ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

སྟར་ག་ནི་དར་སྤེལ་གྱི་སྒུལ་ཤུགས་སུ་གྱུར་ཡོད།

ལྷ་དཔལ་འབུམ་གྱིས་སྟར་ཤུན་བཤུ་བཞིན་པ།

སྟར་ག་སྡུད་པའི་དུས་ཚིགས་སུ་སླེབས་བྱུང་།

ཟླ9པའི་ཚེས27ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་སྣེའུ་སྣ་སྡེ་བའི་སྟར་སྡོང་ར་བའི་ནང་དུ་སྟར་གའི་འབྲས་ལེགས་སྨིན་པ་མཐོང་ལ། སྨིན་ཐག་ཆོད་པའི་སྟར་ག་ལས་དྲི་མ་ཞིམ་པོ་ཞིག་འཐུལ་འདུག སྟར་གའི་སྐོགས་ཤུན་སྲབ་ལ་བཤུ་སླ་ཞིང་།དཀར་བོང་བོང་གི་སྟར་སྙིང་ནི་ཟོས་ན་ཞིམ་ལ་བྲོ་བ་ལྡན། ཉེ་བའི་ལོ་འགའི་རིང་ལ། སྟར་སྡོང་ར་བའི་འགན་འཁུར་པ་ལྷ་དཔལ་འབུམ་གྱིས་སྟར་གའི་ཐོན་ལས་བརྒྱུད་ནས་ཡུལ་མི་རྣམས་ཁྱིམ་ཚང་གི་སྒོ་ཁ་རུ་ལས་ཀར་ཞུགས་སུ་བཅུག་པར་མ་ཟད། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་ལའང་སྣེ་ཁྲིད་བྱས།

སྟར་སྡོང་ར་བར་དལ་གྱིས་བསྐྱོད་པ་ན་ཚང་ཚིང་གཡུ་ལོ་བཀྲ་བའི་སྟར་སྡོང་གི་སྐྱེད་ཚལ་སྔོ་ཡུག་ཡུག་ཏུ་འདུག ལྷ་དཔལ་འབུམ་གྱི་བུ་ཡིས་སྟར་ག་སྨིན་ཐག་ཆོད་པའི་སྟར་སྡོང་ཞིག་ལ་དམིགས་ནས་སྨྱུག་སླེ་ལག་ཏུ་འཆང་ཞིང་སྟར་སྡོང་སྟེང་གི་སྟར་ག་སྤྲུག སྟར་ཤུན་གས་ཡོད་པའི་སྟར་ག་རྣམས་སྤྲུག་སླ་བ་སྟེ་སྨྱུག་དབྱུག་གིས་སྤྲུག་པ་ཙམ་གྱིས་ཚང་མ་མར་ལྷུང་འགྲོ་བ་དང་། ཤུལ་དུ་སྟར་ཤུན་གས་མེད་པའི་སྟར་ག་སྔོ་རིལ་དག་ཡལ་གའི་སྟེང་དུ་ཡོད་ལ། སྨྱུག་དབྱུག་གིས་ཐེངས་འགའ་ལ་ཤེད་ཀྱིས་སྤྲུགས་རྗེས་སྡོང་མགོ་ནས་ཆར་བ་འབབ་པ་ལྟར་མར་ལྷུང་སོང་། དེའི་རྗེས་ལྷ་དཔལ་འབུམ་ཚང་གི་མནའ་མ་ནོར་མེས་མགོ་བོ་མར་བསྒུར་ནས་སྡོང་འོག་གི་གང་སར་ལྷུང་ཡོད་པའི་སྟར་ག་རྣམས་རེ་རེ་བཞིན་སྨྱུག་སླེ་ནང་དུ་བཏུས།

སྟར་ག་བཏོགས་ཚར་རྗེས་ལྷ་དཔལ་འབུམ་གྱི་བུ་དང་མནའ་མ་གཉིས་ཀྱིས་དེ་རིང་བཏོགས་པའི་སྟར་ག་དག་རང་ཚང་གི་ར་སྐོར་ནང་དུ་སྐྱེལ་བ་ལ། སྟར་ག་ནི་སྒང་འབུར་ལྟར་སྤུངས་སོང་། ལྷ་དཔལ་འབུམ་གྱིས་སྟ་རེས་སྟར་གའི་སྟེང་ཡང་མོར་རྡུང་བ་ན་སྟར་ག་དང་སྟར་ཤུན་སོ་སོར་འཐོར། ལྷ་དཔལ་འབུམ་གྱིས་སྟར་ཤུན་བཤུས་ཞོར་དུ། “2008ལོ་ནས་བཟུང་། ངས་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་ས་ཞིང་འགན་གཙང་ལེན་གྱི་གན་རྒྱ་བཞག་སྟེ། སྡེ་བའི་ནང་གི་ས་རྒོད་སྤྱི་ཆིང5.33འགན་གཙང་ལེན་བྱས་ནས་སྟར་སྡོང་བཙུགས་པ་ཡིན། སྡོང་ཕྲུག་འདེམས་པ་དང་ཡལ་ག་གསབ་པ། སྐྱེས་པ་མི་ལེགས་པ་རྣམས་འབལ་པ་བཅས་བྱས་རྗེས་ད་ལྟ་ང་ཚོའི་སྟར་སྡོང་ར་བའི་ནང་གི་སྟར་སྡོང་ཚང་མ་ཆེས་བཟང་བའི་རིགས་ཡིན། སྟར་སྡོང་ར་བའི་ནང་དུ་ལོ་རེར་ཆུ་ཐེངས་གསུམ་བཞི་ཙམ་ལ་བཏང་བ་དང་ལུད་བཞག་པས་འདི་ལྟ་བུའི་རང་བྱུང་གི་ལྗང་མདོག་སྟར་ག་མང་པོ་ཐོགས་ཡོད”ཅེས་བཤད།

