ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཁབ་སྐུད་ཀྱིས་གཙགས་པའི་བདེ་སྐྱིད་ཀྱི་འཚོ་བ་གསར་པ།

བློ་རྩེ་གཅིག་ཏུ་བསྒྲིམས་ནས་གཙགས་དྲུབ་གཙག་བཞིན་པའི་བུ་མོ་འགའ།

དཔྱིད་མགོའི་ཀོས་ནན་ཁ་བ་སྲབ་མོ་ཞིག་གིས་གཡོགས་འདུག་པས། ལོ་ལེགས་འབྱུང་བའི་རྟེན་འབྲེལ་འགྲིག་པའི་དགའ་སྤྲོས་ཁེངས་ཡོད། ནམ་ཟླ་འཁྱག་རུང་ཚང་མའི་བྲེལ་འཚུབ་ཀྱི་གོམ་སྟབས་ལྷོད་མེད། ཟླ2པའི་ཚེས17ཉིན་ཀོས་ནན་རྫོང་བོད་ཀྱི་གཙགས་དྲུབ་མཐུན་ཚོགས་ཀྱི་ར་སྐོར་ནང་དུ། ཅང་སུའུ་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་བྱས་པའི་བོད་ཀྱི་གཙགས་དྲུབ་ཐོན་ལས་འཕེལ་རྒྱས་ཀྱི་སྒྲིག་ཆས་དང་དངོས་རྫས་སྦྱིན་པའི་མཛད་སྒོ་སྤེལ་བཞིན་འདུག རྫོང་ཡོངས་ཀྱི་བོད་ཀྱི་གཙགས་དྲུབ་ཐོན་སྐྱེད་ཁེ་ལས་དང་བོད་ཀྱི་གཙགས་དྲུབ་ལས་ཤག27གྱི་ལས་ཀ་པ་རྣམས་སྒྲིག་ཆས་སྦྱིན་པའི་མཛད་སྒོར་ཞུགས་ཡོད། ཡུལ་དངོས་དེ་རུ་བོད་ཀྱི་གཙགས་དྲུབ་ཐོན་སྐྱེད་ལས་སྣོན་སྒྲིག་ཆས་དང་ཐོན་སྐྱེད་རྒྱུ་ཆ3445སྦྱིན་པ་དེའི་སྤྱིའི་རིན་ཐང་ནི་སྒོར་ཁྲི310རེད།

ཀོས་ནན་རྫོང་གླེང་སྐབས། རྫོང་དེའི་ཁྱད་ཆོས་གཉིས་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་འཇོག་སྲིད། གཅིག་ནི་ཀོས་ནན་རྫོང་གི་བྱེ་བཅོས་ལས་གཞི་ཡིན་ལ། གཅིག་ནི་ཀོས་ནན་རྫོང་གི་བོད་ཀྱི་གཙགས་དྲུབ་ལག་རྩལ་རེད།

ཀོས་ནན་བོད་ཀྱི་གཙགས་དྲུབ་ལ་མང་རྫོང་ཁབ་སྐུད་ཀྱང་ཟེར་ཞིང་། དེ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གི་ཁྱད་ལྡན་ཟོང་རྟགས་ཤིག་ཡིན་པ་དང་། ས་གནས་དེ་གའི་མི་རིགས་ཀྱི་དམངས་ཁྲོད་བཟོ་རྩལ་ཞིག་ཡིན་པའི་ཆ་ནས། ཀོས་ནན་ས་ཁུལ་གྱི་བོད་རིགས་དང་རྒྱ་རིགས་སོགས་ཀྱི་བུད་མེད་རྣམས་ཀྱིས་བཟོས་པའི་ཐང་ག་དང་སྲོལ་རྒྱུན་གྱི་རི་མོ་སྣ་ཚོགས་ཚོན་མདངས་རྣམ་པར་བཀྲ་ཞིང་། སྤུས་དག་པས་སྒྱུ་རྩལ་རོལ་མྱོང་གི་རིན་ཐང་དང་ཉར་ཚགས་རིན་ཐང་ཆེན་པོ་ལྡན་པ་རེད། 2020ལོར་ཀོས་ནན་བོད་ཀྱི་གཙགས་དྲུབ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ལས་གཞིའི་གྲས་སུ་ངོས་འཛིན་བྱས།

