད་འཇོར་རོལ་སྐབས། རླངས་འཁོར་གྱི་སྒྲ་ཞིག་ངའི་རྣ་བའི་བུ་གར་ལྷུང་སོང་། ལམ་སང་མདུན་ཕྱོགས་སུ་མིག་ཟུང་ཅེར་སྐབས་ཟོང་འཁོར་དཀར་པོ་ཞིག་ངེད་ཚང་གི་ཕྱོགས་སུ་ཡོང་བཞིན་འདུག མཚམས་དེར། ང་རང་སྐྲག་ནས་ཚོར་བ་མག་མོག་དང་རབ་རིབ་ཏུ་གྱུར། སྒྲ་དེ་ངའི་རྣ་བའི་བུ་ག་དང་བར་ཐག་ཇེ་ཉེ་ནས་ཇེ་ཉེར་ཕྱིན་པ་ན། ང་ལ་གཞི་ནས་འབྲོ་རྒྱུའི་བློའང་སྐྱེས་བྱུང་། ངས་རྩེད་གྲོགས་ཚོར“ང་ཚོ་ཁང་པའི་རྒྱབ་ལོགས་སུ་འབྲོ”ཞེས་ལབ་པ་ཡིན། ཡིན་ཡང་། ཁོ་ཚོས་ང་ལ་ཨ་ལན་གང་ཡང་བྱིན་མ་བྱུང་། ཁོ་ཚོ་ནི་རླངས་འཁོར་མཐོང་ན་དགའ་སྣང་བྱེད་པ་མ་གཏོགས་སྐྲག་སྣང་སྐྱེ་མཁན་གཅིག་ཀྱང་མི་འདུག ངས་གོམ་པ་ཁང་པའི་རྒྱབ་ལོགས་སུ་ཕྱོགས་ནས་མྱུར་མོར་བྲོས་པ་ཡིན།ཁང་པའི་རྒྱབ་ཏུ་སླེབས་རྗེས་ངའི་གཞུག་ཏུ་ང་ལས་ལོ་ན་གཅིག་ཙམ་གྱིས་ཆེ་བའི་སྲིང་མོ་ཞིག་ཀྱང་བྲོས་ནས་སླེབས་འདུག མོ་ནི་སྐྲག་ནས་བྲོས་ཡོང་བ་མིན་ནའང་། ནམ་རྒྱུན་གཞན་གྱིས་འཇིགས་སྐྲག་འདྲེས་པའི་སྐད་ཆ་འདྲ་མིན་སྣ་ཚོགས་བཤད་ན་ལམ་སང་སྐྲག་ནས་མིག་ཆུ་འཆོར་མཁན་ཞིག་ཡིན། ང་སྐྲག་དྲགས་པས་གཟུགས་པོ་ཡོངས་སུ་ཆུ་བླུགས་པ་ལྟར་བྱེད་ཅིང་འདར་ནས་གཏན་པོར་སྡོད་ཐུབ་ཀྱི་མི་འདུག ཡུན་ཙམ་སོང་རྗེས། རླངས་འཁོར་གྱི་སྒྲ་འཇགས་ཏེ་སྦྲགས་སྐད་འདྲེས་མའི་སྐད་ཆ་བཤད་མཁན་ཁ་ཤས་དང་རུ་སྐོར་གྱི་མི་དག་འདུས་ནས་ཁ་བརྡ་བྱེད་པའི་སྒྲ་འགའ་རྣ་ལམ་དུ་ལྷུང་། དེ་ལྟར་སྐྲག་སྣང་དང་སེམས་ཁྲལ་གྱི་ཁྲོད་དུ་ཡུན་རིང་ཞིག་ལ་ལུས། ཁང་པའི་གྲིབ་མས་ངེད་གཉིས་ཡོངས་སུ་བཀླུབས་རྗེས་སྲིང་མོས“ད་ནི་ཁོང་ཚོ་ལོག་ཚར་ཡོད་པ་འདྲ།ངེད་གཉིས་ཀྱང་ལོག་འགྲོ”ཟེར། འོན་ཀྱང་། ངས་རྣ་བ་ཇི་ལྟར་ཕར་ལ་བསྲིངས་རུང་ཁ་བརྡ་བྱེད་པའི་སྒྲ་ད་དུང་འཇགས་ཀྱི་མི་འདུག “ད་རུང་ལོག་མི་འདུག ཏོག་ཙམ་སྒུགས་དང”ཞེས་ལབ་པ་ཡིན། “ང་ལྟོགས་བྱུང་། འགྲོ་རྒྱུ་ཡིན”ཟེར་ནས་སྙིང་དུ་སྡུག་པའི་གྲིབ་གཟུགས་དེ་ཁང་པའི་གྲུ་ཟུར་ནས་ཧོབ་ཀྱིས་ཡལ་སོང་།ང་རང་གཅིག་པུ་གྱང་ངོས་སུ་ཁེན་ནས་ཉི་མའང་ནུབ་རིའི་རྩེ་ནས་བཞུད་རག་བར་དུ་བསྡད། ས་སྲོད་ཀྱི་མཚམས་སུ། གཞི་ནས་སེམས་ཀྱི་མེ་ལོང་ངོས་སུ་ཁོང་ཚོ་ལོག་ཚར་བའི་སྣང་བ་ཞིག་སྐྱེས་བྱུང་། ཆུ་བུར་མིག་གིས་ག་ལེར་ཁང་པའི་གྲུ་ཟུར་ནས་བལྟས་དུས། རླངས་འཁོར་གྱི་གྲིབ་གཟུགས་ཙམ་ཡང་མཐོང་རྒྱུ་མི་འདུག་ལ། ད་རེས་མི་དག་འདུས་ནས་ཁ་བརྡ་བྱེད་པའི་སྒྲ་ཡང་སྔ་མོ་ནས་ཡལ་ཟིན་པ་འདྲ།མཐའ་སྐོར་གྱི་ཁོར་ཡུག་ཀུན་ཀྱང་འཇམ་ཅག་གེར་འདུག དེ་ནས་ད་གཟོད་བླ་འཁྱམས་པ་ལྟར་འཐོམ་འཐོམ་ངང་ག་ལེར་ལོག་པ་ཡིན། གཟུགས་པོ་ཡོངས་སུ་འདར་ནས་ཚོར་བ་རྣོན་པོ་མེད་པའི་ཁར་ད་དུང་ཕྱི་དྲོ་ཧྲིལ་པོར་གྱང་ངོས་སུ་གཙེར་བས་རྒྱུན་ལྡན་ལྟར་བདེ་པོ་ཞིག་གཏན་ནས་མི་འདུག

ཁྱིམ་དུ་སླེབས་རྗེས་ཨ་མའི་པང་ལ་འཐམས་ནས་ངུས་པ་ཡིན། ཨ་མས“ཅི་བྱས་སོང”ཟེར་ནས་ཕྱག་ཟུང་འཇམ་པོས་ངའི་འགྲམ་པའི་གཡས་གཡོན་ལ་བྱིལ་བྱིལ་བྱས། ངས་མིག་ཆུ་དང་ངུ་སྐད་ལྷན་དུ“དེ་རིང་ཟོང་འཁོར་དཀར་པོ་དེ་སླེབས་དུས་ང་སྐྲག་ནས་ཁང་པའི་རྒྱབ་ཏུ་གབ་བསྡད་པ་ཡིན། མཚོ་མོའང་ཡོད་ཀྱང་མོ་ག་ལེར་ལོག་སོང་།ངའི་རྣ་ལམ་དུ་ཁ་བརྡ་བྱེད་བཞིན་པའི་སྒྲ་གཏན་ནས་འཇགས་ཀྱི་མི་འདུག་པས། ལོག་མ་ཕོད་པར་ད་བར་དུ་བསྡད་པ་ཡིན”སླར་ཡང་ཨ་མའི་ལུས་པོར་འཐམས་ནས་མིག་ཆུ་ཚད་མེད་ཤོར། སྐད་ཆ་དེ་དག་བཤད་ཚར་རྗེས་གཟུགས་པོ་ཡོངས་སུ་དྲོད་ཚད་འཕར་ནས་ཚོར་བ་ཅུང་དྭངས་སོང་། ཨ་མས“ཁག་མི་འདུག