ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རྩྭ་ཐང་སྲུང་སྐྱོབ་བྱེད་པར་སྔོན་ལ་ཆུ་བོ་བཅོས་སྐྱོང་བྱེད་དགོས།

མཚོ་སྔོན་འབྲོག་ཁུལ་གྱི་ཆེས་རྒྱུན་མཐོང་གི་ཡུལ་ལྗོངས་ནི་ཆུ་བོ་དང་རྩྭ་ཐང་ཡིན། རྩེ་ཁོག་རྫོང་ནགས་ཚལ་དང་རྩྭ་ཐང་གི་བར་བརྒལ་ཁུལ་དུ་གནས་ལ། མངའ་ཁོངས་སུ་རི་ཚོགས་མུ་འབྲེལ་དུ་ཡོད་ཅིང་། སྒང་གཤོང་མི་སྙོམས་ཤིང་། གྲོག་རོང་འདྲེས་མ་ཡོད་པ་དང་། གྲམ་ཐང་རྒྱ་ཆེ་ལ། ས་དབྱིབས་སྣ་ཚོགས་ལྡན་པ་དང་། རྩེ་ཆུ་དང་། འབའ་ཆུ། དམེ་ཤུལ་ཆུ་བོ་བཅས་རྫོང་ཁོངས་སུ་འབབ་བཞིན་ཡོད་པས་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད།

ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ལྡན་པ་ནི་རྩྭ་ཐང་ལ་མཚོན་ན་དགའ་འོས་པའི་བྱ་བ་ཞིག་ཡིན་མོད། འོན་ཀྱང་རྩེ་ཁོག་རྫོང་གི་ངོས་ནས་བརྗོད་ན་དམིགས་བསལ་ཞིག་རེད། ཉིན་ཤུག་ཞང་རི་འཛོམས་སྡེ་བ་ནས་བཞུར་བའི་ཙུར་ཧྭ་བུ་མཆོག་ཆུ་བོ་ནི་འབའ་ཆུའི་རིམ་པ་དང་པོའི་ཆུ་ལག་དང་། རྨ་ཆུའི་རིམ་པ་གཉིས་པའི་ཆུ་ལག་ཡིན་ལ། ཧོར་གྲོང་རྡལ་དུ་བཞུར་ནས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཕྱུགས་རྩྭའི་སོན་བཟང་སྐྱེ་འཕེལ་ར་བའི་ཉེ་འགྲམ་ནས་འབའ་ཆུར་འབབ་བཞིན་ཡོད།

“སྔོན་ཆད། ཙུར་ཧྭ་བུ་མཆོག་ཆུ་བོ་གང་སར་རྒྱས་ཏེ། ལོ་རེའི་དབྱར་ཁར་རྒྱུན་དུ་ཆུ་བོ་བྲུབ་པའི་གནས་ཚུལ་འབྱུང་བཞིན་ཡོད་ལ། ལོ་རེ་རེ་བཞིན་དབྱར་དུས་སུ་ས་ཆ་མང་པོ་ཞིག་ཏུ་ཆུ་ལམ་ཕྱེས་ཚད་དེ་སྔོན་དང་བསྡུར་ན་ལྡབ་གཅིག་གིས་ཇེ་ཆེར་འགྲོ་ཞིང་། ཞེང་ཚད་ཆེ་ཤོས་སུ་སྨི100ལྷག་ལ་སླེབས། ཇེ་ཆེར་ཕྱིན་པའི་ཆུ་ལམ་ནི་གཞི་རྩའི་ཆ་ནས་ངོགས་གཉིས་ཀྱི་རྩྭ་ཐང་ཡིན་པས། འབྲོག་པ་མང་ཚོགས་ཀྱི་ཁེ་ཕན་ལ་ཐད་ཀར་གནོད་པ་ཐེབས་ཀྱིན་ཡོད”ཅེས་རྩེ་ཁོག་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ཆུ་སྲུང་ས་ཚིགས་ཀྱི་མགོ་གཙོ་ལྷ་ལུང་གིས་དེ་ལྟར་བཤད།

