ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་དུ་མཇུག་བསྒྲིལ་བ།

ཟླ3པའི་ཚེས13ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་མཇུག་བསྒྲིལ། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྣམས་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད། ཞིན་ཧྭ་གསར་འགྱུར་ཁང་གིས་བཀྲམ།

ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

གྲོས་ཚོགས་སྟེང་སྲིད་གཞུང་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་སོགས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་རྒྱག་པའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མིང་རྟགས་བཀོད་དེ་ཁྱབ་བསྒྲགས་གནང་།

ཀྲའོ་ལེ་ཅི་ཡིས་མགོ་འཛིན་མཛད་དེ་གསུང་བཤད་གནང་བ་དང་། ལི་ཆང་དང་ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་གྲོས་ཚོགས་སུ་ཞུགས།

ལི་ཁེ་ཆང་དང་ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞིའི་སྟེགས་བུར་བཞུགས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་གྲོས་རིམ་སོ་སོ་བདེ་བླག་ངང་ལེགས་འགྲུབ་བྱུང་ཞིང་། སྐབས་གསར་པའི་རྒྱལ་ཁབ་ཀྱི་སྒྲིག་གཞིའི་ཁོངས་མི་བདམས་ཐོན་བྱུང་རྗེས། ཚེས13ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་མཇུག་བསྒྲིལ།

ཚོགས་ཆེན་གྱིས་འབོད་སྐུལ་བཏང་དོན། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཐོག རང་རྟོན་རང་སྤེལ་དང་དྲང་འཛིན་གསར་སྐྲུན་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཐེངས་འདིའི་ཚོགས་ཆེན་སྟེང་ང་རང་མུ་མཐུད་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་པ་ལ། ངས་འཐུས་མི་རྣམ་པ་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ང་ལ་ཡིད་ཆེས་གནང་བར་སེམས་གཏིང་ནས་བཀའ་དྲིན་ཞུ། མི་དམངས་ཀྱི་ཡིད་ཆེས་ནི་ང་རང་མདུན་དུ་སྐྱོད་པའི་སྒུལ་ཤུགས་ཆེན་པོ་ཡིན་ལ། ངའི་ཕྲག་པར་བབས་པའི་ལྗིད་ཏིག་ཏིག་གི་འགན་འཁྲིའང་ཡིན། ངས་བློ་དཀར་གཞུང་དྲང་གིས་རྩ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ལག་བསྟར་བྱེད་ངེས་ཡིན། རྒྱལ་ཁབ་ཀྱི་དགོས་མཁོ་འགན་འཁྲི་རུ་བརྩི་བ་དང་། མི་དམངས་ཀྱི་ཁེ་ཕན་ཚད་གཞིར་འཛིན་པ། རང་འགན་ནན་སྒྲུབ་དང་བློ་དཀར་སྐྱེས་འབུལ་བྱས་ཏེ། འཐུས་མི་རྣམས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མངག་བཅོལ་ནན་མོ་སྟོང་ཟད་དུ་མི་གཏོང་ཁོ་ཐག་ཡིན།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ་བཅས་ཀྱིས་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་འགན་བཞེས་པར་མ་ཟད། ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས། ཁོང་ཚོ་ནི། ཀྲའོ་ལེ་ཅི་དང་ལི་ཧུང་ཀྲུང་། ཝང་ཏུང་མིང་། ཞའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཧོ་མིང་ཅིན། ཚའེ་ཏ་ཧྥེང་། ཧོ་ཝེ། ཝུའུ་ཝེ་ཧྭ། ཐིའེ་ཉིང་། ཕེང་ཆིང་ཧྭ། ཀྲང་ཆིང་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁོ་ལའེ་ཐི•ཀྲ་ཁོ་ཨེར། ལིའུ་ཆི་བཅས་རེད།

ལི་ཆང་དང་ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་རྣམས་གྲོས་ཚོགས་སུ་ཞུགས།

ལི་ཁེ་ཆང་དང་ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞིའི་སྟེགས་བུར་བཞུགས།

