ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

གངས་ལྗོངས་མཐོ་སྒང་དུ“རེ་བའི་ས་བོན”བཏབ་པ།

——རྒྱལ་ཡོངས་ཀྱི“མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ”ཀུན་དགའ་བཀྲ་ཤིས་ཀྱི་གནས་ཚུལ་བཀོད་པ།

ཀུན་དགའ་བཀྲ་ཤིས་གཞི་རིམ་དུ་སོང་ནས་སློབ་མའི་ཁྱིམ་གྱི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།

ཁོ་ནི2022ལོའི་རྒྱལ་ཡོངས་ཀྱི“མི་དམངས་ཡིད་ཚིམ་པའི་གཞུང་ཞབས་པ”ཡིན་ལ། 2021ལོའི་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་ལས་དོན་པ་ཕུལ་བྱུང་ཅན་ཡང་ཡིན། ཡུལ་དེར་སྐྱེས་ཤིང་འཚར་ལོངས་བྱུང་བའི་ལས་བྱེད་པ་རྒན་པ་ཞིག་ཡིན་པའི་ཆ་ནས། གྲོང་གསེབ་ཀྱི་དགེ་རྒན་ཞིག་ནས་སློབ་གསོའི་དོ་དམ་གྱི་ལས་རྐང་དུ་ཞུགས་པའི་བར་དུ། ཁོས་རྒྱུན་པར་ཕ་ཡུལ་སེམས་སུ་བཅངས་པར་མ་ཟད་ཕ་ཡུལ་གྱི་ཆེད་དུ་དོན་དངོས་སྒྲུབ་པ་གཙིགས་སུ་འཛིན། ཁོའི་ཞབས་རྗེས་རྫོང་ཡོངས་ཀྱི་སློབ་གྲྭ་ཡོངས་སུ་བཀོད་ཡོད་ཅིང་། མི་དམངས་ཡིད་ཚིམ་པའི་སློབ་གསོ་སྒྲུབ་པའི་ལམ་བར་དུ་དཀའ་སྤྱད་མདུན་སྐྱོད་ཀྱིས་ཕུགས་བསམ་བསྙེགས་ལ། ཁོས་བློ་རྩེ་མ་ལུས་སློབ་མའི་ཚོགས་རྣམས་སྐྱོང་བའི་ལས་ལ་བསྟིམས་ཤིང་། ས་གནས་ཀྱི་སློབ་གསོ་དྲང་གཞག་གི“སྲུང་སྐྱོང་པ”དང་སློབ་གསོ་བཅོས་བསྒྱུར་གྱི“ཤེས་རབ་ཅན”སོགས་ཀྱི་མཚན་སྙན་བླངས་མྱོང་། ཁོ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་སློབ་གསོ་ཅུས་ཀྱི་ཏང་ཨུའི་ཧྲུའུ་ཅིའམ་ཅུས་ཀྲང་དང་། རྫོང་ཨུའི་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ཀུན་དགའ་བཀྲ་ཤིས་རེད།

