ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞི་ཅིན་ཕིང་གིས་ལུགས་རྙིང་ལོ་གསར་ཐོན་ལ་ཉེ་བའི་སྐབས་སུ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་བརྙན་ལམ་ནས་འཚམས་འདྲི་གནང་སྟེ་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུས།

རིགས་སོ་སོའི་མི་དམངས་བདེ་ཞིང་སྐྱིད་པ་དང་རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བར་སྨོན།

ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ལུགས་རྙིང་ལོ་གསར་ཐོན་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་ནས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་ལུགས་རྙིང་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུས་ཤིང་། རིགས་སོ་སོའི་མི་དམངས་ལུས་ཕུང་བདེ་ཐང་དང་། ཁྱིམ་ཚང་བདེ་སྐྱིད། བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་ཡོང་བ། ཡོས་ལོར་བཀྲ་ཤིས་ཡོང་བའི་སྨོན་འདུན་ཞུས་ལ། རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་རྒྱལ་སྲིད་དར་ཞིང་དམངས་རྣམས་བདེ་ལ་འཁོད་པའི་སྨོན་འདུན་བཟང་པོ་ཡང་ཞུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཚའེ་ཆི། ཏིང་ཞུའེ་ཞང་བཅས་ཀྱིས་འཚམས་འདྲི་ལ་ཕེབས་རོགས་གནང་།

ཟླ1པའི་ཚེས18ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ཤར་མར་ཧེ་ལུང་ཅང་དང་ཧྥུ་ཅན། ཞིན་ཅང་། ཧོ་ནན། པེ་ཅིན། སི་ཁྲོན་སོགས་ས་ཆའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་དང་བརྙན་ལམ་སྦྲེལ་ཏེ། རིམས་འགོག་ཡུལ་དངོས་ཀྱི་སྨན་དོན་མི་སྣ་དང་། ཕན་བདེ་ཁང་གི་རྒན་རྒོན་གྲོགས་པོ། ནུས་ཁུངས་མཁོ་འདོན་འགན་སྲུང་ཁེ་ལས་ཀྱི་ལས་བཟོ་པ། མྱུར་བགྲོད་ལྕགས་ལམ་ས་ཚིགས་ཀྱི་ལས་བྱེད་པ་དང་ལས་བཟོ་པ། ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་རའི་ཚོང་དུད་དང་མང་ཚོགས། གྲོང་གསེབ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་བཅས་ལ་འཚམས་འདྲི་གནང་བ་དང་། ཚང་མར་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་སྨོན་འདུན་བཟང་པོ་ཞུས།