གྲོས་ཚོགས་སུ་ཞུགས་འོས་པའི་འཐུས་མི2977ཡོད་པ་དང་། དངོས་སུ་ཞུགས་པའི་འཐུས་མི2947ཡོད་ལ། མི30ཞུགས་མེད། གྲོས་ཚོགས་ལ་ཞུགས་པའི་མི་གྲངས་ཁྲིམས་བཀོད་མི་གྲངས་དང་མཐུན།

མཇུག་སྒྲིལ་མཛད་སྒོ་ལ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མགོ་འཛིན་མཛད།

སྔ་དྲོའི་དུས་ཚོད9ཡི་སྟེང་། ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་གནང་།

གྲོས་ཚོགས་ཀྱིས་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྲིད་གཞུང་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། གྲོས་ཆོད་ཀྱིས་བསྟན་དོན། གྲོས་ཚོགས་ཀྱིས་དུས་རབས་གསར་པའི་ལོ་ངོ་བཅུའི་རིང་གི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་གདེང་འཇོག་མཐོན་པོ་གནང་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་པའི་ལོ་ངོ་གཅིག་དང་ལོ་ངོ་ལྔའི་རིང་གི་བྱ་བར་ཁས་ལེན་གང་ལེགས་གནང་ལ། སྙན་ཞུས་བཏོན་པའི2023ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་དམིགས་འབེན་གཙོ་བོ། སྲིད་ཇུས་ཁ་ཕྱོགས་དང་གཙོ་གནད་བྱ་བ་བཅས་ལ་འཐད་པ་བྱུང་སྟེ། སྙན་ཞུ་འདིར་ཆོག་མཆན་འགོད་རྒྱུ་ཐག་བཅད།

གྲོས་ཚོགས་ཀྱིས་བརྡས་ཐག་བཅད་པ་བརྒྱུད། ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་རྒྱག་པའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་། 2023ལོའི་ཟླ3པའི་ཚེས15ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཐག་བཅད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་གསུམ་པར་མིང་རྟགས་བཀོད་དེ་ཁྱབ་བསྒྲགས་གནང་།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་གནས་ཚུལ་དང2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ཞིང་། 2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་གནས་ཚུལ་དང2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུར་ཆོག་མཆན་འགོད་རྒྱུ་ཐག་བཅད་པ་དང་། 2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིར་ཆོག་མཆན་འགོད་རྒྱུ་ཐག་བཅད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི2022ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2023ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ཞིང་། 2022ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2023ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུར་ཆོག་མཆན་འགོད་རྒྱུ་ཐག་བཅད། 2023ལོའི་ཀྲུང་དབྱང་གི་སྔོན་རྩིས་ལ་ཆོག་མཆན་འགོད་རྒྱུ་ཐག་བཅད།

གྲོས་ཚོགས་ཀྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་ཞིང་། སྙན་ཞུ་འདི་གསུམ་ལ་ཆོག་མཆན་འགོད་རྒྱུ་ཐག་བཅད།

