ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

གཉིད་ལ་འཇུག་པའི་ཐབས་མཆོག

གཉིད་སྐྱིད་པོར་རོལ་བ་ནི་བདེ་ཐང་ཡོང་བའི་རྨང་གཞི་ཡིན།གཉིད་ལ་རོལ་བའི་གོ་རིམ་ཁྲོད།མིའི་ལུས་པོར་ངལ་གསོ་ལེགས་པོ་ཐོབ་སྟེ།ཕྱི་ཉིན་ལས་ཀར་ཞུགས་པའི་ཐད་ནུས་གྲོན་གསོག་འཇོག་བྱེད་པ་རེད།གཉིད་སྐྱིད་པོ་ཡོང་ཐུབ་མིན་དེ་ང་ཚོའི་དུས་རྒྱུན་གྱི་འཚོ་བའི་གོམས་སྲོལ་དང་འབྲེལ་བ་ཆེན་པོ་ཡོད།

དུས་ཚོད་ལྟར་ངལ་གསོ་བ།དུས་རྒྱུན་དུ་དུས་ཚོད་ལྟར་ངལ་གསོ་བ་ལས་མཚན་བརྒལ་མི་རུང་།ཀྲུང་ལུགས་གསོ་རིག་གི་གཞུང་དུ། དུས་ཚོད11ནས1གི་བར་ནི་ཕོ་རླུང་འབྱུང་བའི་སྐབས་ཡིན་པས།དུས་སྐབས་འདིའི་ནང་དུ་གཉིད་ལ་ཁག་ཐེག་བྱས་ན་ལུས་པོ་བདེ་ཐང་ཡོང་བར་ཕན་པ་ཆེན་པོ་ཡོད།

སེམས་ཁམས་སྐྱིད་པོ་ཡོང་བ།དུས་རྒྱུན་སེམས་ཁམས་མ་སྐྱིད་ན་མཆིན་རླུང་འཁྲུགས་ཏེ།སེམས་ཁམས་མི་བདེ་བ་དང་བློ་རིག་མི་གསལ་བའི་གནས་ཚུལ་འབྱུང་ཞིང་།དེ་ནས་གཉིད་ལ་བར་ཆད་ཐེབས་ཏེ་གཉིད་དུ་ཡུར་དཀའ་བ་དང་སད་སླ་བ་སོགས་ཀྱི་སྣང་ཚུལ་འབྱུང་།བྱ་བ་དང་འཚོ་བའི་སྟེང་བར་ཆད་འབྱུང་སྐབས།ཁྱེད་ཀྱིས་གཉེན་ཉེ་དང་གྲོགས་པོ་སོགས་ལ་གནས་ཚུལ་བཤད་དེ།གནོན་ཤུགས་དང་སེམས་ཁམས་མི་ལེགས་པ་སེལ་ཐབས་བྱེད་དགོས།སེམས་ཁྲལ་ཆེ་བའི་མིས་གཉིད་ཁར་གླུ་དབྱངས་ལ་ཉན་པ་སོགས་བྱས་ཏེ་སེམས་པ་ལྷོད་པོ་ཡོང་བར་འབད་དགོས།

ཟ་མ་ལུགས་མཐུན་གྱིས་སྤྱོད་པ།ཀྲུང་ལུགས་གསོ་རིག་ཏུ་བཤད་པ་ལྟར་ན།ཕོ་མཆེར་གཉིས་ནི་མིའི་ལུས་ཁམས་ཀྱི་རླུང་འཐེན་འཕྲུལ་ཆས་ལྟ་བུ་ཡིན་པས།ཟ་མ་ལུགས་མཐུན་གྱིས་མ་སྤྱད་ན་ལུས་སྟེང་གི་ཁྲག་རླུང་དོ་སྙོམས་མི་ཡོང་བའི་དབང་གིས་གཉིད་ལ་བར་ཆད་ཐེབས་སྲིད།དེ་བས་དུས་རྒྱུན་དུ་རྒྱས་བཟའ་རྒྱས་འཐུང་བྱེད་མི་རུང་ལ།གལ་ཏེ་ལན་རེར་རྒྱས་བཟའ་རྒྱས་འཐུང་བྱེད་དགོས་པ་བྱུང་ན།འཇུ་སྨན་དང་སེམས་བདེ་སོགས་ཀྱི་སྨན་འཐུང་ནས་སྙོམས་སྒྲིག་བྱེད་དགོས།

ལུས་སྦྱོང་འོས་འཚམ་བྱེད་པ།ལུས་སྦྱོང་འོས་འཚམ་བྱེད་ན་ཁྲག་རླུང་སྙོམས་སྒྲིག་ཡོང་བས་གཉིད་སྐྱིད་པོར་རོལ་ཐུབ།གཉིད་མི་ཡོང་བ་རྣམས་ཀྱིས་ལུས་སྦྱོང་འོས་འཚམ་བྱེད་པ་སྟེ།ཉིན་རེར་སྐར་མ30ཡི་རིང་ལ་དལ་རྒྱུག་དང་ཆུར་རྐྱལ་བ་སོགས་ཀྱི་ལུས་སྦྱོང་བྱེད་དགོས་ལ།ལུས་སྦྱོང་གི་དྲག་ཚད་ནི་རྔུལ་ཆུ་ཉུང་ཙམ་ཐོན་པས་ཆོག

གལ་ཏེ་དུས་ཡུན་རིང་པོར་གཉིད་མི་ཡོང་བ་དང་།དུས་ཡུན་ངེས་ཅན་ཞིག་ལ་ལེགས་སྒྲིག་བྱས་ཀྱང་མི་ཕན་ལ། དེའི་ཁར་ད་རུང་སེམས་ཁམས་མི་སྐྱིད་པ་སོགས་ཀྱི་གནད་དོན་བྱུང་ན།དུས་ཐོག་ཏུ་སྨན་ཁང་དུ་སོང་ནས་སྨན་པར་སྟོན་དགོས་སོ། །