ཀོས་ནན་ས་ཁུལ་གྱི་སྲོལ་རྒྱུན་གྱི་བོད་ཀྱི་གཙགས་དྲུབ་ལ་ལོ་རྒྱུས་ཀྱི་ཡུན་རིང་བས་ཐག་ཉེ་རིང་ཀུན་ཏུ་སྐད་གྲགས་ཆེ། རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་དྲུག་གི་ནང་ནས་བྱ་མདོ་ཞང་དང་མང་ཆུ་གྲོང་རྡལ། མང་ར་ཞང་དང་མགོ་མང་གྲོང་རྡལ་བཅས་ཞང་དང་གྲོང་རྡལ་བཞི་ནི་ཀོས་ནན་བོད་ཀྱི་གཙགས་དྲུབ་ཁྱབ་ཁུལ་གཙོ་བོ་ཡིན། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་མི་རྣམས་ཀྱིས་མི་རིགས་དང་དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་དགོས་མཁོ་དེ་འཕྲུལ་ཆས་ཀྱིས་ཐོན་སྐྱེད་བྱས་པའི་སྒྱུ་རྩལ་ཐོན་རྫས་ལས་བརྒལ་ནས་མི་རིགས་དང་དམངས་ཁྲོད་ཀྱི་བཟོ་རྩལ་ཐོན་རྫས་ལ་མི་རྣམས་ཀྱི་དགའ་བསུ་ཐོབ་བཞིན་ཡོད། འདིས་བོད་ཀྱི་གཙགས་དྲུབ་ཞིང་ཁྱིམ་ནས་ཐད་ཀར་ཁྲོམ་རར་མཁོ་འདོན་བྱེད་པར་གོ་སྐབས་དང་སྟེགས་བུ་བསྐྲུན།

ཀོས་ནན་རྫོང་བྱ་མདོ་ཞང་གི་བོད་ཀྱི་གཙགས་དྲུབ་རྒྱུན་འཛིན་པ་རྡོ་རྗེ་འཚོས“ཆུང་དུས་ཁྱིམ་ཚང་ལ་དཀའ་ཁག་ཆེ་བས། ངས་ཆུང་དུས་ནས་ཁྱིམ་དུ་ཞིང་ལས་གཉེར་ཞིང་། ཨ་མའི་གཙགས་དྲུབ་ལག་རྩལ་ཧ་ཅང་བཟང་བས་གཙགས་ལས་བྱས་པ་མང་དུ་མཐོང་ཐོས་ཡོད་པས་རང་ཉིད་ཆུང་དུས་ནས་བོད་ཀྱི་གཙགས་དྲུབ་ལ་སྤྲོ་བ་ཆེན་པོ་སྐྱེས། ནར་སོན་རྗེས་ཨ་མ་དང་མཉམ་དུ་གཙགས་དྲུབ་ལ་སློབ་སྦྱོང་བྱས་པ་ཡིན”ཞེས་བཤད། དང་ཐོག་རྡོ་རྗེ་འཚོ་ཡིས་དངོས་པོ་ཆུང་ཆུང་ཁ་ཤས་གཙགས་པ་དང་ཉིན་གྱི་ཐོག་ལ་ཟླ་བཞག ཟླ་ཡི་ཐོག་ལ་ལོ་བཞག་ནས་སྦྱོང་བརྡར་བྱས་པ་བརྒྱུད་ལག་རྩལ་ཡང་རིམ་བཞིན་བྱང་ཆུབ་པར་གྱུར། མཇུག་མཐར་མོའི་རང་གི་གཙགས་དྲུབ་བརྩམས་ཆོས་ཀྱི་མཚོན་ཚུལ་ཐད་རང་ཉིད་ཀྱི་ཁྱད་ཆོས་ཡོད་པ་དང་།མོའི་བརྩམས་ཆོས་ལའང་ཞིང་ཆེན་ཕྱི་ནང་གི་འགྲེམ་སྟོན་ཁྲོད་བྱ་དགའ་མང་པོ་ཐོབ་པར་མ་ཟད། 2012ལོར་རྡོ་རྗེ་འཚོ་ཀོས་ནན་བོད་ཀྱི་གཙགས་དྲུབ་ཀྱི་རྒྱུན་འཛིན་པ་ཨང་དང་པོར་གྱུར།