ངའི་བུ་སྐྲག་སོང་བ་རེད”ཟེར་ནས་ངག་འཇམ་པོས་སེམས་གསོ་བྱེད། ཕ་མ་གཉིས་ཀྱིས་ང་རང་རླངས་འཁོར་ལ་སྐྲག་པ་སྔོན་ནས་ཤེས་མོད། དེ་རིང་རླངས་འཁོར་དངོས་སུ་འབྱོར་དུས་ལྕགས་བཙོང་རྒྱུར་མགོ་འཁོར་ནས་བརྗེད་སོང་བ་འདྲ། ངུ་མཚམས་ཆད་རྗེས། གློ་བུར་དུ་ངའི་སྣ་ཁུང་ནང་ཟ་འཁྲུག་ལངས་བྱུང་། མཛུབ་མོས་རེག་ཙམ་བྱས་པས་སྣ་ཁྲག་ཐིགས་པ་ཁ་ཤས་ཟགས་བྱུང་། དུས་ཚོད་རིམ་གྱིས་ཕྱིན་རྗེས་སྣ་ཁྲག་མཚམས་ཆད་རྒྱུ་ཕར་ཞོག་ད་དུང་ཇེ་མང་ནས་ཇེ་མང་རེད། སྣ་ཁུང་བཀག་ན་ཁ་ནང་ནས་ཟགས་ཀྱི་འདུག ཕ་མ་གཉིས་བྱ་ཐབས་ཟད་དེ་སྨན་ཁང་དུ་འགྲོ་རྒྱུར་ཐག་བཅད། ཨ་ཕས“སྨན་ཁང་དུ་མ་སོང་ན་རྩ་བ་ནས་ཡོང་ས་མ་རེད། བདེ་སྐྱིད། ཁྱོད་ཀྱིས་གྲ་སྒྲིག་ཅིག་བྱོས་དང་། ངས་ཨ་ཕ་དང་འགྱུར་མེད་ལ་སྐད་བཏང་རྗེས་ལམ་སང་བསླེབ་ཡོང”ཟེར་ནས་འཚབ་འཚུབ་ངང་ཕྱིན་སོང་། ཨ་མས་ང་ལ་བོད་ལྭ་ཞིག་གཡོགས་ནས་སྨན་ཁང་དུ་འགྲོ་བར་གྲ་སྒྲིག་སྟབས་བདེ་ཞིག་བྱས། ཨ་མྱེས་དང་ཨ་ཁུ་འགྱུར་མེད་འབྱོར་རྗེས། ཨ་མྱེས་ཀྱིས“ཁྲག་འདི་འདྲ་མང་པོ་ཟགས་ན་ད་དུང་སྡོད་དམ། ཁྱེད་ཕ་མ་གཉིས་སྐྲག་གི་མི་འདུག་གམ། ད་ལམ་སང་འགྲོ”ཅེས་ཅུང་ཁྲོས་པའི་ངང་ནས་དེ་ལྟར་བཤད། དེ་ནས་ཨ་ཕ་ངེད་གཉིས་སྦག་སྦག་གཅིག་ལ་བཞོན། ཨ་མྱེས་དང་ཨ་ཁུ་འགྱུར་མེད་གཉིས་སྦག་སྦག་གཅིག་ལ་བཞོན་ནས་ལམ་ལ་ཆས།

3

