ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

འགན་འཁྲི་ཁུར་ཕོད་ལེགས་སྐྱེས་འབུལ་འདོད་ཀྱིས། ། འོད་སྟོང་འཕྲོ་བའི་ལེའུ་གསར་བསྟུད་མར་འབྲི།།

—— མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་སྐོར་བཞི་པའི་བྱ་བ་ཕྱོགས་བསྡུས་སུ་གླེང་བ་ལས་ཁག་གཉིས་པ།

དམངས་འཚོ་རྩ་བར་བཟུང་ནས་མང་ཚོགས་ཀྱི་སྐྱིད་སྣང་མུ་མཐུད་དུ་ཇེ་མཐོར་བཏང་བ།

མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལམ་དུ། རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་སྐོར་བཞི་པས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དགོངས་དོན་དེ་རྣམ་པ་ཀུན་ཏུ་སེམས་ལ་དམ་པོར་བཟུང་སྟེ། གདོང་མཆོང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཤིང་། བྱམས་དང་བརྩེ་བ་ལག་ལེན་དུ་བསྟར་ནས་ཐོག་མའི་བསམ་འདུན་དོན་ཐོག་ལ་བཏབ་ཡོད། རུས་ཚིགས་ཀྱི་ནད་གཞི་ལྕི་མོས་གཙེས་མྱོང་བའི་ནད་པ་ཚེ་རིང་སྐྱིད་ལ་མཚོན་ན། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་པེ་ཅིན་སྨན་བཅོས་རུ་མིའམ་སྨན་པ་འབུམ་རམས་པ་གཞོན་པ་ཧའོ་ཡེ་ཡིས་གསོ་བཅོས་བྱས་པ་དང་། པེ་ཅིན་དང་ཡུས་ཧྲུའུ་ས་གནས་གཉིས་ཀྱི་ཆེད་མཁས་པས་མཉམ་དུ་འབད་བརྩོན་བྱས་འོག སྒོ་ཁའི་ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་ནས་པུས་ཚིགས་བརྗེ་སྤོར་གཤག་བཅོས་བྱས་ལ། ད་ལྟ་མོ་རྐང་ཐང་དུ་འགྲོ་ཐུབ་པར་མ་ཟད་ཁྱིམ་ལས་ཙག་ཙིག་ཀྱང་ལས་ཐུབ་པར་གྱུར་ཡོད། ཧའོ་ཡེ་དང་སླར་ཡང་འཕྲད་དུས། ཚེ་རིང་སྐྱིད་ཀྱིས་སེམས་ནང་གི་སྨན་པ་བཟང་པོ་དེ་ལ་རབ་དཀར་ཁ་བཏགས་ཕུལ།

རིགས་སོ་སོའི་མང་ཚོགས་ལ“སྨན་པར་བསྟེན་ཐུབ་པ་དང་སྨན་བཅོས་བྱེད་ཐུབ་པ། སྨན་བཅོས་ལ་ཕན་སྐྱེད་ཆེ་བ”ཞིག་ཡོང་ཆེད། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་སོ་སོས་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་དང་ཁུལ་དྲུག་གི་མི་དམངས་སྨན་ཁང་དུ་ཚོགས་སྒྲིག་རོགས་སྐྱོར་སྤེལ་བར། བསྡོམས་པས་ལག་རྩལ་གསར་པའི་ལས་གཞི་གསར་པ622སྤེལ་ཡོད་ཅིང་། ཁུལ་སོ་སོར་མེད་པ་ཁ་སྐོང་གི་ལས་གཞི256སྤེལ་བས། རོགས་སྐྱོར་ཐོབ་པའི་སྨན་ཁང་ཐམས་ཅད་ལ་རྒྱང་བསྟེན་སྨན་བཅོས་ནད་བརྟག་གི་མ་ལག་ཚུགས་ཡོད་ལ། ཆེད་ལས་ཚན་ཁག་གི་མནའ་འབྲེལ28བཙུགས། རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་ཆེད་མཁས་པས་གཅིག་བསྡུས་སྒོས་ལྷན་སྐྱེས་སྙིང་ནད་དང་མིག་ནད་སྔོ་རིབ། ཐུམ་འབུའི་ནད་སོགས་ཐེངས179ལ་ཆེད་དམིགས་དང་བླངས་འཚག་བཤེར་བྱས་ལ། རྒྱུན་རྣམ་ཅན་གྱི་སྐོར་སྐྱོད་སྨན་བཅོས་ཐེངས487སྤེལ་ནས། མང་ཚོགས་ཁྲི13.5ལ་ཕན་བདེ་བསྐྲུན།