ལོ་ངོ་མང་པོའི་རིང་ལ། རྡོ་རྗེ་འཚོས་སློབ་མ་མང་པོ་བསྐྱངས་ཏེ་སྒྱུ་རྩལ་རྒྱུན་འཛིན་ཐད་མོས་སློབ་མ་ཚོར་རེ་བ་ནན་མོ་འཛིན་བཞིན་ཡོད་མོད། འོན་ཀྱང་འཚོ་བའི་ཁྲོད་ཁོ་མོ་དང་སློབ་མ་ཚང་མ་གྲོགས་པོ་དང་གཅེན་གཅུང་ལྟ་བུ་རེད། སློབ་མ་ལྷ་སྒྲོན་གྱིས་གསར་འགོད་པར་བཤད་རྒྱུར། དགེ་རྒན་རྡོ་རྗེ་འཚོར་བཟོད་སེམས་ཆེན་པོ་ཡོད། མོ་རང་ལག་རྩལ་སྦྱོང་བའི་ཁྲོད་འཕྲད་པའི་གནད་དོན་དག་དགེ་རྒན་རྡོ་རྗེ་འཚོས་རྟག་ཏུ་སུན་སྣང་མེད་པར་མཛུབ་ཁྲིད་བྱེད་པ་དང་། སྐབས་འགར་མཚན་མོར་ངེད་ཚང་ལ་ཡོང་ནས་བརྩམས་ཆོས་ལ་ཞིབ་བཤེར་བྱས་པས། མོ་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། རྒན་ལགས་ཀྱིས་མོ་ལ་ཁྲིད་པ་ནི་འཚོ་བ་སྐྱེལ་སྟངས་དང་ཕྱུག་འགྱུར་བྱེད་ཐབས་རྐྱང་རྐྱང་མིན་པར། ས་གནས་དེ་གའི་མི་རིགས་ལག་ཤེས་བཟོ་ལས་ཀྱི་རྒྱུན་འཛིན་པ་ཞིག་ཡིན་པའི་ཆ་ནས་མོ་ལ་འགན་འཁྲི་ལྗིད་མོ་ཡོད་ལ་མོ་ཡང་དེར་ཡིད་ཚིམ་ཡོད་པ་དེ་རེད། ལྷ་སྒྲོན་དང་གླེང་མོལ་བྱེད་སྐབས་གསར་འགོད་པས་མོས་རིག་གནས་རྒྱུན་འཛིན་བྱ་གཞག་ལ་བཅངས་པའི་སྤྲོ་སེམས་དང་དགའ་ཞེན་ཤིན་ཏུ་ཟབ་པ་ཚོར།

བོད་ཀྱི་གཙགས་དྲུབ་ནི་ཕུལ་བྱུང་གི་བོད་རིགས་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་ཤིག་ཡིན་པ་དང་། མཚོ་བོད་མཐོ་སྒང་གི་རྫོང་མཐུག་པའི་རྨོ་འདེབས་དཔལ་ཡོན་དང་ཡུན་རིང་བའི་ལོ་རྒྱུས་ཀྱི་རིག་གནས་མཚོན་ཡོད། རྡོ་རྗེ་འཚོ་དང་འདྲ་བའི་དམངས་ཁྲོད་ཀྱི་གཙགས་དྲུབ་སྒྱུ་རྩལ་པ་བགྲང་ལས་འདས་པ་ཞིག་གིས་བོད་ཀྱི་གཙགས་དྲུབ་དེ་བརྟན་པོར་བསྲུངས་པས། བོད་ཀྱི་གཙགས་དྲུབ་དེ་རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་གཙགས་དྲུབ་ཁྲོད་ཤུགས་རྐྱེན་ལྡན་པའི་སྒྱུ་རྩལ་གྱི་རྣམ་པའི་གྲས་ཤིག་ཏུ་གྱུར་ཡོད།