ཙུར་ཧྭ་བུ་མཆོག་ཆུ་བོ་ནི་ཧོར་གྲོང་རྡལ་གྱི་འབྲོག་པ་མང་ཚོགས་ཀྱི་མི་ཕྱུགས་གཉིས་ཀའི་འཐུང་ཆུའི་ཆུ་མགོ་ཡིན་ལ། ད་དུང་ནུབ་ཕྱོགས་སུ་ཡོད་པའི་ཞང་གྲོང་བཞི་ཡི་ཞིང་ཁར་ཆུ་འདྲེན་པའི་ཆུ་ཁུངས་གལ་ཆེན་ཞིག་ཀྱང་ཡིན། ལོ་འདི་འགའི་རིང་ལ། འཁྱགས་རོམ་ཞུ་བ་དང་ཆར་བ་འབབ་ཚད་ཇེ་མང་དུ་སོང་བ་དང་བསྟུན་ནས། ཙུར་ཧྭ་བུ་མཆོག་ཆུ་བོའི་བཞུར་ཤུགས་ཇེ་དྲག་ཏུ་གྱུར་ནས་རྩྭ་ཐང་དུ་བཞུར་ཏེ། རྩྭ་སར་གཏོར་བཤིག་བཏང་བ་དང་། དེ་མ་ཟད་རྩྭ་ཐང་དུ་ཆུ་ལམ་གསར་པ་ཕྱེས་ཏེ། འབྲོག་པའི་ཁེ་ཕན་ལ་གྱོང་རག་པ་དང་། སྡུག་སྐད་འདོན་པ་མཚམས་མི་ཆད་པར་གྱུར།

2022ལོར། རྩེ་ཁོག་རྫོང་གིས་ཆུ་བེད་པུའུ་དང་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གི་བླང་བྱ་ལྟར། ལས་གཞིའི་མ་དངུལ་སྒོར་ཁྲི9505བརྩོན་ལེན་བྱས་ཏེ། ཙུར་ཧྭ་བུ་མཆོག་ཆུ་བོའི་ཆུ་ལམ་ལ་བཅོས་སྐྱོང་བྱས་ཤིང་། རྡོ་རགས་བརྩིགས་པ་དང་། ཆུ་ལམ་གཤོང་བའི་ལས་གཞི་རྒྱ་ཆེན་སྐོར་ཞིག་གཅིག་རྗེས་གཉིས་མཐུད་ཀྱིས་ལག་ཏུ་བསྟར་བ་དང་། གཞན་ཡང་ཆུ་ལམ་གྱི་ངོགས་གཉིས་ལ་ནོར་ལུག་གཤར་ལམ་ལས་པ་རེད།

དོན་དངོས་སུ། རྩྭ་ཐང་ལ་མཚོན་ནས་བཤད་ན། ཆུ་ལམ་བཅོས་སྐྱོང་ཡག་པོ་མ་བྱུང་ན་རྩྭ་ཐང་ལ་གནོད་སྐྱོན་བཟོ་བ་དང་། རྩྭ་ཐང་གི་གདོད་མའི་སྔོ་ཁེབས་ལ་གཏོར་བརླག་བཏང་ན། རྗེས་ཕྱོགས་བཅོས་སྐྱོང་བྱས་ཏེ་སླར་གསོ་བྱ་བསམ་ན་དཀའ་ལས་ཤིན་ཏུ་ཆེ། གལ་ཏེ་ཆུ་ལམ་བཅོས་སྐྱོང་ལེགས་པོ་བྱུང་ཚེ། དེ་ནི་ཡུལ་ལྗོངས་གཞན་ཞིག་ཡིན་ཏེ། རྩྭ་ཐང་དུ་ན་འདམ་བརླན་ས་ལེབ་མོ་གང་མང་ཡོད་ལ། ནོར་ལུག་རྒྱུ་ཆོག་ཅིང་། དུས་བྱ་འབབ་ཆོག་པའི་སྐྱེ་ཁམས་ཀྱི་མཛེས་རིས་ཤིག་མངོན་བཞིན་ཡོད། མཚོ་སྔོན་རྩེ་ཁོག་རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་ནི་དཔང་རྟགས་ཡག་ཤོས་ཤིག་རེད།