འདུ་ཤེས་གསར་དུ་བསྐྲུན་ནས“སེམས་པ་ཏང་ལ་ཕྱོགས་པ”ཡི་རྗེས་འཛིན་པ་གསོ་སྐྱོང་བྱས་པ།

“རིམས་ནད་ཀྱི་དབང་གིས། སློབ་གྲྭ་སོ་སོས་དྲ་ལམ་ཐོ་འགོད་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས་པར་མ་ཟད། དྲ་ལམ་སློབ་ཁྲིད་བྱེད་མགོ་རྩོམ་རོགས། བྱེ་བྲག་གི་སློབ་གྲྭར་ཐོན་པའི་དུས་ཚོད་བསྐྱར་དུ་བརྡ་རྒྱག……”“དྲ་ལམ་སློབ་ཁྲིད་ཀྱིས་དགེ་རྒན་གྱི་སློབ་ཁྲིད་གྲ་སྒྲིག་གི་རྨང་གཞིར་ཉམས་སད་བྱེད་ཀྱིན་ཡོད་ལ། སློབ་ཁྲིད་ལ་གྲ་སྒྲིག་བྱེད་པ་ནི་སྐབས་ཐོག་གི་སློབ་ཁྲིད་གཅིག་ལ་གྲ་སྒྲིག་བྱེད་པ་ཙམ་མ་ཡིན་པར། སྡེ་ཚན་ནས་མགོ་རྩོམ་པ་དང་། དཔེ་དེབ་ནས་མགོ་རྩོམ་དགོས་ལ། སློབ་མའི་སྲོག་ཤིང་བྱང་ཚད་གསོ་སྐྱོང་བྱེད་པ་ནས་མགོ་རྩོམ་དགོས།……”

ཟླ9པའི་ཚེས1ཉིན་ཏེ། སློབ་མགོ་ཚུགས་པའི་ཉིན་དང་པོར། མལ་ཁང་དུ་ལོགས་བཀར་བྱས་པའི་ཀུན་དགའ་བཀྲ་ཤིས་གཉིད་ལས་སད་མ་ཐག་ལག་ཏུ་ཁ་པར་བཟུང་ནས་ཁོམ་ལོང་སྤུ་ཙམ་ཡང་མེད་པར་ལས་ལ་བྲེལ་མགོ་བརྩམས། “རིམས་ནད་ཀྱི་རྐྱེན་གྱིས་སློབ་མ་ཚོའི་སློབ་ཁྲིད་ལ་དལ་འགོར་བྱེད་མི་རུང་བར། སློབ་གྲྭ་སོ་སོར་བཀོད་སྒྲིག་བྱས་ཚར་ན་ད་གཟོད་ངའི་སེམས་བདེ་ལ་འབབ་ཐུབ།” ཀུན་དགའ་བཀྲ་ཤིས་ལ་མཚོན་ན། ཁོས་སློབ་མ་རེ་རེའི་མ་འོངས་པ་སྟོང་ཟད་དུ་གཏོང་མི་འདོད་པ་རེད།

ནང་ཆེན་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ཆེས་ལྷོ་སྣེ་རུ་གནས་ཤིང་། བོད་རིགས་མི་གྲངས97%ལྷག་ཡོད་ལ། མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་ཀྱིས་སྨི4000ལྷག་ཡོད་ཅིང་སློབ་སྒྲུབ་ཆ་རྐྱེན་ཤིན་ཏུ་ཞན། རྫོང་སློབ་གསོ་ཅུས་ཀྱི“འགན་འཛིན་པ་དང་པོ”ཡིན་པའི་ཆ་ནས། ཀུན་དགའ་བཀྲ་ཤིས་ཀྱིས་རྒྱུན་པར་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་ནུས་པར་མཐོང་ཆེན་བྱེད་ཅིང་། ལོ་འགའི་རིང་དུ། ཁོ་རྫོང་ཡོངས་ཀྱི་སློབ་གྲྭ་ཚང་མའི་ནང་དུ་སོང་ནས་ཡུལ་དངོས་བརྟག་ཞིབ་བྱས་ཏེ། སློབ་གྲྭའི་ཀྲི་པུའུ་འཛུགས་སྐྲུན་གྱི་གནས་ཚུལ་དང་ཞན་ཆ་དང་གནད་དོན་ཅི་ཡོད་ལ་རྒྱུས་ལོན་བྱས་ཤིང་། དགེ་སློབ་རྣམས་ཀྱི་བསམ་འཆར་དང་གྲོས་གཞིར་ནན་ཏན་གྱིས་མཉན་མཐར། ཁོས“ཏང་འཛུགས་སྐྲུན་ལ་བརྟེན་ནས་ཀུན་སྤྱོད་སྐྱོང་བ”ཞེས་པའི་དྲི་ལན་རྙེད།