ད་ལྟ། ཀོས་ནན་བོད་ཀྱི་གཙགས་དྲུབ་ལ་རྩལ་ནུས་གསོ་སྦྱོང་དང་། ཇུས་འགོད། ཐོན་སྐྱེད། གཟིགས་དཔྱད་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་ཐོན་ལས་སྦྲེལ་ཐག་ཅིག་ཆགས་ནས་མི་རིགས་ཀྱི་རིག་གནས་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་ཐོན་ལས་ཀྱི་ལེགས་ཆར་གྱུར་ཡོད། མིག་སྔའི་བར་རྫོང་ཡོངས་སུ་བོད་ཀྱི་གཙགས་དྲུབ་ཐད་བོད་རིགས་དང་རྒྱ་རིགས་མང་ཚོགས2000ལྷག་ཞུགས་ཡོད། ལོ་རེར་བོད་ཀྱི་གཙགས་དྲུབ་བརྩམས་ཆོས་ཁྲི2ལྷག་ཐོན་བཞིན་ཡོད་པ་དང་། ལོ་རེའི་སྤྱིའི་ཐོན་རིན་སྒོར་ཁྲི2480ལ་སླེབས་ཡོད་པས། ས་གནས་དེའི་རྒྱ་ཆེའི་ཞིང་སྡེ་བུད་མེད་རྣམས་ཀྱི་ཡོང་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

དུས་རབས་གསར་པར་བགྲོད། འཐབ་ལམ་གསར་པར་བསྐྱོད། ཀོས་ནན་བོད་ཀྱི་གཙགས་དྲུབ་ཐད་རྒྱུན་ཆད་མེད་པར་ཐོད་བརྒལ་འཚོལ་སྙེག་བྱས་པ་དང་།སྤོབས་པ་ཆེན་མོས་གསར་སྐྲུན་བྱས་པ་སྟེ། སྐད་གྲགས་ཆེ་བའི་དར་སྲོལ་གྱོན་ཆས་ཟོང་རྟགས་སྟེ་ཧང་ཀྲོའུ་མུས་ཧྲན་དང་མཉམ་ལས་གཏིང་ཟབ་བྱས་པ་དང་། བདེ་བླག་གིས་ཧྲང་ཧའེ་རྒྱལ་སྤྱིའི་གསར་དར་གྱོན་ཆས་ཤོམ་པའི་གཟའ་འཁོར་སོགས་དང་མཉམ་དུ་ཀོས་ནན་བོད་ཀྱི་གཙགས་དྲུབ་ཀྱི་མཆོང་བརྒལ་དར་སྲོལ་གྱོན་ཆས་ཆེད་ཤོམ་བྱས་པ་དང་། སྲོལ་རྒྱུན་གྱི་མི་རིགས་རིག་གནས་སྒྱུ་རྩལ་དེ་དར་སྲོལ་གྱི་ཐེག་བྱད་དང་ཟུང་འབྲེལ་བྱས་ནས། གསར་སྐྲུན་རང་བཞིན་གྱིས་བོད་ཀྱི་གཙགས་དྲུབ་སྒྱུ་རྩལ་ལ་འགྱུར་ལྡོག་བཏང་ནས་དེ་ཉིད་རིམ་གྱིས་དེང་རབས་ཅན་དང་ཚོང་ཁྲོམ་ཅན་གྱི་ཕྱོགས་སུ་སྐྱོད་དེ། ཀོས་ནན་བོད་ཀྱི་གཙགས་དྲུབ་ཐོན་ལས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་མགོ་ཚུགས། ངོ་མཚར་ཆེ་བའི་ལག་ཤེས་ཀྱི་གཙགས་དྲུབ་ཐོན་རྫས་རེ་རེ་རིམ་བཞིན་ཀོས་ནན་ནས་རྒྱལ་ཡོངས་དང་འཛམ་གླིང་ཕྱོགས་སུ་སྐྱོད་བཞིན་ཡོད་པས། ཀོས་ནན་བོད་ཀྱི་གཙགས་དྲུབ་ཀྱི་འབྱུང་འགྱུར་སྔར་བས་ཇེ་ལེགས་སུ་འགྲོ་ངེས་པར་ཡིད་ཆེས་ཡོད། །

དངོས་སྦྱོང་སློབ་མ་འཕྲིན་ལས་མཚོ་མོས་བསྒྱུར།