མཚན་མོའི་སྐར་ཚོགས་ཁྲ་ཆེམ་མེར་བཀྲ་བའི་དུས་དེར་ང་ཚོ་རྫོང་ཐོག་ཏུ་འབྱོར། རྫོང་ཐོག་ཏུ་འབྱོར་རྗེས་སྣ་ཁྲག་ཆད་ནས་སྣང་བ་ཡང་རབ་རིབ་དང་མག་མོག་ལས་ཅུང་གྲོལ་ཏེ་ལུས་ཁམས་ཀྱང་ཅུང་བདེར་བབས་འདུག གཅིག་རྗེས་གཉིས་མཐུད་ངང་འོངས་པའི་རླངས་འཁོར་ཚོས་ང་ལ་གདོང་ཁ་བརྒྱབ་མི་ཡོང་ངམ་སྙམ་པས་དོགས་པ་དང་འཇིགས་སྐྲག་ཧ་ཅང་ཆེ། སྐྲག་སྣང་ཁྲོད་དུ་ཨ་ཕའི་རྒྱབ་ཏུ་འཐམས་ཏེ་ལམ་གྱི་གློག་སྒྲོན་དང་མཐོ་དམའ་མི་མཚུངས་པའི་ཁང་པ་དག་ལ་ཅེར་ནས་འདུ་འཛི་དང་ཟང་ཟིང་གི་དྲ་བར་ཡུན་རིང་ཚུད།ཨ་ཕས“ད་ལྟ་སྣ་ཁྲག་ཆད་འདུག སྔོན་ལ་སྨན་ཁང་དུ་མི་འགྲོ། བླ་མར་མཇལ་དུ་འགྲོ། དེ་ནས་ག་ལེར་བལྟ”ཟེར། ཨ་མྱེས་དང་ཨ་ཁུ་གཉིས་ཇ་ཁང་དུ་ཇ་འཐུང་ནས་བསྡད་སོང་། ཨ་ཕ་ངེད་གཉིས་བླ་མར་མཇལ་བར་ཕྱིན། བླ་མའི་གམ་དུ་འབྱོར་རྗེས་ཨ་ཕས་ངའི་སྐྱེ་བ་སྔོན་མའི་སྐོར་སོགས་གནས་ཚུལ་དག་རེ་རེ་བཞིན་བླ་མར་ཞུས།བླ་མས“སྐྱོན་ཆེན་པོ་མི་འདུག ཕྲུ་གུའི་མིང་ལ་ཅི་ཟེར”ཞེས་དྲིས་བྱུང་། ཨ་ཕས“མགོན་པོ་ཤེས་རབ་ཟེར་ལགས། ཡུལ་ཕྱོགས་ཀྱི་བླ་མ་ཞིག་གིས་བཏགས་པ་རེད”ཟེར། བླ་མས་ཕྲེང་བ་ཐོད་ལ་སྦྱར་ཏེ་མོ་ཐེངས་གསུམ་བཏབ། ཨ་ཕས་མྱུར་དུ“མོ་ཅི་འདྲ་འདུག རིན་པོ་ཆེ”ཟེར། བླ་མས་“མིང་དེ་བརྗེས་ན་ཡག་པ་འདྲ། རྗེས་ཕྱོགས་ཁྱིམ་ཚང་དང་བུ་ཕྲུག་ཚང་མར་ཕན་ཐོགས་ས་རེད”ཟེར། ཨ་ཕས“ལགས་སོ། ། ལགས་སོ། ། ལོས་བརྗེ་ལགས། གང་འདྲ་ཞིག་བཏགས་ན་ཡག་ས་རེད”ཟེར་བར། བླ་མས་ཟུར་ནས་མེ་ལོང་ཞིག་བླངས་ཏེ་ངའི་སྤྱི་གཙུག་ཏུ་བཞག ཅུང་ཙམ་འགོར་རྗེས། “མགོན་པོ་རང་གྲོལ་ཞེས་ཐོགས་ཤིག”ཟེར། ཨ་ཕས“ལགས་སོ། ། སྐུ་དྲིན་ཆེ”ཞེས་བླ་མའི་མདུན་དུ་དམངས་སྒོར་བརྒྱ་དང་ཁ་བཏགས་ཡུག་གཅིག་ཕུལ་རྗེས་ག་ལེར་སྒོ་ཐེམ་བརྒལ་ཏེ་རྒྱ་ལམ་ཕྱོགས་སུ་ཕྱིན།