བཤད་མ་ཐག་ཏུ་ལག་ལེན་དུ་འདེབས་པ་ཞིག་སྟེ། བྱ་བའི་ཁྲོད་དུ། ཀུན་དགའ་བཀྲ་ཤིས་ཀྱིས་རྩ་འཛུགས་མ་ལག་འཛུགས་སྐྲུན་གྱི་ལོ་གསུམ་འགུལ་སྐྱོད་དང་ཟུང་འབྲེལ་བྱས་ནས། སློབ་གསོའི་མ་ལག་ཏུ་ཏང་ཀྲི་པུའུ23བཙུགས་པ་དང་། ཏང་ཡོན་མི་གྲངས་མི་ལོངས་སའི་སློབ་གྲྭར་ཏང་འཛུགས་སྐྲུན་གྱི་མཛུབ་སྟོན་པ་བསྐོས་པར་མ་ཟད། སློབ་གྲྭའི་ཀྲི་པུའུ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བཟོ་འགོད་ལ་ཧུར་ཐག་གིས་སྐུལ་སྤེལ་བྱས་ཏེ། ཏང་འཛུགས་སྐྲུན་བྱ་བ་སློབ་གྲྭ་སོ་སོར་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས།

ལོ་འགའི་ནང་དུ། ཀུན་དགའ་བཀྲ་ཤིས་ཀྱིས་གཞི་རིམ་སློབ་གྲྭར་བསྐྱོད་པར་གོ་སྐབས་ཡོད་ཚད་དམ་འཛིན་བྱས་ཏེ་སློབ་གྲྭའི་བྱ་བར་དངོས་སུ་མཛུབ་སྟོན་བྱས། ཁོས་རྒྱུན་པར“ཏང་འཛུགས་སྐྲུན་ནན་འཛིན་བྱེད་པ་ནི་མི་གསོ་སྐྱོང་ནན་འཛིན་བྱེད་པ་ཡིན་ལ། ཏང་འཛུགས་སྐྲུན་ལེགས་པོར་བཟུང་ཚེ། སློབ་གྲྭའི་འཕེལ་རྒྱས་ལོག་ལམ་དུ་འགྲོ་མི་སྲིད་ལ། མི་གསོ་སྐྱོང་བྱེད་པའི་དམིགས་འབེན་ཡང་ནོར་མི་སྲིད”ཅེས་བཤད།

བརྩོན་འགྲུས་ཅན་ལ་བསླུ་བ་མེད། ད་ལྟ། རྫོང་ཡོངས་སུ་ཏང་རྩ་འཛུགས་ཀྱི་ཁེབས་ཚད་དང་མགོ་ཁྲིད་ནུས་ཤུགས་ཉིན་རེར་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། སློབ་གྲྭ་སོ་སོའི་སློབ་གཙོ་རྣམས་ཀྱིས་ཏང་གི་ཆེད་དུ་མི་གསོ་སྐྱོང་བྱེད་པ་དང་སྒྲིག་སྲོལ་ལྟར་སློབ་གསོ་སྒྲུབ་པ། སྤྱོད་བཟང་གསོ་སྐྱོང་བྱེད་པ་བཅས་ཀྱི་འདུ་ཤེས་སྔར་བས་ཇེ་དྲག་ཏུ་བཏང་སྟེ། ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་དང་བྱེད་མུས་སུ་ཡོད།