གོང་གི་གྲོས་རིམ་འདི་དག་ལེགས་འགྲུབ་བྱུང་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ་ལྔ་སྟོང་ལྷག་གི་དཔལ་ཡོན་ལོ་རྒྱུས་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱིས་ལོ་རྒྱུས་སྟེང་དུ་འོད་སྟོང་འབར་བ་གང་མང་བསྐྲུན་མྱོང་ལ། བར་ཆད་གང་མང་ཡང་བརྒྱུད་མྱོང་། ཉེ་རབས་ཀྱི་རྗེས་སུ། ཀྲུང་གོ་རིམ་བཞིན་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་སུ་གྱུར་ཞིང་། བཙན་དབང་རྒྱལ་ཁབ་ཀྱིས་བརྙས་བཅོས་བྱེད་པ་དང་ཁ་ཐོར་དགུ་ཐོར་དུ་བཏང་ལ། དམག་འཁྲུག་ཡང་ཡང་བརྒྱབ་ཅིང་། སྡུག་བསྔལ་དང་དཀའ་སྡུག་ཚད་མེད་མྱངས་མྱོང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་རྗེས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དམ་ཟབ་ཀྱིས་སྣེ་ཁྲིད་དེ། ལོ་ངོ་བརྒྱ་ཕྲག་རིང་ལ་འབད་བརྩོན་བྱས་པ་བརྒྱུད། མི་རིགས་ཀྱི་ངོ་ཚ་དཀར་འདོན་བྱས་ཏེ། ཀྲུང་གོ་མི་དམངས་རང་གི་ལས་དབང་ལ་བདག་པོ་རྒྱག་མཁན་དུ་གྱུར་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་ནས་ཕྱུག་པོར་གྱུར་པ་དང་དེ་ནས་སྟོབས་ལྡན་དུ་འགྱུར་བའི་མཆོང་བརྒལ་རླབས་ཆེན་བསུས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་བསྐྱོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ནས་མགོ་བརྩམས་ཏེ་དུས་རབས་འདིའི་དུས་དཀྱིལ་བར་དུ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་པ་ནི། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ལས་འགན་གཙོ་བོ་ཡིན། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་མཐུད་རྒྱུག་དབྱུག་པ་ལྟ་བུའི་འགན་འཁྲི་དེ་ལོ་རྒྱུས་ལྡན་པའི་སྒོ་ནས་ང་ཚོའི་མི་རབས་འདིའི་ཕྲག་ལ་བབས། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལྟར། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་བྱེད་པ་རྒྱུན་འཁྱོངས་དང་། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྒོས་སྐུལ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱེད་པ་དང་། མཐུན་སྒྲིལ་འབད་བརྩོན་དང་གསར་གཏོད་གསར་སྐྲུན་བྱས་ནས། འཐབ་ལམ་གསར་པའི་སྟེང་དུ་དུས་རབས་ལ་ངོ་གནོང་མི་དགོས་པ་དང་ལོ་རྒྱུས་ལ་ངོ་གནོང་མི་དགོས་པ། མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་བཞག་སྟེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྐུལ་སྤེལ་བྱེད་ཆེད་ང་ཚོའི་མི་རབས་འདིས་འཇོག་འོས་པའི་བྱས་རྗེས་འཇོག་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་འཐབ་ལམ་གསར་པའི་སྟེང་དུ། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཆ་ཚང་དང་ཡང་དག