རྩེ་ཆུ་ནི་རྨ་ཆུའི་རིམ་པ་དང་པོའི་ཆུ་ལག་ཡིན་ལ། རྩེ་ཁོག་རྫོང་གི་ཆུ་ཁོངས་གཙོ་བོ་ཡིན་ཞིང་། རྩེ་ཆུ་ལ་ཆུ་ལག་ཆེ་ཆུང30ལྷག་ཡོད། དེ་ནི་ཁྲག་རྩ་ཕྲ་མོ་དང་འདྲ་བར་ས་ངོས་གང་སར་ཁྱབ་སྟེ། རྩྭ་ཐང་དུ་བརླན་ས་ལེབ་མོ་མང་པོ་གྲུབ་ཡོད།

2015ལོར། རྩེ་ཆུའི་རྒྱལ་ཁབ་བརླན་སའི་སྤྱི་གླིང་དེ་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་ཚོད་ལྟ་བྱེད་ཡུལ་དུ་ཆོག་མཆན་སྤྲད་པ་རེད། 2019ལོ་ནས་བཟུང་ཀྲུང་དབྱང་ནོར་སྲིད་ཀྱི་ནགས་ལས་དང་འཕེལ་རྒྱས་བཅོས་བསྒྱུར་མ་དངུལ་གྱི་བརླན་སའི་ཁ་གསབ་ལས་གཞི3ལག་བསྟར་བྱེད་མགོ་བརྩམས་ཤིང་། ལས་གཞི་ལ་བསྡོམས་པས་མ་དངུལ་སྒོར་ཁྲི1500བཏང་ནས། བརླན་ས་སྲུང་སྐྱོབ་དང་། བརླན་ས་སླར་གསོ། ཚན་རིག་ཁྱབ་གདལ་གྱི་དྲིལ་སྒྲོག་སློབ་གསོ་དང་ཚན་རིག་ཞིབ་འཇུག་དང་ལྟ་ཞིབ་ཚད་ལེན་བཅས་ཕྱོགས་བཞིར་དམིགས་ནས་བྱ་བ་མང་པོ་བསྒྲུབས་ཡོད། 2020ལོའི་ཟླ12པར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད་དངོས་སུ་རྒྱལ་ཁབ་ཀྱི་བརླན་སའི་སྤྱི་གླིང་དུ་གྱུར།

གོམ་པ་རེ་ལ་རྐང་རྗེས་རེ་བཞག་ཡོད་དེ། གྲུབ་འབྲས་རེ་རེའི་རྒྱབ་ལོག་ཏུ་བརྟན་སྲུང་གི་རྒྱབ་གཟུགས་རེ་ཡོད། འབྲོག་པ་རྡོ་རྗེ་ནི་རྩེ་ཆུའི་ཆེས་བློ་དཀར་བའི་བརྟན་སྲུང་པ་ཡིན།

རྩེ་ཆུའི་ཆུ་རྒྱུན་རྡོ་དཀར་མོ་ཞང་ཕྱུག་རྐྱལ་སྡེ་བ་བརྒྱུད་སྐབས། མཚོ་སྙིང་གླིང་ཕྲན་ཞིག་གྲུབ་ཡོད་ལ། དེའི་ཉེ་འཁོར་དུ་བརླན་སའི་ན་སྤང་མང་པོ་ཁྱབ་ཡོད་པ་དང་། གླིང་ཕྲན་སྟེང་ཁྲུང་ཁྲུང་སྐེ་ནག་དང་། ཁྲུང་ནག་ལུང་དཀར། ཁྲུང་སྐྱ་སོགས་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་བྱ་རིགས་འཚོ་སྡོད་བྱས་ཡོད། ས་ཁོངས་འདི་ནི་ཏག་ཏག་རྒན་པོ་རྡོ་རྗེ་ཚང་གི་རྩྭ་ས་ཡིན་ལ། རྒན་པོས་ས་ཁོངས་དེ་ལ“གསེར་ཐང་བྱ་གླིང”ཞེས་པའི་མིང་ཞིག་བཏགས་ཡོད།