སློབ་གྲྭར“སློབ་མ་གཅིག་ཀྱང་ཆད་མི་རུང་བའི”ཐོག་མའི་བསམ་འདུན་ལག་བསྟར་བྱས་པ།

1998ལོར་གྲོང་གསེབ་ཀྱི་དགེ་རྒན་ཞིག་ཏུ་གྱུར་པ་ནས2006ལོར་འགྲན་རྩོད་གདན་ཞུ་བྱས་པ་བརྒྱུད་ནང་ཆེན་རྫོང་ཆ་ཚང་སློབ་ཆུང་དང་པོའི་སློབ་གཙོ་དང་མི་རིགས་སློབ་འབྲིང་དང་པོའི་སློབ་གཙོར་གྱུར་པ་དང་། དེ་ནས2018ལོར་རྫོང་སློབ་གསོ་ཅུས་ནས་ལས་འགན་ཁུར་བའི་ལོ་ངོ་ཉི་ཤུ་ཙམ་གྱི་རིང་ལ་འབད་འབུངས་བྱས་པ་ལས། ཀུན་དགའ་བཀྲ་ཤིས་ཀྱང་མིང་དོན་གཉིས་མཚུངས་ཀྱི་སློབ་གསོའི“རྒན་རབས་པ”ཞིག་ཏུ་གྱུར།

གྲོང་གསེབ་ཀྱི་དགེ་རྒན་ཞིག་ནས་འཚར་ལོངས་བྱུང་བའི་སློབ་གསོ་ཅུས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཀུན་དགའ་བཀྲ་ཤིས་སློབ་གསོ་ལ་དགའ་ཞིང་། ས་གནས་ཀྱི་སློབ་གསོའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་ཡོང་བར་རེ་ཞིང་སྒུག་ཡོད། 2015ལོར་དབུལ་ཐར་འགག་སྒྲོལ་གྱི་མགོ་བརྩམས་པའི་ཚུན་དུ། ཀུན་དགའ་བཀྲ་ཤིས་ཀྱིས་དབུལ་སྐྱོར་བྱེད་ན་སྔར་ལས་ཀྱང་རིག་སྐྱོར་དང་བློ་སྐྱོར་བྱེད་དགོས་པ་ཤེས་ཡོད། ཡིན་ཡང་རོང་འབྲོག་མང་ཚོགས་ཁ་ཤས་ཤིག་གི་རིག་གནས་ཆུ་ཚད་དམའ་བ་དང་། སློབ་གྲྭར་འགྲོ་དགོས་པའི་སྲིད་ཇུས་ལ་རྒྱུས་ལོན་མེད་པས། རྫོང་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་རིམ་དུ་སློབ་བྱོལ་བྱས་ཚད་ཤིན་ཏུ་མཐོ།

སྐབས་དེར། ནང་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་གཙོའི་འགན་འཁུར་བའི་ཀུན་དགའ་བཀྲ་ཤིས་ལ་མཚོན་ན། སླ་ངའི་སྟེང་གི་གྲོག་མ་བཞིན་སྡོད་བཟོད་མ་ཚུགས་པར་རྒྱུན་པར་ཁྱིམ་ཚང་དུ་འཚམས་འདྲིར་སོང་ནས་ཁྱིམ་བདག་རྣམས་ལ་སྲིད་ཇུས་བཤད་པ་དང་སློབ་མ་རྣམས་ལ་ཁ་བརྡ་བྱས།

རྫོང་ཐོག་ཏུ་སྡོད་པའི་འཕྲིན་ལས་ཕུན་ཚོགས་ནི་དམའ་གསུམ་གྱི་སློབ་མ་ཞིག་སྟེ། ཕ་མ་གཉིས་གཉེན་ཐོར་རྗེས། འཕྲིན་ལས་ཕུན་ཚོགས་ཀྱིས་ཁོའི་ཨ་མ་དང་མཉམ་དུ་འཚོ་བ་རོལ་བ་དང་། ཡུན་གྱིས་ཁོ་རང་སྨྲ་བ་ཉུང་བ་ཞིག་ཏུ་གྱུར་ཞིང་། སློབ་གྲྭ་དང་སློབ་སྦྱོང་ལ་སུན་སྣང་སྐྱེས་ནས་རྒྱུན་པར་སློབ་བྱོལ་བྱེད་མཁན་ཞིག་ཏུ་གྱུར། ཀུན་དགའ་བཀྲ་ཤིས་ཀྱིས་གནས་ཚུལ་དེ་ཤེས་རྗེས། འཕྲིན་ལས་ཕུན་ཚོགས་ཚང་གི་རྒྱུན་མགྲོན་དུ་གྱུར།