4

ཨ་མྱེས་དང་ཨ་ཁུའི་འགྲམ་དུ་འབྱོར་རྗེས། ཨ་ཕས“སྐྱོན་མི་འདུག་ཟེར། བླ་མས་མིང་གསར་པ་ཞིག་གནང་སོང་། རྗེས་ཕྱོགས་བུ་དང་ནང་མི་ཚང་མར་ཡང་ཕན་ཐོགས་པའི་ཆེད་དུ་ཡིན་ཟེར། དེ་མིན་སྐྱོན་མི་འདུག་ཟེར”ཞེས་བཤད་རྗེས། ཨ་མྱེས་དགའ་སྣང་དང་བཅས“བླ་མས་དེ་འདྲ་གསུངས་དུས་ད་སྐྱོན་མེད་སོང་བ་རེད། སྨན་ཁང་ཆེ་སར་སོང་ན་འགྲོ་གྲོན་ཆེ་ངེས་རེད། དུས་རྒྱུན་ངའི་སྨན་ལེན་ས་དེར་བསྟེན་ནས་ལོག་འགྲོ”ཟེར། ཨ་ཕས“གཅིག་པ་ཡིན། ད་ནི་བློ་བདེ་སོང”ཟེར། ང་ཚོ་དེ་ལྟར་སྦག་སྦག་ལ་བཞོན་ནས་སྒེར་བཙུགས་སྨན་ཁང་ཞིག་ལ་ཕྱིན། དེར་འབྱོར་རྗེས་ང་ཚོ་ཚང་མ་སྨན་ཁང་ནང་དུ་སོང་། སྨན་པས“སུ་ན་ཡི་འདུག”ཟེར་བར། ཨ་མྱེས་ཀྱིས“ངའི་ཚ་བོ་ན་ཡི་འདུག སྣ་ཁྲག་མང་པོ་ཟགས་སོང་། སྨན་ཅི་བསྟེན་ན་བཟང་ངམ”ཟེར། སྨན་པས་ངའི་ལག་པར་སྐར་མ་གཅིག་གཉིས་ཤིག་རེག་ནས“བྱིས་པའི་སེམས་ཁམས་བདེ་པོ་མི་འདུག་པའི་རྐྱེན་རེད”ཟེར་ནས་རིན་ཆེན་མང་སྦྱོར་ཞིག་བྱིན། ཨ་ཕ་དང་ཨ་མྱེས་ཀྱིས“ལགས་སོ། ། ལགས་སོ”ཟེར་ནས་ཕྱི་རུ་བུད་དེ་ཁྱིམ་དུ་ལོག་རྩིས་བྱེད། ད་ནི་དགོང་མོའི་ཆུ་ཚོད་བཅུ་གཅིག་ཡོལ་འདུག འོན་ཀྱང་། ང་ཚོ་མུ་མཐུད་ཕ་ཡུལ་གྱི་ཕྱོགས་སུ་ཆས།