ཞི་ཅིན་ཕིང་གིས་པྲོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་དང་ནད་པར་སྨན་བཅོས་བྱེད་པའི་བྱ་བར་དོ་ཁུར་ཆེན་པོ་གནང་བཞིན་ཡོད། ཁོང་གིས་ཐོག་མར་ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གསོ་རིག་སློབ་ཆེན་ཁོངས་གཏོགས་སྨན་ཁང་དང་པོ་དང་བརྙན་ལམ་སྦྲེལ་ནས་སྨན་དོན་མི་སྣ་དང་སྨན་ཁང་དུ་སྡོད་པའི་ནད་པ་རྣམས་ལ་བྱམས་བརྩེའི་ངང་བསམ་ཚུལ་བརྗེ་རེས་གནང་བ་དང་། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཇེ་ལེགས་སུ་བཏང་རྗེས་ཚ་རྒྱས་སྒོ་བསྟེན་སྨན་ཁང་གི་སྨན་བཅོས་དང་། ནད་པ་ལྗིད་མོའི་སྐྱོབ་བཅོས། སྨན་རྫས་བཀོད་སྒྲིག ནད་པ་དྲག་སྐྱེད་སོགས་ཀྱི་གནས་ཚུལ་ཐད་འདྲི་རྟོག་ཞིབ་མོ་གནང་། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་ལས་དོན་པར་ལོ་གསར་གྱི་སྨོན་འདུན་ཞུས། ཁོང་གིས་ནན་གྱིས་བསྟན་དོན། ཉེ་བའི་ལོ་གསུམ་གྱི་རིང་ལ། ང་ཚོས་པྲོག་གསར་རིམས་ནད་ལ“རིགས་ཁ་པར་ཀ་པས་དོ་དམ་བྱེད་པ”ནན་ཏན་གྱིས་ལག་བསྟར་བྱས་པ་ཡིན། དེ་ནི་ཡང་དག་པའི་གདམ་ག་ཞིག་ཡིན་ཏེ། ནད་དུག་གཞན་འགྱུར་ཐེངས་མང་བྱུང་བར་ཁ་གཏད་འཇལ་ནས་ནད་ཚབས་ཆེན་ཕོག་ཚད་དང་ནད་པ་འདས་ཚད་ཉུང་དུ་གཏོང་གང་ཐུབ་བྱས་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་ནུས་ལྡན་བྱས་ཡོད་ལ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལེགས་བསྒྱུར་གཏོང་རྒྱུ་དང“རིགས་ཁ་པར་ཁ་པས་དོ་དམ་བྱེད་པ”ལག་བསྟར་བྱེད་པར་རྩ་ཆེའི་དུས་ཚོད་ཀྱང་བརྩོན་ལེན་བྱེད་ཐུབ་ཡོད། ད་ལྟ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དུས་རིམ་གསར་པར་སླེབས་ཡོད་ཅིང་། སྔར་བཞིན་ཤུགས་རྒྱག་དགོས་པའི་དུས་སུ་གནས་ཡོད་མོད། འོན་ཀྱང་རྒྱལ་ཁའི་འོད་སྣང་མདུན་ཕྱོགས་ནས་འཕྲོ་བཞིན་ཡོད་པས་རྒྱུན་འཁྱོངས་བྱས་ན་རྒྱལ་ཁ་ཐོབ་ངེས་ཡིན། མིག་སྔར། སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་དེ་སྔོན་འགོག་ནས་སྨན་བཅོས་སྐྱོབ་བཅོས་སུ་བསྒྱུར་ཡོད་པ་དང་། གཙོ་གནད་ནི་བདེ་ཐང་འགན་ལེན་དང་ནད་ལྗིད་མོར་འགྱུར་བ་སྔོན་འགོག་བྱེད་རྒྱུ་དེ་ཡིན་པས། སྨན་ཁང་གི་ལས་འགན་དེ་བས་ལྕི་རུ་ཕྱིན་ཡོད། སྨན་བཅོས་ཐོན་ཁུངས་སྔར་བས་རྒྱ་བསྐྱེད་པ་དང་། སྨན་བཅོས་ཞབས་ཞུའི་མཁོ་སྤྲོད་མང་དུ་གཏོང་བ། སྨན་རྫས་བཀོད་སྒྲིག་མང་དུ་གཏོང་བ། ལྷག་པར་དུ་ནད་པ་ལྗིད་མོར་སྨན་བཅོས་བྱེད་པའི་གྲ་སྒྲིག་ཡག་པོ་བྱེད་པ་བཅས་ཀྱིས་རྒྱུན་གཏན་གྱི་སྨན་བཅོས་སྒྲིག་ལམ་འགན་ལེན་བྱེད་དགོས། སྨན་དོན་མི་སྣས་རང་ངོས་འགོག་སྲུང་བྱེད་པ་དང་ཁོང་ཚོར་སེམས་ཁུར་གཅེས་སྐྱོང་བྱེད་པར་ཤུགས་བསྣན་ནས་ཁོང་ཚོའི་ལུས་ཕུང་བདེ་ཐང་ཡོང་བར་འགན་ལེན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཐོག ཚན་རིག་དང་མཐུན་པའི་ངང་འགོག་བཅོས་དང་གནད་ཁེལ་ཇུས་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཙོ་གནད་སྒྲིག་གཞི་དང་། གཙོ་གནད་ཚན་པ། གཙོ་གནད་མི་ཚོགས་བཅས་ཀྱི་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་། སྨན་བཅོས་ཐོན་ཁུངས་སྣ་ཚོགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། མང་ཚོགས་ཀྱི་སྨན་བཅོས་དང་སྨན་རྫས་ཀྱི་དགོས་མཁོ་འགན་ལེན་ཡག་པོ་བྱེད་པ། གྲོང་གསེབ་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞན་ཆ་གསབ་པ་བཅས་བྱེད་དགོས།

བརྙན་ལམ་འབྲེལ་མཐུད་བྱ་ཡུལ་དེ་ཧྥུ་ཅན་ཞིང་ཆེན་ཧྥུ་ཀྲོའུ་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་དུ་བརྗེས་པ་དང་། ཕན་བདེ་ཁང་དུ་ཡོད་པའི་བགྲེས་སོང་དང་ལྟ་སྐྱོང་མི་སྣས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ཤིང་། ཞི་ཅིན་ཕིང་གིས་ཚང་མར་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུས། ཁོང་གིས་ཕན་བདེ་ཁང་གི་འཚོ་བ་དང་སྨན་བཅོས་ཀྱི་ཆ་རྐྱེན་དང་། རིམས་ནད་སྔོན་འགོག་ཚོད་འཛིན། རྒན་རྒོན་ལ་རིམས་འགོག་སྨན་ཁབ་རྒྱག་པའི་གནས་ཚུལ་བཅས་བཀའ་འདྲི་ཞིབ་ཕྲ་གནང་བར་མ་ཟད། ཕན་བདེ་ཁང་དུ་ཡོད་པའི་རྒན་རྒོན་ཚོ་དང་ལྷན་དུ་ལུས་ཕུང་གནས་ཚུལ་དང་ཉིན་རྒྱུན་གྱི་འཚོ་བའི་སྐོར་ལ་གླེང་མོལ་བྱས་ནས་ཁོང་ཚོར་ལུས་ཕུང་ལ་གཅེས་སྐྱོང་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།ཁོང་གིས་ནན་གྱིས་བསྟན་དོན། མིག་སྔར། ནད་དུག་སྔར་བཞིན་རྒྱུན་ཆད་མེད་པར་གཞན་འགྱུར་འབྱུང་བཞིན་ཡོད། དུས་རིམ་འདིའི་རིམས་ནད་ཀྱི་དུག་གི་ངོ་བོ་ཅུང་ཟད་ཇེ་ཡང་དུ་ཕྱིན་ཡོད་རུང་། འོན་ཀྱང་འགོས་ཁྱབ་དེ་བས་མགྱོགས་པ་དང་འགོས་ཚད་དེ་བས་ཆེ་བར་བརྟེན་རྒན་རྒོན་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པས།

ངས་གྲོགས་པོ་རྒན་པ་རྣམས་ལ་ཤིན་ཏུ་དོ་ཁུར་བྱེད་ཀྱིན་ཡོད། རྒན་རྒོན་ནི་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན་པས། རྒན་གསོ་ཁང་དང་ཕན་བདེ་ཁང་སོགས་ལས་ཁུངས་མི་སྣའི་འགོག་སྲུང་དང་བདེ་ཐང་དོ་དམ་གྱི་བྱ་ཐབས་དེ་བསྟི་གནས་གཞན་པ་ལས་ནན་མོ་བྱས་ཏེ་གཅིག་སྡུད་རང་བཞིན་གྱི་རིམས་ནད་བྱུང་བ་ནན་འགོག་བྱེད་དགོས། རྒན་གསོ་ཁང་དང་ཕན་བདེ་ཁང་སོགས་ཀྱིས་སྨན་བཅོས་ལས་ཁུངས་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག རིམས་འགོག་སྨན་ཁབ་རྒྱག་རྒྱུར་སྐུལ་འདེད་གཏོང་བ་དང་། སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ནད་གཞི་ལྕི་མོ་ཕོག་མཁན་ལ་དུས་ཐོག་ཏུ་སྐྱོབ་བཅོས་ཐུབ་པའི་འགན་ལེན་བྱེད་དགོས།

ཞིན་ཅང་ཐ་ཁོ་ལ་མ་ཀན་བྱེ་ཐང་དུ་གནས་པའི་ཀྲུང་གོ་རྡོ་སྣུམ་ཐ་ལི་མུའུ་སྣུམ་ཞིང་ནི་རང་རྒྱལ་གྱི་སྐམ་སའི་ཐོག་གི་སྣུམ་ཞིང་ཆེ་གྲས་གསུམ་པ་དེ་ཡིན་ལ། རང་རྒྱལ་གྱི“ནུབ་རླངས་ཤར་འདྲེན”གྱི་གཙོ་ཤུགས་སོལ་རླངས་འབྱུང་ཁུངས་ཀྱང་ཡིན་པས། ཞིན་ཅང་ལྷོ་རྒྱུད་དང་སྨད་རྒྱུད་ལམ་རྒྱུད་ཀྱི་ཞིང་ལྗོངས་དང་གྲོང་ཁྱེར15ཡི་གྲོང་མིར་རང་བྱུང་སོལ་རླངས་མཁོ་འདོན་འགན་ལེན་བྱེད་ཀྱིན་ཡོད། ཞི་ཅིན་ཕིང་གིས་ཐ་ལི་མུའུ་སྣུམ་ཞིང་ཀུང་སིའི་ལུན་ནན་སྣུམ་རླངས་གསོག་འདྲེན་ལྟེ་གནས་ནུབ་རླངས་ཤར་འདྲེན་གྱི་ས་ཚིགས་དང་པོ་ཁེ་ལ་རླངས་གསོག་ཁུལ་དང་བརྙན་ལམ་འབྲེལ་མཐུད་གནང་། ཞི་ཅིན་ཕིང་གིས་དུས་ཆེན་གྱི་སྐབས་སུ་རེས་མོས་ངལ་གསོ་རྒྱག་ཐུབ་བམ། ཁྱེད་ཚོས་གཞན་ཡུལ་ནས་ལོ་གསར་གཏོང་བཞིན་ཡོད་པས་ལོ་གསར་གྱི་མཁོ་ཆས་ཚང་མ་གྲ་སྒྲིག་བྱས་ཚར་ཡོད་དམ། ལུགས་རྙིང་ལོ་གསར་གྱི་སྐབས་སུ་ཁྱེད་ཚོས་ཇི་ལྟར་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་བྱས་ནས་བདེ་འཇགས་ངང་རང་བྱུང་སོལ་རླངས་མཁོ་འདོན་འགན་ལེན་བྱེད་དགོས་སམ་ཞེས་པ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བར། ཡུལ་དངོས་ཀྱི་ལས་བཟོ་པས་རེ་རེ་བཞིན་ལན་བཏབ། སྤྱི་ཁྱབ་ཧྲུའུ་ཅིས་ཁོང་ཚོར་ལས་གནས་ཡག་པོ་སྲུང་བ་དང་སོལ་རླངས་མཁོ་འདོན་ཡག་པོ་བྱས་ནས་མི་དམངས་མང་ཚོགས་ཀྱིས་སྤྲོ་སྣང་དང་འཆམ་མཐུན་ལྡན་པའི་ལོ་གསར་ཞིག་རོལ་བར་འགན་ལེན་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།

ཀྲེང་ཀྲོའུ་འབབ་ཚིགས་ཤར་མ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་མྱུར་བགྲོད་ལྕགས་ལམ་འབབ་ཚིགས་ཀྱི་ཡ་གྱལ་ཞིག་ཡིན་པ་དང་། སྔོན་དཔག་བྱས་ན་ད་ལོའི་ལུགས་རྙིང་ལོ་གསར་སྐབས་སུ་འགྲུལ་པ་ཁྲི337སྐྱེལ་འདྲེན་བྱ་རྒྱུ་རེད། ཞི་ཅིན་ཕིང་གིས་བརྙན་ལམ་འབྲེལ་མཐུད་བརྒྱུད་དེ་ལྕགས་ལམ་འགྲུལ་སྐྱེལ་ལས་བྱེད་ལས་བཟོ་པ་ཚོར་འཚམས་འདྲི་གནང་། འབབ་ཚིགས་ཤར་མའི་འབབ་སྟེགས་དང་པོའི་ཐོག