ཀུན་དགའ་བཀྲ་ཤིས་ཀྱིས་བཤད་རྒྱུར། “འཕྲིན་ལས་ཕུན་ཚོགས་ཀྱི་ཨ་མའི་རིག་གནས་ཆུ་ཚད་དམའ་བའི་རྐྱེན་གྱིས། བུ་ཕྲུག་གི་སློབ་སྦྱོང་ལ་རོགས་ཆེན་པོ་བྱེད་ཐུབ་ཀྱིན་མེད། འོན་ཀྱང་འཕྲིན་ལས་ཕུན་ཚོགས་ནི་སློབ་སྦྱོང་ལ་དགའ་བའི་བྱིས་པ་ཞིག་ཡིན་པས། དུས་རྒྱུན་གྱི་རྒྱུགས་འབྲས་ཀྱང་མི་བཟང་རྒྱུ་མེད་ལ། ད་ནི་ལོ་གཅིག་གི་རྗེས་ནས་མཐར་ཕྱིན་ལ་ཉེ་བས། ཁྱིམ་ཚང་གི་དོན་དག་ཙག་ཙིག་དབང་གིས། བྱིས་པར་འདི་ལྟར་ཉི་མ་འཁྱོལ་ཐབས་བྱེད་དུ་འཇུག་ག་ལ་རུང་།”ཀུན་དགའ་བཀྲ་ཤིས་ཀྱིས་ཡུན་གྱིས་བློ་སྒོ་ཕྱེས་པ་བརྒྱུད། འཕྲིན་ལས་ཕུན་ཚོགས་ཀྱི་སེམས་ཀྱི་མདུད་རྒྱ་ཡང་ཡུན་གྱིས་གྲོལ་བྱུང་ལ། ཡང་བསྐྱར་དྲང་ལམ་དུ་ཞུགས།

དོ་དམ་ལས་རྐང་དུ་ཞུགས་རྗེས། ཀུན་དགའ་བཀྲ་ཤིས་ཀྱིས་རྒྱུན་པར་རྫོང་སློབ་གསོ་མ་ལག་ལས་ཁུངས་ཀྱི་ལས་བྱེད་པ་དང་དགེ་རྒན་རྣམས་ཀྱི་སྣེ་ཁྲིད་དེ། གཞི་རིམ་དང་གྲོང་གསེབ། སྡེ་བ་བཅས་ཀྱི་ཁྱིམ་ཚང་རེ་རེར་སོང་བ་དང་། ཁྱིམ་ཚང་ཞིག་ལ་ཐོན་ཐེངས་རེ་རེར་དེར་བསྡད་ནས་ཁ་བརྡ་གློད་པར་བྱེད་ལ། ཁོ་ཚོར་སློབ་གསོས་ཁྱིམ་ཚང་དང་བྱིས་པར་ཐེབས་པའི་དོན་སྙིང་ཞིབ་ཕྲའི་སྒོ་ནས་འགྲེལ་བཤད་བྱས། ལོ་འགའི་ནང་དུ། རྫོང་ཡོངས་སུ་སློབ་མཚམས་བཞག་པའི་སློབ་མ6000ལྷག་ཕྱིར་སློབ་གྲྭར་འགྲོ་རུ་བཅུག་པས། ཕྱིར་སློབ་གྲྭར་ཞུགས་ཚད100%རུ་སླེབས། ཁོའི་སྣེ་ཁྲིད་འོག་ཏུ། ནང་ཆེན་རྫོང་གིས་སློབ་ཞུགས་འགན་སྲུང་འགུལ་རྣམ་གཙང་སེལ་རྒྱུན་རྣམ་ཅན་གྱི་བྱ་བའི་སྒྲིག་སྲོལ་བཙུགས་པས། “སློབ་མ་གཅིག་ཀྱང་ཆད་མི་རུང་བའི”སློབ་གསོའི་འགན་སྲུང་དམིགས་འབེན་ནུས་ལྡན་གྱིས་མངོན་འགྱུར་བྱུང་།