ལམ་བར་དུ་ངའི་མིག་ལམ་དུ་ཅི་ཡང་གསལ་པོར་མཐོང་གི་མི་འདུག རྣ་ལམ་དུ་ཨ་ཕ་དང་ཨ་ཁུའི་སྦག་སྦག་གི་སྒྲ་འདྲིས་པོ་དེ་མ་གཏོགས་ཅི་ཡང་མི་གོ མཚན་གུང་ཆུ་ཚོད་དང་པོ་མ་ཟིན་གོང་ལ་རང་ཁྱིམ་དུ་འབྱོར། ཨ་མས་ལག་ཟས་ཞིམ་ཤོས་བག་ཐུག་ཅིག་བསྐོལ་ནས་སྔོན་ཆད་ཨ་ཕ་ཕྱི་ལ་ཕྱིན་རྗེས་ཕྱིར་ཁྱིམ་དུ་འབྱོར་སྐབས་ནང་བཞིན་ང་ཚོར་བསྒུགས་ནས་འདུག ཨ་མས་འཛུམ་དམུལ་དམུལ་ངང“ངའི་བུ་ཅི་འདྲ་འདུག”ཟེར། ཨ་ཕས་བླ་མས་གསུངས་པ་དང་སྨན་པས་བཤད་པ་ཆ་ཚང་རེ་རེ་བཞིན་དུ་བཤད། ཨ་མས“བུ་ལ་སྐྱོན་མེད་ན་བློ་བདེ་སོང་། རྗེས་མ་རླངས་འཁོར་སླེབས་ན་ནང་དུ་ཡག་པོ་སྡོད་ཨ”ཟེར། ངས“ཡ་ཡ”ཞེས་ལན་བཏབ་རྗེས། ང་ཚོས་མཉམ་དུ་ཨ་མའི་ལག་ཟས་བག་ཐུག་འཐུང་ནས་གཉིད་ཉལ་རྩིས་བྱས་ལ། ཨ་མས་འཐག་པའི་ཕྱ་ར་དེ་བཀབ་ནས་གཉིད་དུ་ཡུར།ཅུང་མ་འགོར་བར་རྨི་ལམ་གྱི་ཞིང་ཁམས་སུ་སླེབས། དེ་རིང་ནི་བོད་ཟླ་བཅུ་པའི་ཚེས་བཅུ་རེད། ང་རང་འཇིག་རྟེན་འདིར་ཚེ་སྲོག་གི་ཟེགས་མ་འཐོར་ནས་ལོ་ངོ་ཉི་ཤུ་ཏག་ཏག་ཕྱིན་པའི་ཉིན་མོ་རེད། འབྲོག་ཁུལ་དུ་དེང་སང་ནང་བཞིན་སྐྱེས་སྐར་གཏོང་སྲོལ་མེད་མོད། ཨ་མས“ཁྱེད་རང་བོད་ཟླ་བཅུ་པའི་ཚེས་བཅུ་ཉིན་སྐྱེས་པ་རེད”ཅེས་པའི་སྐད་ཆ་དེ་ངའི་ཡིད་ཀྱི་ལྷས་རའི་ནང་དུ་ལྕགས་ཀྱི་ཕུར་བ་བརྡབས་པ་བཞིན་བརྟན་པོར་ཉར་ཡོད།དེ་རིང་ནི་ང་རང་ལོ་ངོ་ཉི་ཤུ་ཧྲིལ་པོ་ལོན་པའི་ཉིན་མོ་ཡིན་པས། ངས་རང་གི་བྱིས་དུས་ཀྱི་འཚོ་བར་ཕྱིར་དྲན་ཐེངས་ཤིག་བྱེད་འདོད་སྐྱེས་བྱུང་། ཡིན་ནའང་། དེ་རིང་རྫོང་ཐོག་ཏུ་རླངས་འཁོར་ཞིག་གསོ་བྱེད་དུ་འགྲོ་དགོས་ཡོད། ཉིན་ཤས་སྔོན་ཕྱིན་མོད་ཅ་ལག་དེ་མི་འདུག