ཕྱོགས་ཡོངས་བཅས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱས་ཏེ། ཚན་རིག་དང་སློབ་གསོར་བརྟེན་ནས་རྒྱལ་ཁབ་དར་བའི་འཐབ་ཇུས་དང་འཇོན་མིར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས། གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་གཏིང་ཟབ་ཀྱིས་ལག་བསྟར་བྱེད་པ་དང་། ཚན་རྩལ་གྱི་རང་རྟོན་རང་སྤེལ་ནུས་པ་མཐོར་འདེགས་གཏོང་བར་ཤུགས་བརྒྱབ་ནས། ཐོན་ལས་རིགས་སྒྱུར་དང་རིམ་སྤར་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མངའ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། དཔལ་འབྱོར་ལ་སྤུས་ཚད་ལྡན་པའི་སྒོ་ནས་མཐོར་འདེགས་ཆེན་པོ་ཡོང་བ་དང་གྲངས་ཚད་ལུགས་དང་མཐུན་པའི་སྒོ་ནས་འཕར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་དངོས་ཤུགས་དང་ཚན་རྩལ་དངོས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པར། མི་དམངས་ནི་ཐག་གཅོད་རང་བཞིན་གྱི་སྟོབས་ཤུགས་ཡིན། གོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཧུར་ཐག་གིས་འཕེལ་རྒྱས་གཏོང་དགོས་ཏེ། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། མི་དམངས་ཀྱི་རེ་འདུན་མངོན་འགྱུར་བྱེད་པ་དང་མི་དམངས་ཀྱི་ཁེ་དབང་འགན་སྲུང་བྱེད་པ། མི་དམངས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སྤེལ་གང་ལེགས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་ལེན་དུ་བསྟར་དགོས་ཏེ། བགོ་བཤའ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཇེ་དྲག་ཏུ་གཏོང་བ། དམངས་འཚོའི་ཚད་མཐའ་བརྟན་པོར་སྲུང་བ། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་རེའི་གནད་དོན་ཐག་གཅོད་ལེགས་པོ་བྱེད་པ་བཅས་ཀྱིས། དེང་རབས་ཅན་འཛུགས་སྐྲུན་གྱི་ཕན་འབྲས་ཀྱིས་མི་དམངས་ཡོངས་ལ་སྔར་ལས་མང་ཞིང་སྔར་ལས་དྲང་གཞག་སྒོས་ཕན་ཐོགས་སུ་བཅུག་སྟེ། མི་དམངས་ཡོངས་ཀྱི་ཐུན་མོང་འབྱོར་ཕྱུག་ལ་སྐུལ་སྤེལ་བྱེད་པའི་ཐད་སྔར་ལས་མངོན་གསལ་དོད་པོའི་དོན་དངོས་རང་བཞིན་གྱི་གོང་འཕེལ་བརྩོན་དགོས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་མོ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་མོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་ཏེ། དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཡོད་ཚད་སྐུལ་སློང་གང་ལེགས་བྱས་ཏེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་ཆེན་མོ་གཅིག་བསྒྲིལ་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། བདེ་འཇགས་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་ལ། བརྟན་བརླིང་ནི་སྟོབས་འབྱོར་དར་བའི་སྔོན་འགྲོ་ཡིན། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་དུ་བསྟར་དགོས་ལ། རྒྱལ་ཁབ་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ། སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་པའི་ཆུ་ཚད་མཐོར་འདེགས་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། བདེ་འཇགས་ཀྱི་ཆགས་སྟངས་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པར་འགན་སྲུང་བྱེད་དགོས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་དགོས། མི་དམངས་དམག་དཔུང་འཛུགས་སྐྲུན་བྱེད་པ་དེ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་ནུས་ལྡན་བྱེད་པའི་ངར་ལྕགས་ལྟ་བུའི་ལྕགས་རིར་འགྱུར་དུ་འཇུག་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པ་དེ་ཞང་ཀང་དང་ཨའོ་མོན་གྱི་ཡུན་རིང་དར་རྒྱས་བརྟན་བརླིང་དང་ཁ་འབྲལ་ཐབས་མེད།

