ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ལོ་གཡང་དུང་དཀར་རྒྱང་གྲགས།

མི་འདོད་ནད་ཡམས་མཆེད་པའི་ཟུག་རྔུ་དྲག །

མི་ཤི་རྟ་འགྱེལ་གཡུལ་འཁྲུག་འཛིང་ག་རྩུབ། །

དུས་མིན་ཧར་གྱིས་རྒོལ་བའི་གནོད་འཚེ་འབེལ། །

དམར་ཡག་སྟག་ལོ་བཙན་ཉམས་འཇིགས་རེ་ལྟོས། །

ལོ་རྙིང་ཕར་བསྐྱལ་ལོ་གསར་ཚུར་ལ་བསུ། །

རེ་འདུན་གསར་པ་བསྣམས་པའི་ལྷ་དར་གཙང་། །

ལེགས་ཚོགས་དགེ་བའི་བཀྲ་ཤིས་རེ་ཁྰ་གསལ། །

ཚེ་བསོད་བདེ་སྐྱིད་འཕེལ་བའི་ཁ་གཡང་འཇེབས། །

བཀྲ་ཤིས་དུང་དཀར་སྙན་པའི་དབྱངས་སུ་འཁྲོལ། །

རླུང་རྟ་སྡེ་བཞི་ཁ་བའི་མདངས་སུ་རྩེན། །

བཀྲ་ཤིས་ལྷ་བསང་རི་གསུམ་རྩེ་ན་འགྱུ། །

རིག་ལྡན་ཡོས་བུ་སླེབས་པའི་མཚན་མའོ། །

ཁྲ་ཚོན་སྣ་ལྔའི་ལྒང་ཞུ་སྐར་མར་འཕོས། །

མར་མེ་མཚན་འབར་འོད་དཀར་ཟླ་ལས་སྒེག །

མཆོག་གསུམ་ལྷ་ལ་གསོལ་བའི་དད་པའི་སྟོབས། །

ལོ་གསར་བསུ་བའི་རྟེན་འབྲེལ་གཡང་དུ་འཁྲུངས། །

རི་ལུང་དཀྲོགས་པའི་ཤོག་སྦག་ལྷང་ལྷང་ལྡིར། །

བསུང་ཞིམ་བདུག་སྤོས་སྒོ་རའི་ཁུད་ན་འཕྱོ། །

གནའ་ཉམས་གསོན་པའི་དམངས་གླུའི་འགྱུར་ཁུགས་བཀྲག །

གཞིས་བྱེས་ལྷན་དུ་འཛོམས་པའི་ཡོ་ལང་བཞད། །

ཤ་ཐུད་རི་རབ་བརྩིགས་པའི་རྔམས་ཀ་མཐོ། །

ཇ་ཆང་མཚོ་མོ་ལྟེམས་སེ་མེར་གྱིས་འཁྱིལ། །

ཤོམ་ལྭ་གོས་གསར་མནབས་པའི་དགའ་སྣང་འཕྱུར། །

ཕུན་ཚོགས་ཕྱྰ་གཡང་འཁོར་བའི་དཔལ་དུ་གཏམས། །

ལོ་གསར་སྐྱེས་ལ་བྱིས་པའི་རེ་བ་བརྟས། །

ཉེ་དུ་རྩ་ལག་ཉུལ་བའི་གཡང་རྟེན་ཟས། །

ལག་ལ་མ་ཤོང་དགའ་འཛུམ་བྲག་ཅར་བསྐུར། །

ལོ་གཡང་འབྲུ་སྙེ་ལྡེམ་པའི་ངང་ཚུལ་ལོ། །

སྙན་པའི་གཏམ་དང་ཁ་གཡང་སྨོན་འདུན་ཚིག །

གཡང་ཁྱིམ་བར་ན་གཡུང་དྲུང་རིས་སུ་འཐག །

བརྩེ་བ་དར་ལ་བརྒྱུས་པའི་སྟངས་སྟབས་གར། །

གཡང་འཁྱིལ་གནམ་ལོ་གསར་བའི་འབྲས་སུ་ཤར། །

གཡང་ཕྱུགས་འཕེལ་བའི་སྲུང་ཐོག་བལ་དཀར་འཇམ། །

ལོ་ཡག་འཁྲུངས་པའི་ཆབ་རོམ་ཞིང་སར་བརྡལ། །

སྣོད་བཅུད་ཀླུ་རུ་འགུག་པའི་ཆོ་ག་མཆོག །

དགེ་བཅུ་དཔལ་དུ་འཛོམས་པའི་ལམ་བཟང་ངོ་། །

གནམ་ལོ་གསར་པའི་རྟེན་འབྲེལ་ཕུན་ཚོགས་དགེ། །

བཀྲ་ཤིས་དུས་བཟང་ཡག་པའི་དཔལ་དུ་ཚེས། །

ཚེ་རིང་ནད་མེད་ཅི་བསམ་ལྷུན་གྲུབ་དོན། །

ཡོས་ལོར་ཉི་ཟླ་ཇི་བཞིན་འཆར་བར་ཤོག །