ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རྫོགས་ལྡན་བསུ་བའི་ཞུ་འཕྲིན།

རྫོགས་ལྡན་གསར་པ་བཞད་པའི་ཡང་སྟེང་ནས། །

རྨད་བྱུང་དབྱངས་ཀྱི་འདབ་སྟོང་བསུ་བའི་ཉིན། །

སྙིང་རྗེའི་མེ་ཏོག་འཐོར་བའི་མགྲིན་དབྱངས་ཀྱིས། །

ཚིག་རྒྱན་དབྱངས་ཀྱི་སྲིད་ཞི་ལྷུག་པོར་དཀྲོལ། །

བདེ་ཆེན་བརྩེ་བའི་འོད་སྣང་འཁྱིལ་བ་ནས། །

ཀུན་རྟོག་སྣང་བའི་འཆར་རིམ་འདི་དག་གིས། །

སྙན་ཚིག་མུ་ཏིག་སིལ་མའི་གདངས་དབྱངས་ཀྱིས། །

ཤུགས་འབྱུང་ངག་གི་དྲི་བསུང་འཐོར་གྱུར་ཅིག །

གངས་ཀྱི་ས་ཆེན་བསྐོར་བའི་ལྗོངས་འདི་ནས། །

གངས་དཀར་རི་བོ་མཐོ་ཅིང་བརྗིད་པའི་གནས། །

གངས་ཀྱི་ར་བ་འཁྱུད་པའི་བསིལ་ལྡན་ལྗོངས། །

གངས་སེང་རིག་པའི་གད་རྒྱངས་འདི་རུ་སྒྲོགས། །

སྙན་ཚིག་སིལ་མའི་ངག་རིག་དབྱངས་སུ་དྲངས། །

ཚིག་གཏེར་རླབས་ཀྱི་འཇོ་སྒེག་ལྷེམ་ལྷེམ་གཡོ། །

ཤིས་ཚིག་བུང་བའི་ཞུ་འཕྲིན་མཆོད་པ་འདི། །

ཉམས་ལྡན་དབྱངས་ཀྱི་འགྲོས་ནས་བག་ཡང་རྒྱུ། །

མཚར་སྡུག་འོད་སྐུལ་གྲོལ་བའི་ཞིང་ས་འདིར། །

ཞི་བའི་ཉམས་བརྒྱ་རོལ་བའི་རྩེད་འཇོ་འདི། །

མཐུན་ལམ་གསེར་གྱི་སྒོ་མོ་འབྱེད་པའི་དཔལ། །

མཐུན་སྒྲིལ་གསེར་གྱི་ཀ་ཆེན་བརྟན་གྱུར་ཅིག །

རབ་མཛེས་ལྟ་ན་སྡུག་པའི་སྐྱེད་ཚལ་ནས། །

མདངས་ལྡན་མེ་ཏོག་བཀྲ་བའི་གླིང་ག་རོལ། །

ནོར་འཛིན་སྒེག་མོ་འཁྱིལ་བའི་སྟང་སྟབས་ཀྱིས། །

ས་འཛིན་ཡོངས་སུ་མཛེས་པའི་ཐོད་དུ་བཅིངས། །

མཛེས་སྡུག་སྤུ་རིས་འབྱེད་པའི་དགའ་ཚལ་ནས། །

མཐུན་སྒྲིལ་གཤོག་པ་ཡངས་པའི་བང་རྩལ་གྱིས། །

ཕྱོགས་ཀུན་མཛེས་པ་ཡོངས་སུ་འཛུམ་བག་གྲོལ། །

རྫོགས་ལྡན་གསར་བའི་དུས་སྐབས་ཡང་ཡང་བསུ། །

སྤྲིན་དཀར་ཅོད་པན་གཡོ་བའི་གདན་སྟེངས་ནས། །

མཐོ་བརྗིད་གངས་རི་མཛེས་པ་ལྟོ་བར་འཁྱིལ། །

མཐུན་སྒྲིལ་གསེར་ཟམ་རིང་མོ་འཁྱིལ་བའི་ཞིང་། །

གནམ་ལོ་གསར་བའི་ཉི་གཞོན་འཛུམ་གྱིས་བསུ། །

ཡིད་འཕྲོག་ཆུ་འཛིན་འཁྲིགས་པའི་གུར་ཁང་ནས། །

སུམ་རྩེན་དཔལ་ལ་འདྲེན་པའི་གངས་ཅན་ལྗོངས། །

ཡིད་འོང་འཛུམ་པའི་འདབ་སྟོང་བཞད་པའི་དཀྱིལ། །

གངས་ཅན་སྲིད་པའི་ཆོས་ནོར་ཕུན་སུམ་ཚོགས། །

དུས་རབས་གསར་བའི་ཉི་གཞོན་འཆར་བའི་ཉིན། །

མཛེས་ལྡན་སྣོད་བཅུད་གྲོལ་བའི་དཔལ་གྱི་ཕྱུག །

རྫོགས་ལྡན་བསུ་བའི་བཀྲ་ཤིས་རིང་མོ་ཡིས། །

མཛའ་མཐུན་བརྩེ་བའི་ཟམ་པ་གཅིག་ཏུ་སྦྲེལ། །

གནམ་སྔོན་ཞུ་བ་འཁྱིལ་བའི་གངས་ཅན་ལྗོངས། །

བསིལ་འཇམ་མེ་ཏོག་དྲི་བསུང་འཐོར་བའི་གནས། །

སུམ་ཉིས་འཛིན་མའི་འབྱུང་ཁུངས་ཡོངས་སུ་གྲགས། །

གངས་ལྗོངས་གསར་བའི་ཞུ་འཕྲིན་སླར་ཡང་ཕུལ། །

སྦྲང་ཆར་བསིལ་མའི་འབོད་སྒྲ་དབྱངས་སུ་གྱེར། །

མཐུན་སྒྲིལ་རིག་པའི་གཟི་འོད་འདི་ནས་འཕྲོས། །

མི་རབས་གསར་བའི་ཉི་གཞོན་སླར་ཡང་བསུ། །

བདེ་ལེགས་ཉི་མའི་དཔྱིད་དཔལ་ཡང་ཡང་བསུ། །