“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང“ཞང་ཀང་པས་ཞང་ཀང་སྐྱོང་བ”། “ཨའོ་མོན་པས་ཨའོ་མོན་སྐྱོང་བ”། ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ཡང་དག་དང་བློ་བརྟན་འགྱུར་མེད་ངང་ལག་ལེན་དུ་བསྟར་དགོས་ལ། ཁྲིམས་ལྟར་ཞང་ཀང་དང་ཨའོ་མོན་སྐྱོང་བ་རྒྱུན་འཁྱོངས་དང་། ཞང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་དམངས་འཚོ་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་གནང་སྟེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་གནས་སྟངས་ཆེན་མོའི་ཁྲོད་སྔར་ལས་ལེགས་པར་འདྲེས་སུ་འཇུག་དགོས། མེས་རྒྱལ་གཞི་ནས་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་པ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡིན་ལ། མི་རིགས་བསྐྱར་དར་གྱི་བརྗོད་སྙིང་ཡང་ཡིན། དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱི་ཁོག་ཇུས་གཞི་ལག་ལེན་དུ་བསྟར་དགོས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་དང“དགུ་གཉིས་ཐུན་མོང་ངོས་ཟིན”རྒྱུན་འཁྱོངས་བྱེད་དགོས་ཤིང་། ངོགས་གཉིས་འབྲེལ་བ་འཆམ་མཐུན་དང་འཕེལ་རྒྱས་འགྲོ་བར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས་ལ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་པ་དང“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས། མེས་རྒྱལ་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་བློ་བརྟན་འགྱུར་མེད་ངང་སྐུལ་སྤེལ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་ཕན་འདོགས་བཞིན་ཡོད་ཅིང་། ཀྲུང་གོའི་འཕེལ་རྒྱས་འཛམ་གླིང་དང་ཁ་འབྲལ་ཐབས་མེད། ང་ཚོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྐུལ་སྤེལ་ཏན་ཏིག་བྱེད་དགོས་ཏེ། གོ་ལ་ཧྲིལ་པོའི་ཚོང་ར་དང་ཐོན་ཁུངས་བེད་སྤྱོད་ལེགས་པོ་བྱས་ནས་རང་ཉིད་འཕེལ་རྒྱས་གཏོང་དགོས་ལ། འཛམ་གླིང་ཐུན་མོང་གི་འཕེལ་རྒྱས་ལའང་སྐུལ་འདེད་གཏོང་དགོས། ང་ཚོས་འཆམ་མཐུན་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཡང་དག་གི་ཕྱོགས་ནས་ལངས་དགོས། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་དུ་བསྟར་བ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ལག་ལེན་དུ་བསྟར་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་བཅོས་བསྒྱུར་དང་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་ཏེ། སྒོ་འབྱེད་རིགས་ཀྱི་འཛམ་གླིང་དཔལ་འབྱོར་བསྐྲུན་པར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་གཞི་དང་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་གཞི་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་འཆམ་མཐུན་དང་འཕེལ་རྒྱས་ལ་བརྟན་བརླིང་རང་བཞིན་དང་དྲང་ནུས་སྔར་ལས་མང་པོ་སྣོན་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ལ་རྒྱལ་སྤྱིའི་ཁོར་ཡུག་སྔར་ལས་ལེགས་པོ་བསྐྲུན་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་སྐྱོང་ན་སྔོན་ལ་ངེས་པར་དུ་ཏང་སྐྱོང་དགོས། ཏང་དར་ན་ད་གཟོད་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་སྲིད། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་གཏོང་བ་ལ། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཏང་གི་འཛུགས་སྐྲུན་ལ་དངོས་གནས་ཤུགས་སྣོན་དགོས། ཏང་ཆེན་མོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་ཀྱི་རིག་པ་གསལ་པོ་དང་བློ་རྩ་བརྟན་པོ་དུས་དང་རྣམ་པ་ཀུན་ཏུ་སྲུང་འཛིན་བྱེད་དགོས། རང་ཉིད་གསར་བརྗེ་བྱེད་ཕོད་པར་བྱས་ཏེ། དུས་ཡུན་སྐད་ཅིག་ཙམ་ལའང་མི་སྡོད་པར་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་དགོས་ལ། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པ་རྒྱུན་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་འཛིན་བྱེད་པ། དུས་གཏན་དུ་ཏང་གི་རང་གཤིས་མི་འགྱུར་ཞིང་རང་མདངས་མི་ཡལ་བ། ངོ་བོ་མི་འགྱུར་བར་ཁག་ཐེག་བྱས་ཏེ། སྟོབས་ལྡན་རྒྱལ་ཁབ་ཀྱི་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་འབྱུང་བར་ཁག་ཐེག་བརྟན་པོ་འདོན་སྤྲོད་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་འབྱུང་བའི་དམིགས་འབེན་རླབས་པོ་ཆེས་མི་སེམས་ལ་སྐུལ་ལྕག་གནང་ཞིང་། འབད་འཐབ་ལ་ཡར་སྐུལ་བྱེད་དགོས། ང་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས། ལོ་རྒྱུས་རང་རྟོན་བརྟན་པོར་གཏོང་བ་དང་། ལོ་རྒྱུས་རང་འགུལ་ཇེ་དྲག་ཏུ་གཏོང་བ། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱེད་པ། འཐབ་ཇུས་ངེས་ཤུགས་སྲུང་འཛིན་བྱེད་པ། འཐབ་རྩོད་སྙིང་སྟོབས་དར་སྤེལ་གཏོང་བ། དཀའ་སེལ་འགག་སྒྲོལ་བྱེད་ཕོད་པ་བཅས་བྱས་ནས། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ནུས་པ་ཕྲན་བུ་རེ་དང་ཁ་དོག་གསར་པ་རེ་སྣོན་ཅི་ཐུབ་བྱེད་དགོས།