སྲོལ་རྙིང་གཏོར་ནས་སློབ་གསོ་དོ་མཉམ་འཕེལ་རྒྱས་ཡོང་བར་སྐུལ་སློང་བྱས་པ།

ནང་ཆེན་རྫོང་གི་སློབ་གསོའི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད། ཀུན་དགའ་བཀྲ་ཤིས་ཀྱིས་རྒྱུན་ཆད་མེད་པར་སློབ་སྒྲུབ་འདུ་ཤེས་གསར་སྒྱུར་དང་། སློབ་སྒྲུབ་རིགས་ལམ་གསར་སྐྲུན་བྱས་ཏེ། སློབ་གསོ་བཅོས་བསྒྱུར་གྱི་བྱེད་ཐབས་སྐོར་ཞིག་ལག་བསྟར་བྱས་ཤིང་། སློབ་གསོའི་འཇོན་མི་འཁོར་རྒྱུག་བྱེད་དཀའ་བའི་གནས་སྟངས་གཏོར་ནས། སློབ་སྔོན་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

སློབ་སྔོན་སློབ་གསོའི་ཞན་ཆ་དང་མི་འདང་སའི་གནད་དོན་ལ་དམིགས་ནས། ཁོས་སློབ་སྔོན་སློབ་གསོའི་ཚོགས་སྒྲིལ་ཅན་གྱི་སློབ་སྒྲུབ་བྱེད་ཐབས་ཧུར་ཐག་གིས་འཚོལ་ཞིབ་དང་སྐུལ་སྤེལ་བྱས་ནས། སྣེ་ཁྲིད་བྱིས་སྙོར་ཁང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ས་ཁུལ་དང་ཆུས་དགར་ནས་དོ་དམ་བྱེད་པའི་རྩ་དོན་ལྟར། རྐང་འཛིན་དགེ་རྒན་གྱི་ཐོན་ཁུངས་མཉམ་སྤྱོད་མངོན་འགྱུར་བྱུང་ཞིང་། སློབ་སྔོན་ཞབས་ཞུ་ལྟེ་གནས88ཁྱོན་ཡོངས་ནས་འཁོར་རྒྱུག་བྱས་པ་དང་། ལོ་གསུམ་རིང་གི་སློབ་སྔོན་གྱི་སློབ་ཞུགས་ཚད82%ལ་སླེབས་པས། ལོ་རྒྱུས་སྟེང་གི་མཐོ་ཚད་གསར་པ་བསྐྲུན་པ་དང་། སྤུས་ཚད་ཞན་པའི་སློབ་སྒྲུབ་སྤུས་ཚད་ནུས་ལྡན་སྒོས་མཐོར་འདེགས་བཏང་སྟེ། སློབ་སྔོན་སློབ་གསོའི་ཐད་ནས་མཁར་གྲོང་དང་གྲོང་གསེབ་མཉམ་དུ་འཕེལ་རྒྱས་ཡོང་བར་གོམ་པ་དང་པོ་སྤོས།

དགེ་རྒན་དཔུང་སྡེའི་ཆེད་ལས་ཅན་གྱི་ཆུ་ཚད་དམའ་བ་དང་དགེ་རྒན་གྱིས་མི་འདང་བའི་གནད་དོན་མངོན་གསལ་ལ་དམིགས་ཏེ། ཀུན་དགའ་བཀྲ་ཤིས་ཀྱིས“དགེ་རྒན་གྱིས་འདེམས་པ་དང་ཅུས་ནས་འོས་སྦྱོར་བྱེད་པ། སློབ་གྲྭས་བསྡུ་བ”ཡི་དགེ་རྒན་དོ་དམ་གྱི་བཅོས་བསྒྱུར་ཧུར་ཐག་གིས་ཁྱབ་སྤེལ་བཏང་ནས། དགེ་རྒན་གྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་ཀྱིས་ཧྲག་བསྡུས་དང་སྙོམ་སྒྲིག་བྱས་ལ། ཆེད་འགན་འཁུར་བའི་དགེ་རྒན་དག་ལས་ཁུངས་ཀྱི་མི་ནས་མ་ལག་གི་མི་རུ་གྱུར་ཏུ་བཅུག་སྟེ། མ་ལག་ནང་ཁུལ་དུ་ཚན་རིག་དང་མཐུན་པར་སྡེབ་སྒྲིག་ཡོང་བ་མངོན་འགྱུར་བྱས།