ཀྲེང་ཀྲོའུ་འབབ་ཚིགས་ཤར་མའི་མགོ་གཙོས་ལུགས་རྙིང་ལོ་གསར་རིང་འགྲུལ་པ་སྐྱེལ་འདྲེན་བྱེད་པའི་སྤྱིའི་གནས་ཚུལ་ངོ་སྤྲོད་བྱས། ཞི་ཅིན་ཕིང་གིས་བསྟན་དོན། ལུགས་རྙིང་ལོ་གསར་གྱི་སྐྱེལ་འདྲེན་ནི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པ་དང་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བརྟན་བརླིང་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད། ད་ལོའི་ལུགས་རྙིང་ལོ་གསར་གྱི་སྐྱེལ་འདྲེན་ནི་རིམས་ནད་སྔོན་འགོག་ཚོད་འཛིན་དུས་མཚམས་གསར་པར་སླེབས་རྗེས་ཀྱི་ལུགས་རྙིང་ལོ་གསར་གྱི་སྐྱེལ་འདྲེན་དང་པོ་དེ་ཡིན་པས་འགྲུལ་པ་འགྲོ་འོང་བྱེད་མཁན་ལྡབ་འགྱུར་གྱིས་མང་དུ་ཕྱིན་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ཏང་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱ་དགོས་པ་དང་། བདེ་བགྲོད་ཐུབ་པའི་ནུས་པ་ཆེ་རུ་བཏང་ནས། མི་དམངས་མང་ཚོགས་བར་ཆད་མེད་པའི་ངང་ནས་འགྲོ་སྐྱོད་ཐུབ་རྒྱུར་འགན་ལེན་དང་དངོས་ཟོང་གཙོ་བོའི་སྐྱེལ་འདྲེན་ཤར་བགྲོད་ཐུབ་རྒྱུ་འགན་ལེན་བྱེད་དགོས། ཚད་མཐའི་རིག་ལམ་རྒྱུན་འཁྱོངས་དང་གནམ་གཤིས་ངན་པའི་རིགས་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་པ། བདེ་འཇགས་ལ་ཉེན་ཁ་བཟོ་བའི་རྐྱེན་རྣམས་བཤེར་བ་དང་བཅོས་སྒྲིག་གང་ལེགས་བྱེད་པ། བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་འབྱུང་བར་གཏན་འགོག་བྱེད་དགོས། འགྲོ་སྐྱོད་ཅུང་གཅིག་སྡུད་ཡིན་པའི་ཞོར་ལས་པ་དང་སློབ་མར་ཞབས་ཞུ་མཛུབ་ཁྲིད་བྱ་རྒྱུར་ཤུགས་བསྣན་ནས། ཁོ་ཚོ་དུས་ཆེན་གྱི་སྔོན་དུ་བདེ་འཇགས་ངང་ཕ་ཡུལ་དུ་ལོག་ཐུབ་པ་དང་དུས་ཆེན་རྗེས་བདེ་འཇགས་ངང་ལས་གནས་དང་སློབ་གྲྭར་ལོག་ཐུབ་པ་བྱེད་དགོས། རིམས་འགོག་གི་གཏན་འབེབས་ཁག་དོན་འཁྱོལ་ནན་མོ་བྱས་ཏེ། ནད་དུག་ཕན་ཚུན་འགོ་རེས་བྱེད་ཚད་ཚད་གཞི་ཆེ་ཤོས་ཐོག་ནས་ཇེ་ཉུང་དུ་གཏོང་བ་དང་འགྲུལ་པའི་ལུས་ཕུང་བདེ་ཐང་འགན་ལེན་བྱེད་དགོས།

ཞིན་ཧྥ་ཏི་ཞིང་ལས་ཐོན་རྫས་སྡེབ་ཚོང་ཁྲོམ་ར་ནི་པེ་ཅིན་གྲོང་ཁྱེར་གྱི“ཚོད་སླེ”དང“སིལ་སྡེར”གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་ནས་སྡེབ་ཚོང་ཁྲོམ་རར་ཡོད་པའི་ཚོང་དུད་དང་ལོ་གསར་གྱི་མཁོ་ཆས་ཉོ་མཁན་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་། སྔོ་ཚལ་ཁུལ་དང་པོའི་མཐོངས་ཡངས་ཉོ་ཚོང་ཁུལ་དུ། ཚོང་དུད