ཞི་ཅིན་ཕིང་གིས་གསུང་བཤད་གནང་བར་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་ཡང་ཡང་རྡེབ།

དེའི་རྗེས་མཐུད་ནས་ཀྲའོ་ལེ་ཅི་ཡིས་གསུང་བཤད་གནང་། ཁོང་གིས་གསུང་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཡོངས་སུ་འཐད་པ་དང་བརྩི་བཀུར་བྱེད་རྒྱུ་ཡིན། གསུང་བཤད་ཀྱིས་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱས་ཡོད་ལ། ལོ་རྒྱུས་ཀྱི་རང་རྟོན་བརྟན་ཞིང་། འགན་འཁྲིའི་ཐེག་ཁུར་མངོན་པར་མཚོན་པ། མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་ཡོད་པས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་འཐབ་ལམ་གསར་པའི་སྟེང་ངར་སེམས་ཆེར་སྐྱེད་དང་བློ་སྤོབས་ཆེན་པོས་མདུན་དུ་བསྐྱོད་པར་སྐུལ་སློང་བྱེད་ངེས་ཡིན་པས། ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལེན་པ་དང་ཁྱོན་ཡོངས་ནས་ལག་ལེན་དོན་འཁྱོལ་བྱེད་དགོས། ཁོང་གིས་གསུང་རྒྱུར། བློ་མཐུན་ཞི་ཅིན་ཕིང་ཡང་བསྐྱར་འདེམས་ཤོག་ཆ་ཚང་ཐོབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་འདིས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཡོངས་ཀྱི་ཐུན་མོང་གི་རེ་འདུན་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་མཚོན་ཡོད་པ་རེད། ཏང་གིས་བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་སུ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་གོ་གནས་གཏན་ལ་ཕབ་པ་འདི། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་སྤེལ་བྱེད་པར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན། “གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་བཀུར་བྱེད་པ་དང་། “འདུ་ཤེས་བཞི”ཇེ་དྲག་དང“རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས།

ཀྲའོ་ལེ་ཅི་ཡིས་གསུང་རྒྱུར། ཚོགས་ཆེན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་དུ་བསྟར་ཏེ། གྲོས་རིམ་སོ་སོ་ལེགས་འགྲུབ་བྱུང་བས། འདི་ནི་དམངས་གཙོ་དང་མཐུན་སྒྲིལ། དངོས་གཉེར། ཡར་བརྩོན་གྱི་ཚོགས་ཆེན་ཞིག་ཡིན། ཁོང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི། བློ་མཐུན་ལི་ཀྲན་ཧྲུའུ་བཅས་ལ་བླ་མེད་ཀྱི་གུས་འདུད་ཞུས།

ཀྲའོ་ལེ་ཅི་ཡིས་གསུང་རྒྱུར། ཚོགས་ཆེན་གྱིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱས་ནས་བདམས་ཐོན་བྱུང་ཞིང་། ང་རང་ཨུ་ཡོན་ཀྲང་ལ་བདམས་ཏེ་འགན་འཁུར་དུ་བཅུག ང་ཚོས་འཐུས་མི་རྣམ་པའི་ཡིད་ཆེས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། འགན་འཁྲི་བླ་ན་མེད་ཅིང་ལས་འགན་གལ་ཆེན་ཡིན་པའི་མྱོང་ཚོར་ཟབ་མོ་སྐྱེས། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ལ། དམངས་ཆེན་འཐུས་མི་དང་མི་དམངས་མང་ཚོགས་ལ་དམ་པོར་བརྟེན་པ་དང་། རྩ་ཁྲིམས་ལ་གོང་བཀུར། རང་འགན་འབད་སྒྲུབ། སྤྱོད་གཙང་སྤྱི་གཞོལ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལྷག་བསམ་ཟོལ་མེད་ཀྱིས་སྐྱེས་འབུལ་བྱེད་རྒྱུ་དང་། འཐུས་མི་རྣམ་པ་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་རེ་བཅོལ་ནན་མོ་སྟོང་ཟད་དུ་མི་གཏོང་ཁོ་ཐག་ཡིན།