སློབ་གསོ་ནི་དམངས་འཚོའི་བཟོ་འགོད་ཆེས་ཆེ་བ་དེ་ཡིན། ལོ་ངོ་གསུམ་གྱི་རིང་ལ། སློབ་གྲྭའི་འཛུགས་སྐྲུན་དང་སྒྲིག་བཀོད་ལེགས་བཅོས། རྒྱང་བསྟེན་སློབ་གསོ་སོགས་ཀྱི་ཐད་བཏང་བའི་མ་དངུལ་སྒོར་དུང་ཕྱུར10.6བརྒལ་ཡོད་ལ། གནས་གཞན་དུ་བཙུགས་པའི་འཛིན་གྲྭར་སློབ་མ15993བསྡུས། ཐེན་ཅིན་ཚོགས་པས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་དུས་གཅིག་ལ་ཐེན་ཅིན་འཛིན་གྲྭ3བཙུགས་ཤིང་། མཐོ་འབྲིང་རྒྱུགས་ཀྱི་བསླབ་ཚན་ཀུན་ལ་རོགས་སྐྱོར་དགེ་རྒན28ཀྱིས་སློབ་ཁྲིད་བྱེད་བཞིན་ཡོད། ཧྲང་ཧེའེ་ཚོགས་པས་ཟི་ལིང་མགོ་ལོག་སློབ་འབྲིང་སློབ་གསོ་གོང་སྤེལ་རྟེན་གཞི་བཙུགས་ཤིང་། “ཧྲང་ཧེའེ—ཟི་ལིང—མགོ་ལོག”གསུམ་ལ་རིམ་པ་བཞིན་སྤེལ་བའི་དགེ་རྒན་གྱི་གསོ་སྦྱོང་མ་ལག་བཙུགས་པ་སོགས། སློབ་གསོའི་རོགས་སྐྱོར་གྱིས་མཚོ་སྔོན་གྱི་མ་འོངས་འཕེལ་རྒྱས་ཐད་རེ་བའི་ས་བོན་འདེབས་བཞིན་ཡོད།

ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་པར་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས། སློབ་གསོ་དང་འཕྲོད་བསྟེན་དང་རིག་གནས་དང་ལུས་རྩལ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་བསྡོམས་པས་སྨི་གྲུ་བཞི་མ་ཁྲི37.25གསར་འཛུགས་དང་ཞིག་གསོ་བྱས་ལ། ཞིང་སྡེའི་གཞུང་ལམ་སྤྱི་ལེ635ཞིག་གསོ་བྱས། མང་ཚོགས་ཁྲི2.44ལ་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་བྱེད་པའི་རོགས་སྐྱོར་བྱས་ཤིང་། མི་ཁྲི12.52ཡི་འཐུང་ཆུའི་བདེ་འཇགས་དང་། ཁྱིམ་ཚང་ཁྲི1.3དང་མི་ཁྲི5.1གི་གློག་གི་གནད་དོན་ཐག་བཅད། བསྡོམས་པས་རོགས་སྐྱོར་ཐོབ་པའི་ས་གནས་ལ་ལས་རྐང་ཁྲི7.13ལྷག་འདོན་སྤྲོད་བྱས།