་དང་དེར་ཡོད་མང་ཚོགས་ཀྱིས་དགའ་ཚོར་ཆེན་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས། ཁྲོམ་རའི་འགན་འཁུར་པས་མཁོ་འདོན་འགན་ལེན་དང་ཟོང་འགྲེམས་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་རྗེས། ཞི་ཅིན་ཕིང་གིས་ཉིན་ཤས་རིང་ཁྲོམ་རའི་འཁོར་སྐྱོད་གནས་ཚུལ་གང་འདྲ་ཡིན་པ་དང་། ད་ལོའི་ཚོང་དུད་ཀྱི་ཉོ་ཚོང་གང་འདྲ་ཡིན་པ། ད་ལོའི་སྡེབ་ཚོང་རིན་གོང་གང་འདྲ་ཡིན་པ་བཅས་ཀྱི་སྐོར་ལ་བཀའ་འདྲི་ཞིབ་ཕྲ་གནང་། ཚལ་གོང་བརྟན་ཞིང་སྣ་ཁ་འཛོམས་པོ་ཡོད་པ་མཁྱེན་རྗེས་ཐུགས་དགྱེས་ཚོར་ཆེན་པོ་གནང་ཡོད། ཁོང་གིས། དམངས་ཀྱི་འཚོ་རྟེན་ནི་ཟས་ཡིན། “ཚོད་སླེ”དང“འབྲས་ཁུག”“སིལ་སྡེར”བཅས་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པའི་ཆེས་གཞི་རྩར་གྱུར་བའི་དམངས་འཚོ་ཡིན། ལོ་གསར་དང་དུས་ཆེན་སྐབས་སུ་བདེ་འཇགས་བརྗེད་མི་རུང་། ཞིང་ཞོར་ཐོན་རྫས་ཁྲོམ་རར་མི་དང་ཟོང་འགྲེམས་མང་པོ་ཡོད་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ཁུལ་ཞིག་ཡིན་པ་དང་། མི་ཚོགས་དང་ཟོང་འགྲེམས་ལ་སྙོམས་སྒྲིག་འོས་འཚམ་བྱེད་པ་དང་རིམས་ནད་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་པ། ཁྲོམ་རའི་ཁོར་ཡུག་འཕྲོད་བསྟེན་ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་ཐོག་ནས་རིམས་ནད་ཀྱི་ཉེན་ཁ་འབད་བརྩོན་ཆེན་པོས་ཆུང་དུ་གཏོང་དགོས་ཞེས་གསུངས།

སི་ཁྲོན་ཞིང་ཆེན་མན་དབྱང་གྲོང་ཁྱེར་པེ་ཁྲོན་ཆའང་རིགས་རང་སྐྱོང་རྫོང་ཧྲི་དབྱི་སྡེ་བ་ནི་ཝུན་ཁྲོན་ས་ཡོམ་གྱི་གནོད་ཕྱི་བསྐྱར་སྐྲུན་སྡེ་བ་ཞིག་ཡིན་ཞིང་། ད་ལྟ་རྒྱལ་ཡོངས་ཀྱི་དཔལ་ཡོན་སྡེ་བར་གྱུར་ཡོད། ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་དེ་ཡུལ་མི་ཚོ་དང་ཡུལ་སྐོར་པ་ཚོར་ལོ་གསར་གྱི་འཚམས་འདྲི་མཛད་པ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་གྲོགས་པོ་དང་གྲོང་གསེབ་དར་སྤེལ་གྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་གྱི་བློ་མཐུན་ཚོར་ལུགས་རྙིང་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུས། ཞི་ཅིན་ཕིང་གིས་སྡེ་བའི་ལས་བྱེད་པ་དང་ཡུལ་སྐོར་པ་ཚོ་དང་མཉམ་དུ་སྡེ་བའི་ཡོང་འབབ་ཅི་འདྲ་ཡིན་པ་དང་ལུགས་རྙིང་ལོ་གསར་རིང་སྡེ་བར་ཡུལ་སྐོར་དུ་ཡོང་མཁན་མང་པོ་ཡོད་མེད་སོགས་ཀྱི་གནད་དོན་ལ་རེ་རེ་བཞིན་བསམ་བློ་བརྗེ་རེས་བྱས་ཤིང་།སྡེ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྟེན་ནས་ཧྲི་དབྱི་སྡེ་བའི་ཞིང་ལས་ཐོན་རྫས་བྲིན་པོ་བྱུང་བ་དང་ཞིང་པའི་སྤྲོ་སྐྱིད་ཁང་དུ་ཡུལ་སྐོར་དུ་ཡོང་མཁན་ཡང་ཇེ་མང་དུ་སོང་ཡོད་ཅེས་ལན་བཏབ་པར་མ་ཟད། སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅི་སྡེ་བའི་ནང་སྐུ་མགྲོན་དུ་ཕེབས་རྒྱུར་གདན་ཞུ་གནང་། ཞི་ཅིན་ཕིང་གིས་དགའ་ཚོར་ཆེན་པོའི་ངང་དུས་རབས་གསར་པའི་གྲོང་གསེབ་དར་སྤེལ་གཏོང་བར་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་གྲོང་གསེབ་ཀྱི་ཡུལ་སྐོར་ལས་དོན་ཡག་པོ་གཉེར་དགོས། ཁྱེད་ཚོ་ནི་དཔེ་མཚོན་ཡག་པོ་ཞིག་རེད། ཚང་མས་མུ་མཐུད་དུ་འབད་བརྩོན་དང་གྲུབ་འབྲས་སྔར་བས་གཟེངས་སུ་ཐོན་པར་བྱས་ནས་གྲོང་གསེབ་དར་སྤེལ་གཏོང་རིང་གྲུབ་འབྲས་གསར་པ་སྔར་ལས་ཆེ་བ་ལེན་པ་དང་། མཉམ་དུ་ཐུན་མོང་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པ། འཚོ་བ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་རྒྱུ་བཅས་ཀྱི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས།

དེ་རྗེས་ས་གནས་ཁག་གི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཚོའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་སྤྲོའི་འབོད་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། “དུས་ཆེན་སླེབས་སྐབས་གཉེན་ཉེ་ལྷག་པར་དྲན”ཞེས་པ་བཞིན་ལུགས་རྙིང་ལོ་གསར་སྐབས་ངས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་སེམས་ཁྲལ་བྱེད་ཀྱིན་ཡོད། སྔོན་ཆད་ང་གཞི་རིམ་དུ་བསྐྱོད་དེ་ཚང་མ་དང་གང་འདོད་དུ་གླེང་མོལ་བྱས་ཏེ་ཚང་མར་ད་དུང་དཀའ་ངལ་གང་དག་ཡོད་མེད་དང་ལོ་གསར་གྱི་འཆར་གཞི་གང་དག་ཡོད་མེད་ཉན་པ་དང་། ཚང་མས་ལུགས་རྙིང་ལོ་གསར་བསུ་བའི་སྤྲོ་སྣང་མཉམ་སྤྱོད་བྱེད་ཀྱིན་ཡོད། ད་ལོ་བརྙན་ལམ་སྦྲེལ་མཐུད་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་བལྟ་སའི་ས་ཆ་སྔར་བས་མང་དུ་ཕྱིན་པ་དང་ཤར་ལྷོ་ནུབ་བྱང་གི་ས་ཕྱོགས་ཁག་ཚང་མ་ཚུད་ཡོད། ང་ཚོའི་བར་བརྙན་ཤེལ་གྱིས་བར་ཆོད་ནའང་། ང་རང་གིས་སྔར་བཞིན་རྒྱལ་ཡོངས་ས་གནས་སོ་སོའི་ལོ་གསར་གྱི་རྣམ་པ་ཟབ་མོ་ཚོར་བྱུང་ལ་ཚང་མའི་བདེ་སྐྱིད་དང་སྤྲོ་སྣང་ཚོར་བྱུང་། ངའི་སེམས་པ་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སེམས་པ་སྔ་ཕྱི་བར་གསུམ་དུ་གཅིག་ཏུ་འབྲེལ་ཡོད། མཚམས་འདིར། ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུ་རྒྱུ་དང་། སྔར་བཞིན་ལས་གནས་ཐོག་དཀའ་ངལ་ཁྱད་གསད་ཀྱིས་ངལ་རྩོལ་བྱེད་བཞིན་པའི་བློ་མཐུན་རྣམས་ལ་མཛའ་བརྩེའི་འཚམས་འདྲི་ཞུས་པ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། གནམ་གང་དང་ལུགས་རྙིང་ལོ་གསར་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་དང་ཁྱིམ་ཚང་ཁྲི་སྟོང་མཉམ་འཛོམས་ཀྱིས་ལོ་རྙིང་བ་ཕར་ལ་སྐྱེལ་བ་དང་ལོ་གསར་པ་ཚུར་ལ་བསུ་བའི་བཀྲ་ཤིས་པའི་ཉིན་མོ་ཞིག་རེད། ཚང་མས་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་ཡག་པོ་ཞིག་རོལ་ཐུབ་རྒྱུ་དེ་ངའི་བསམ་འདུན་ཆེ་ཤོས་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དུས་ཆེན་རིང་གི་གློག་དང་རླངས། དྲོད་བཅས་མཁོ་འདོན་བྱ་རྒྱུ་འགན་ལེན་ཏན་ཏིག་བྱས་ཏེ“ཚོད་སླེ”དང“འབྲས་ཁུག”“སིལ་སྡེར”བཅས་ཀྱི་འགན་ལེན་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ།

(པར་ངོས9པར་མཐུད་པ།) བཟའ་བཅའི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་པ། ལྷག་པར་དུ་དུས་མཚམས་གསར་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ཡག་པོ་བྱས་ནས། ཐོལ་བྱུང་དོན་རྐྱེན་དང་བདེ་འཇགས་ལས་འཛོལ་སྣ་ཚོགས་འབྱུང་བར་དོགས་ཟོན་བྱས་ཐོག རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དགའ་དགའ་སྤྲོ་སྤྲོ་དང་བདེ་འཇགས་འཆམ་མཐུན་ངང་ལུགས་རྙིང་ལོ་གསར་ཞིག་རོལ་ཐུབ་པའི་འགན་ལེན་དགོས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འདས་པའི་ལོ་གཅིག་ནི་སྤྱིར་བཏང་གཏན་ནས་མིན་ལ་ལས་སླ་པོའང་གཏན་ནས་མིན། འོན་ཀྱང་ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བས། འཐབ་ཕྱོགས་སོ་སོ་ནས་གྲུབ་འབྲས་གསར་པ་བླངས་ཡོད། དེར་ཚང་མས་བྱས་རྗེས་བཞག་ཡོད་པས། ངོ་མ་ཧ་ལས་དགོས་པ་ཞིག་རེད། ལོ་གསར་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་མགོ་ཚུགས་པའི་ལོ་རེད། ཚང་མས་ཡིད་ཆེས་བརྟན་པོ་དང་སྙིང་སྟོབས་ཆེར་སྐྱེད། སེམས་ཤུགས་གཅིག་སྒྲིལ་གྱིས་འབད་བརྩོན་བྱས་ཏེ་ལོ་གསར་པའི་ནང་བྱས་རྗེས་སྔར་བས་ཆེ་བ་དང་གྲུབ་འབྲས་སྔར་བས་ཆེ་བ་ལེན་པར་རེ་བ་བྱེད་ཀྱིན་ཡོད། ། ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།