ལོ་ངོ་བཞིའི་རིང་གི་བཅོས་བསྒྱུར་དང་ལག་ལེན་བརྒྱུད། རྫོང་ཡོངས་ཀྱི་དགེ་རྒན515བརྗེ་རེས་སུ་ཞུགས་པ་དང་། སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན་གྱིས65.3%ཟིན་ལ། རྫོང་ཡོངས་ཀྱི་མཁར་གྲོང་དང་གྲོང་གསེབ་ཀྱི་སློབ་གྲྭའི་དགེ་རྒན་རྣམས་ཀྱི་ལོ་ཚོད་དང་བསླབ་གནས། ཆེད་ལས། གོ་མིང་གི་སྒྲིག་གཞི་བཅས་ལ་ཆེས་ཆེ་བའི་དོ་མཉམ་བྱུང་བ་དང་། སློབ་གསོའི་ཐོན་ཁུངས་ཀྱི་ཡིབ་ཤུགས་སྔར་ལས་ལྷག་པར་སྐུལ་སློང་བྱས་ཤིང་། རྒྱ་ཆེའི་དགེ་རྒན་རྣམས་ཀྱི་བྱ་བའི་བརྩོན་སེམས་མཐོར་འདེགས་བཏང་།

དེ་དང་ཆབས་ཅིག རྫོང་ཁོངས་སུ་སློབ་གསོའི་ཐོན་ཁུངས་དཀོན་པ་དང་སློབ་མ་གསར་པ་སློབ་གྲྭར་ཞུགས་སྐབས་སློབ་གྲྭ་འདེམས་པའི་གནད་དོན་མངོན་གསལ་ཡིན་པའི་དངོས་ཡོད་གནས་ཚུལ་ལ་དམིགས་ཏེ། ཁོས་ཆེད་དུ་མི་རྩ་འཛུགས་བྱས་ནས་སློབ་གྲྭ་སོ་སོར་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། སློབ་གྲྭ་སོ་སོའི་དགེ་རྒན་གྱི་སྟོབས་ཤུགས་དང་ཆུ་ཚད་ཡང་དག་པས་ཁོང་དུ་ཆུད་པར་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་སློབ་བསྡུའི་ཇུས་གཞི་སྒྲིག་བཟོ་བྱས་ཤིང་། ཡོངས་བསྒྲགས་ཀྱིས་སློབ་བསྡུ་དང་དྲང་བདེན་གྱིས་སློབ་བསྡུ་བྱས་པས། ས་གནས་ཀྱི་སློབ་ལོ་རན་པའི་བྱིས་པ་དང་ཕྱི་ཡོང་ལས་གཉེར་པའི་བྱིས་པ་རྣམས་སློབ་གྲྭར་འགྲིམས་པའི་དབང་ཆར་འགན་སྲུང་ནུས་ལྡན་ཐོབ།

རབ་དཀར་གངས་རིའི་ལྗོངས་སུ། ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་ཐོག་མའི་བསམ་འདུན་མ་བརྗེད་པར་འབད་བརྩོན་ལྷོད་མེད་བྱས། ཀུན་དགའ་བཀྲ་ཤིས་ཀྱིས་སློབ་གསོར་བཅངས་པའི་ཐོག་མའི་བསམ་འདུན་བསྣམས་ནས། སྦྱོར་བ་དངོས་ཀྱིས་སློབ་གསོ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་ལེའུ་གསར་པ་བྲིས། །