ཁ་སང་ཕྱི་དྲོར་ཁ་པར་འབྱོར་ཏེ་ཅ་ལག་བསླེབས་ཡོད་པ་དང་། མགྱོགས་པོར་མ་སོང་ཚེ་ཅ་ལག་རྫོགས་ཉེན་ཆེ་ཟེར་བས། རྒྱུན་ལྡན་ལྟར་ཆ་སྒམ་ཐོག་གི་རླངས་འཁོར་གྱི་ལྡེ་མིག་དེ་ཁྱེར་ནས་ཁྱིམ་གྱི་སྒོ་ཐེམ་བརྒལ་ནས་རླངས་འཁོར་ཕྱོགས་སུ་ཕྱིན་པ་ཡིན། ངའི་སེམས་ཀྱི་སྐྱ་ཡ་བཞིན་ཉིན་མཚན་ཀུན་ཏུ་ཡིད་ཀྱི་ནམ་མཁར་ལྡིང་སྐོར་རྒྱག་བཞིན་པའི་རླངས་འཁོར་ནང་ཡར་འཛུལ་ནས་གླུ་དབྱངས་ཤིག་སྐད་ཆུང་ངུས་བཏང་སྟེ། ཆུང་དུས་ཀྱི་འཚོ་བར་ཕྱིར་དྲན་བྱེད་བཞིན་རྫོང་ཐོག་ཕྱོགས་སུ་ཕྱིན། ངོ་མ་བཤད་ན་ང་རང་བྱིས་པའི་དུས་སུ་རླངས་འཁོར་ལ་སྐྲག་པ་དེ་སྐྱེ་བ་སྔོན་མའི་དོན་དེའི་རྐྱེན་མིན་འགྲོ།ང་རང་གྱང་ངོས་སུ་གཙེར་ཏེ་སྣ་ཁྲག་ཚད་མེད་ཟགས་པ་དེ་སྣང་བ་འཁྲུལ་བ་མིན་འགྲོ་སྙམ་ནས་ཡུན་རིང་དུ་སེམས་པ་དམར་པོ་འདི་ལྷད་མ་འདྲེས་པའི་ང་རང་གི་བྱིས་དུས་ཀྱི་ཕྱོགས་སུ་རང་དབང་མེད་པར་ཤོར། མདུན་ཕྱོགས་ཀྱི་འཕྲང་ལམ་དོག་པོ་དང་ཉེ་བར་བཅར་དུས། དེ་དག་ཚང་མ་འདས་ཟིན་པ་རེད། རླངས་འཁོར་གྱིས་ང་ཡི་འཁང་རར་ཉན་མི་འདོད་སྙམ་པ་བྱུང་། འཕྲང་ལམ་བརྒྱུད་སྐབས་གློ་བུར་དུ་ཕོ་རོག་ཞིག་རླངས་འཁོར་གྱི་མདུན་ཤེལ་དང་རྡུང་ཁ་བརྒྱབ་ནས་འཚབ་འཚུབ་ངང་རླངས་འཁོར་འཕྲང་ལམ་དུ་ཁ་ཤོར་ནས་གཙང་པོའི་ནང་དུ་ལྷུང་མཚམས་དེར་ང་རང་དངངས་སྐྲག་དང་བཅས་གཉིད་ལས་སད་བྱུང་། མིག་ཟུང་ག་ལེར་ཕྱེ་བ་ན་ཨ་མ་ནི་སྐྱ་རེངས་དང་ལྷན་དུ་མལ་ལས་ལངས་འདུག ཨ་ཕས་ཁ་བཏོན་འདོན་རྩིས་བྱེད་བཞིན་འདུག ངའི་ལུས་པོ་ཅུང་ངལ་བའི་སྣང་བ་ཞིག་འདུག མགྱོགས་པོར་ཡར་མ་ལངས་པར་མུ་མཐུད་ཉལ་བ་ཡིན། ཞོགས་པའི་ཉི་འོད་སྒེའུ་ཁུང་ནས་བརྟོལ་ཏེ་ང་ཡི་གཡང་ཁྱིམ་དུ་ཕོགས་རྗེས་ང་རང་གཞི་ནས་མལ་ལས་ལངས་པ་ཡིན། ཨ་མས་ཀྱང་ཕྱིའི་ལས་ཀ་དག་བསྒྲུབས་ཚར་ཏེ་ཁྱིམ་དུ་འཛུལ་བྱུང་། །