ལོ་ངོ20ལྷག་ལ་ལྟ་སྲུང་བྱས་པ་བརྒྱུད། རྒན་པོ་རྡོ་རྗེ་ཡིས་བྱ་རིགས་ནི་ད་གཟོད་རང་ཚང་གི་རྩྭ་སའི་བདག་པོ་ཡིན་པ་གསལ་པོར་རྟོགས་བྱུང་། བྱ་རིགས་སྔར་ལས་ཇེ་མང་དུ་སོང་ན། རྩྭ་ཐང་གི་ཁོར་ཡུག་དེ་བས་ཇེ་བཟང་དུ་འགྲོ་བ་རེད། ལོ་འདི་འགའི་རིང་ལ། རྡོ་རྗེ་ཡིས་རང་གི་ལོ་ངོ་དུ་མའི་རིང་གི་གསོག་འཇོག་མ་དངུལ་གྱིས་གསེར་ཐང་བྱ་གླིང་དུ་ལྗོངས་གཟིགས་སྟེགས་བུ་ཞིག་ལས་པ་དང་། གསེར་ཐང་བྱ་གླིང་གི་ཆུ་ཁོངས་ཀྱི་ཉེ་འགྲམ་དུ་རང་འགུལ་ངང་ཆུ་རགས་བརྩིགས་ནས། ཆུའི་བཞུར་རྒྱུན་བཀག་སྟེ། བྱ་རིགས་སྐྱེ་འཕེལ་དང་འཚོ་སྡོད་བྱེད་པར་ཁོར་ཡུག་བཟང་པོ་བསྐྲུན། ད་དུང་། སྡེ་བའི་མི་རྣམས་ལ་སྐུལ་སློང་བྱས་ཏེ་མཉམ་དུ་རྩེ་གཞུང་རྩྭ་ཐང་གི་བརླན་ས་དང་ཆུ་བོར་སྲུང་སྐྱོབ་བྱས།

རྒྱལ་ཁབ་ཀྱི་དབང་གྲགས་ལྡན་པའི་སྐྱེ་ཁམས་དཔྱད་གཞིའི་ཡིག་རིགས་ལས་མངོན་པ་ལྟར་ན། བརླན་ས་འདི་ཡི་སྐྱེ་ཁམས་མ་ལག་བཟང་ཞིང་། སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པས། ཁྲུང་ཁྲུང་སྐེ་ནག་དང་། ཁྲུང་ནག་ལུང་དཀར་སོགས་ཀྱི་བྱ་རིགས་དཀོན་པོས་ཁྱབ་ཡོད་ལ། ས་ཁོངས་སྐྱེ་ཁམས་ཁོར་ཡུག་ཁྲོད་དགོས་ངེས་ཀྱི་སྐྱེ་ཁམས་ཕན་འབྲས་དང་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་ཅིང་། མཚོ་བོད་མཐོ་སྒང་གི་མཐོ་གྲང་བརླན་སའི་སྐྱེ་ཁམས་མ་ལག་གི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།

ད་ལོར། རྩེ་ཁོག་རྫོང་གིས་གསེར་ཐང་བྱ་གླིང་ཡོད་སའི་ཡངས་ཤིང་རྒྱ་ཆེ་བའི་བརླན་སའི་ས་ཁོངས་ལ་བརྟེན་ནས། མགོན་ཤུལ་ཞིང་ཆེན་རིམ་པའི་བརླན་སའི་སྤྱི་གླིང་དུ་ཧུར་ཐག་གིས་རེ་ཞུ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས། སྐྱེ་ཁམས་དཔལ་ཡོན་གསར་པའི་མཐོ་ས་གསར་པ་བསྐྲུན་རྒྱུ་རེད། །