རོགས་སྐྱོར་གྱི་ཟམ་པས་བརྗེ་རེས་དང་འགྲོ་འོང་དང་མཉམ་འདྲེས་གཏིང་ཟབ་ཏུ་བཏང་བ།

ཀྲེ་ཅང་ཞིང་ཆེན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོན་མི་སྐོར་བཞི་པའམ་མཚོ་ནུབ་ཁུལ་མི་དམངས་སྨན་ཁང་གི་ཡོན་ཀྲང་ཁྲེན་ཧྲུའེ་ཧྥང་ནི་ལས་ཁུངས་ཀྱི“སྔོན་ཐོན་པ་རྒན་པ”ཞིག་ཡིན་ལ། 2019ལོར“ཀྲེ་ཅང་སློབ་ཆེན་གྱི་སྨན་པ་བཟང་པོའི”མཚན་སྙན་བླངས་ཏེ་སྒོར་ཁྲི15ཡི་བྱ་དགའ་ཐོབ། ཁོས་རང་མོས་སྒོས་བྱ་དགའི་དངུལ་ཐམས་ཅད་མཚོ་ནུབ་ལ་ཕུལ་ཏེ། དབུལ་ཕོངས་རོང་འབྲོག་པ་བཅུ་ཕྲག་ལྷག་ལ་རོགས་བྱས་པར་མ་ཟད་མཉམ་སྤྱོད་སྟེགས་འཁོར20ཞལ་འདེབས་སུ་ཕུལ། ཁོས་ཚོགས་པའི་སྣེ་ཁྲིད་དེ་སྤྱི་ཕན་བྱ་འགུལ་ཧུར་ཐག་གིས་སྤེལ་ཞིང་། ཧ་ལམ་གཟའ་འཁོར་རེ་ལ་གཞི་རིམ་དུ་འོས་འགན་སྨན་བཅོས་སྤེལ་ནས་སྡེ་བ་དང་ཁྱིམ་ཚང་ལ་རོགས་སྐྱོར་བྱས་པས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བརྩེ་བ་དྲོན་མོ་མཚོ་ནུབ་ཀྱི་རིགས་སོ་སོའི་སྤུན་ཟླ་རྣམས་ཀྱི་སེམས་གཏིང་དུ་སིམ་པར་བྱས།

ལོ་ངོ་གསུམ་གྱི་རིང་ལ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་སྐོར་བཞི་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་ཡོད་ཚད་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་པ་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་སྩོལ་བ། འཕེལ་རྒྱས་ཡོད་ཚད་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དང་བདེ་སྣང་བཅས་ཇེ་མཐོར་གཏོང་བར་ཕན་པ་རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་དོན་འཁྱོལ་བྱས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་ཐིག་ཏུ་བྱས་ཤིང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་ཟམ་པ་ལྟ་བུ་བྱས་ནས། ཕྱོགས་གཉི་གའི་བརྗེ་རེས་དང་འགྲོ་འོང་དང་མཉམ་འདྲེས་ལ་སྐུལ་འདེད་གཏིང་ཟབ་བཏང་།

ཡི་གེ་ཐེག་བྱད་དང་འགྲོ་འོང་ཟམ་པ་བྱས་ཏེ། ཧུར་ཐག་གིས“ཆ་སྒྲིག་པ་དང་གཉེན་རྒྱུག་པ། གྲོགས་སྒྲིག་པ། ལག་རྡང་སྦྲེལ་བ”སོགས་ཀྱི་རིག་རྩལ་འཁྲབ་སྟོན་དང་རིག་གནས་བརྗེ་རེས། ཚོང་ལས་མཉམ་འབྲེལ་སོགས་ཀྱི་བྱ་འགུལ་ཧུར་ཐག་གིས་སྤེལ། དངོས་ཟིན་གློག་བརྙན《མཚོ་སྔོན། ང་ཚོའི་རྒྱལ་ཁབ་སྤྱི་གླིང》ཞེས་པ་ལས་ཀུན་ལ་སྐྱེ་ཁམས་གཞི་རྩ་ཡིན་པའི་མཚོ་སྔོན་གྱི་ཉམས་སྣང་དེ་བསྟན་ལ། མི་རིགས་གླུ་གར《རྨ་ཆུ་ནས་འབྲི་ཆུ》དང《ཁྱོད་དང་འཕྲད་པ་ང་ཡི་སྔོན་ལས་རེད》ཅེས་པ་གཉིས་ཀྱི་སྐོར་སྐྱོད་འཁྲབ་སྟོན་ལ་དཔྱད་འཇོག་ལེགས་པོ་ཐོབ། ཐེན་ཅིན་གྱིས“སེ་འབྲུའི་ཚི་གུ”འཆར་གཞི་སྤེལ་ཏེ། དུས་ཐོག་ཏུ་རྨ་ལྷོ་ཁུལ་གྱི་འཇོན་མི་སྣ་ཚོགས་དང་གཞོན་ནུ་སོགས་རྩ་འཛུགས་ཀྱིས་ཐེན་ཅིན་ལ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་བཏང་། ཀྲེ་ཅང་གིས“རི་གཉིས”གཞུང་ལུགས་འཕོ་བསྒྱུར་བཤམ་སྟོན་ཁང་དང་མཚོ་ནུབ་ཁུལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་འགྲེམ་སྟོན་ཁང་བསྐྲུན། པེ་ཅིན་གྱིས་གནས་གཉིས་ཀྱི་དགེ་སློབ་བར་རྒྱུན་རྣམ་ཅན་གྱི་བརྗེ་རེས་སྒྲིག་སྲོལ་བཙུགས་ལ། “མེས་རྒྱལ་ལ་དྲིན་གཟོ·པེ་ཅིན་ནས་ཕུགས་བསམ་འགྲུབ”ཅེས་པ་དང“པེ་ཅིན་དང་ཡུས་ཧྲུའུ་གཉིས་ཀྱི་ན་ཆུང་གི་ལག་རྡང་གཅིག་ཏུ་སྦྲེལ”ཞེས་པ་སོགས་ཀྱི་ཆས་རྟགས་ལ་དགའ་བསུ་ཐོབ།