ཀྲའོ་ལེ་ཅི་ཡིས་གསུང་རྒྱུར། ཏང་གི་ཚོགས་ཆེན་ཉི་ཤུ་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་པའི་འཆར་འགོད་རི་མོ་བྲིས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་དུ་བསྟར་དགོས་ལ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་ནུས་ནན་ཏན་གྱིས་ལག་བསྟར་བྱེད་དགོས། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་ལེགས་པོ་དང་འཐུས་ཚང་ལེགས་པོ། འཁོར་སྐྱོད་ལེགས་པོ་བཅས་བྱེད་དགོས་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པས་གཏན་འཁེལ་བྱས་པའི་དམིགས་འབེན་འགན་འཁྲི་དོན་ཐོག་ཏུ་འཁྱོལ་ཞིང་ཕན་འབྲས་མཐོང་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་དགོས།

ཀྲའོ་ལེ་ཅི་ཡིས་གསུང་རྒྱུར། ང་ཚོས་གོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་དགོས་ལ། མི་དམངས་ཀྱིས་ཁྲིམས་ལྟར་དམངས་གཙོའི་འདེམས་བསྐོ་དང་དམངས་གཙོའི་གྲོས་མོལ། དམངས་གཙོའི་ཇུས་ཆོད། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་དགོས་ཤིང་། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་དགོས།

ཚན་རིག་དང་མཐུན་པར་ཁྲིམས་འཛུགས་པ་དང་། དམངས་གཙོའི་སྒོ་ནས་ཁྲིམས་འཛུགས་པ། ཁྲིམས་ལྟར་ཁྲིམས་འཛུགས་པ་བཅས་ལ་སྐུལ་སྤེལ་གཏིང་ཟབ་བཏང་སྟེ། བཅའ་ཁྲིམས་མ་ལག་སྔར་ལས་ཚན་རིག་དང་མཐུན་ཞིང་འཐུས་སྒོ་ཚང་བ། གཅིག་གྱུར་དབང་གྲགས་ལྡན་པར་འགྱུར་དུ་འཇུག་དགོས། ལྟ་སྐུལ་ཡང་དག་དང་ལྟ་སྐུལ་ནུས་ལྡན། ཁྲིམས་ལྟར་ལྟ་སྐུལ་བཅས་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་ཡོང་བར་ཁག་ཐེག་བྱེད་དགོས། འཐུས་མི་ནི་མི་དམངས་ཀྱི་ཁྲོད་ནས་ཡོང་ཞིང་མི་དམངས་ཀྱི་ནང་དུ་རྩ་བ་ཚུགས་པའི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་སྦྲེལ་ཟམ་ལེགས་པོ་བྱེད་དགོས། དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ངོས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དགོས་པ་དང་། དུས་རབས་གསར་པ་དང་འཐབ་ལམ་གསར་པས་བསྩལ་བའི་འགན་འཁྲི་དང་ལས་འགན་དངོས་གནས་ཐེག་ཁུར་བྱེད་དགོས།

དུས་ཚོད9དང་སྐར་མ57སྟེང་། ཀྲའོ་ལེ་ཅི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་མཇུག་བསྒྲིལ་བ་ཁྱབ་བསྒྲགས་གནང་།

ཚེས13ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་མི་དམངས་ཚོགས་ཁང་ཆེན་མོ་རུ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་འཐུས་མི་ཡོངས་ལ་མཇལ་འཕྲད་གནང་བ་དང་། ཁོ་ཚོ་དང་ལྷན་དུ་དྲན་རྟེན་མཉམ་པར་བསྐྱོན། །

ཞིན་ཧྭ་གསར་འགྱུང་ཁང་གི་གློག་འཕྲིན་ལྟར།