ཞིང་ཆེན་བར་གྱི་འཐབ་ཇུས་མཉམ་འབྲེལ་གྲོས་མཐུན་དང་ཁ་གཏད་རོགས་སྐྱོར་མཉམ་འབྲེལ་གྲོས་མཐུན་བཞག་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོར་ཁྱབ་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་བཏང་། རོགས་སྐྱོར་བྱ་ཡུལ་གྱི་གྲོང་ཁྱེར་དང་ཁུལ(ལས་ཁུངས)སོ་སོས་དུས་ཐོག་ཏུ་བྱ་བའི་མགོ་ཁྲིད་སྡེ་ཁག་དང་བྱ་བའི་འགྲོས་རིམ་སྙོམ་སྒྲིག་དང་འཐུས་ཚང་དུ་བཏང་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་རིམ་བཞིན་ཇེ་མཐོར་བཏང་། ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་དོན་པུའུ་ཡིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མིའི་འདེམས་མངགས་ལ་རིམ་བཞིན་ཤུགས་བརྒྱབ་པའི་དུས་མཚུངས་སུ། “ཚོགས་སྒྲིག་ཅན”གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གཞི་རྒྱ་སྔར་ལས་ཇེ་ཆེར་བཏང་། ཁུལ་དང་རྫོང་དང་ཞང་གི་ཆ་སྒྲིག་རོགས་སྐྱོར་གཙོ་ཐིག་ཏུ་བྱེད་པ་དང་། སྡེ་ཁག་དང་ཐོན་ལས་གླིང་ཁུལ་དང་སྨན་ཁང་དང་སློབ་གྲྭ་དང་ཁེ་ལས་སོགས་ཁྱབ་ཁོངས་མང་པོ་ནས་རོགས་སྐྱོར་བྱེད་པ་ཁ་གསབ་ཏུ་བྱེད་པའི་ཆ་སྒྲིག་རོགས་སྐྱོར་མ་ལག་རྒྱུན་ཆད་མེད་པར་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས། ཕྱོགས་གཉིས་ཀའི་རིམ་པ་སོ་སོའི་འགྲོ་འོང་བརྗེ་རེས་ལ་སྐུལ་འདེད་བཏང་། “མི་སྟོང་ཕྲག་གི་ཟབ་སྦྱོང་བཟོ་འགོད”དང“བརྒྱ་ཅན་བཞི”ཡི་འཆར་གཞི་ཧུར་ཐག་གིས་ལག་བསྟར་བྱས་ཤིང་། “མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་སློབ་ཁང་ཆེན་མོ”བཙུགས་ཏེ། རོགས་སྐྱོར་བྱ་ཡུལ་གྱི་ལས་བྱེད་པ་རྣམས་ཤར་ཕྱོགས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ལ་འགན་དཀྲི་སྦྱོང་བརྡར་བྱེད་པར་བཏང་ནས། ཕྱོགས་བསྡུས་བྱང་ཚད་ཇེ་མཐོར་བཏང་། 《མཚོ་སྔོན་ཞིང་ཆེན་གྱི“འཇོན་མི+ལས་གཞི”ཡི་རྒྱབ་སྐྱོར་དང་ཞབས་ཞུའི་བྱེད་ཐབས》ཞེས་པ་གཏན་འབེབས་དོན་འཁྱོལ་བྱས་ཏེ། མཉེན་ལྡན་འཇོན་མིའི་མཚོ་སྔོན་གྱི་ཐོབ་ཆ་སྣ་ཚོགས་ཀྱི་འགན་སྲུང་གསལ་པོ་བྱས་ལ། གྲོང་ཁྱེར་དང་ཁུལ(ལས་ཁུངས)སོ་སོས་རོགས་སྐྱོར་སྟེགས་བུར་བརྟེན་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་ནས་མཉེན་ཆ་ལྡན་པའི་སྒོ་ནས་ཆེད་ལས་སྣ་ཚོགས་ཀྱི་ལག་རྩལ་འཇོན་མི་ནང་འདྲེན་བྱེད་པར་རྒྱབ་སྐྱོར་བྱས། “དགེ་རྒན་གྱིས་སློབ་མ་ཁྲིད་པ”སོགས་ཀྱི་བྱ་བའི་ལམ་ལུགས་ཁྱབ་གདལ་བཏང་ཞིང་། རོགས་སྐྱོར་འབྲེལ་བ700ལྷག་བཙུགས་ཏེ་མི2500ལྷག་སློབ་གསོ་དང་སྨན་བཅོས་དང་ཁྱད་ལྡན་ཐོན་ལས་སོགས་ཀྱི་ཁྱབ་ཁོངས་སུ་བཏང་ནས། ས་གནས་ལ་ལས་བྱེད་འཇོན་མིའི་དཔུང་སྡེ་བརྟན་པོ་ཞིག་གསོ་སྐྱོང་བྱས།

མ་འོངས་པར་རྒྱང་བལྟ་བྱས་ན། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་འཆར་གཞི་ཆེན་པོ་དེ་ཡོངས་སུ་བཀོད་ཚར་ལ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཇོན་མི་སྐོར་གསར་པས་ཐོག་མའི་བསམ་འདུན་མི་བརྗེད་པར་སླར་ཡང་རྒྱང་སྐྱོད་ཀྱི་ལམ་དུ་ཆས་ངེས་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཀྲུང་དབྱང་གཙོ་འགན་སྡེ་ཁག་གི་མཛུབ་སྟོན་ཞིབ་ཕྲ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་བྱས་རྗེས་གསར་པ་འཇོག་དགོས་ལ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་དར་ཞིང་རྒྱས་ལ། སྣོད་བཅུད་གཅིག་གྲོགས་གཅིག་བརྟེན། མཐོ་སྒང་གི་མི་རྣམས་བདེ་ཞིང་སྐྱིད་པ་ཡོང་སྟེ། རྒྱལ་ཡོངས་དང་འགྲོས་གཅིག་ཏུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་ནས་མངོན་འགྱུར་འབྱུང་བར་སྔར་ལས་ལྷག་པའི་བྱས་རྗེས་གསར་པ་འཇོག་དགོས། །