“དང་ཐོག་སྟར་སྡོང་འཛུགས་པའི་སྐབས་སུ་དཀའ་སྡུག་མང་པོར་འཕྲད་པ་དང་། གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་རིམ་པ་གོང་མའི་སྡེ་ཁག་ལ་འབྲེལ་གཏུག་སྦྲེལ་མཐུད་བྱས་པའི་དྲིན་གྱིས་ང་ཚོར་སྟར་སྡོང་ལེགས་བསྒྱུར་བྱེད་པ་དང་སྟར་སྡོང་ཡལ་ག་བཅའ་བ། འབུ་གནོད་སྔོན་འགོག་བཅོས་སྐྱོང་བྱེད་པ་སོགས་ཀྱི་ལག་རྩལ་བསླབས་པ་དང་། མིག་སྔར་སྟར་སྡོང་གི་སྐྱེས་ཚུལ་བཟང་བས་མུའུ་རེའི་ལོ་རེའི་ཐོན་ཚད་དང་ཐོག་གི་ཏུན5ནས་ད་ལྟའི་ཏུན20རུ་འཕར་ཡོད་པས་ལོ་རེའི་ཡོང་སྒོའང་སྒོར་ཁྲི2ནས་ད་ལྟའི་སྒོར་ཁྲི10ལ་འཕར་བྱུང་། སྟར་གའི་དཔལ་འབྱོར་གྱི་ཕན་འབྲས་ཇེ་བཟང་ནས་ཇེ་བཟང་རེད། ལོ་རེར། ང་ཚོས་རང་ཡུལ་མང་ཚོགས་ཀྱི་སྣེ་ཁྲིད་ནས་རྩྭ་འབལ་བ་དང་ཡལ་ག་བཅའ་བ། སྟར་ག་བཏོག་པ་སོགས་ཀྱི་ལས་ཀའི་ཁྲོད་དུ་ཞུགས་སུ་བཅུག་ནས། ཁོ་ཚོའི་ཕྱུག་བསྒྱུར་ཡོང་འཕར་ལ་འགན་སྲུང་བྱས་པ་ཡིན”ཞེས་ལྷ་དཔལ་འབུམ་གྱི་གདོང་དུ་འཛུམ་གྱིས་ཁེངས་ནས་དེ་ལྟར་བཤད།

ལྷ་དཔལ་འབུམ་ཚང་གི་མནའ་མ་ནོར་མེ་ཡིས་བཤད་རྒྱུར། “གཞུག་ཕྱོགས་ང་ཚོས་སྟར་སྡོང་ར་བའི་ནང་དུ་བྱ་ཕོ་དང་ལུག་གསོས་ནས་འཛད་སྤྱོད་པ་རྣམས་ལ་བྱ་ཤ་དང་ལུག་ཤ་སོགས་ཀྱི་ལྗང་མདོག་ཞིང་ལས་ཐོན་རྫས་འདོན་སྤྲོད་བྱེད་རྒྱུ་ཡིན། དེ་ལས་གཞན། བྱ་ཕོས་སྟར་སྡོང་ར་བའི་ནང་གི་འབུ་ཟ་ལ། ལུག་གིས་ལྡུམ་བུ་དང་རྩྭ་ཟ་བས། བྱ་ཕོ་དང་ལུག་གིས་ལྡུམ་འབུ་འབལ་བ་དང་འབུ་གནོད་སེལ་རོགས་བྱེད་ཐུབ་པས་གཅིག་གོ་མང་ཆོད་རེད། ང་ཚོས་ད་རུང‘སྟར་སྡོང་བདག་འཛིན་ངོས་བཟུང’གི་ལས་གཞི་ལག་བསྟར་བྱེད་རྩིས་ཡོད། Appབརྒྱུད་ནས་སྟར་སྡོང་ཞིག་བདག་འཛིན་ངོས་བཟུང་བྱས་ཆོག སྟར་སྡོང་རེ་རེའི་སྟེང་དུ་རྩ་གཉིས་ཨང་བཤེར་རེ་བཀལ་རྗེས། འགྲུལ་པས་རྩ་གཉིས་ཨང་བཤེར་བྱས་པར་བརྟེན་ནས་འགྲུལ་པ་ཁོ་ལ་གཏོགས་པའི་སྟར་སྡོང་ལ་དུས་ཐོག་ཏུ་ལྟ་སྐུལ་དོ་དམ་བྱས་ཆོག ཆུ་འདྲེན་པ་དང་ལུད་གཏོར་བ། འབུ་གནོད་སེལ་བ་སོགས་ལ་དུས་ཐོག་ཏུ་ལྟ་སྐུལ་དོ་དམ་བྱས་ཆོག སྟར་ག་བཏོག་པའི་དུས་ཚིགས་སུ་སླེབས་ཐེངས་རེར་ང་ཚོས་སྟར་སྡོང་གི་བདག་པོར་བརྡ་བརྒྱབ་ནས། འགྲུལ་པ་རང་ཉིད་ཀྱིས་སྟར་ག་འཐོག་པའི་གོ་རིམ་ལ་རོལ་མྱོང་བྱེད་པའམ་ཡང་ན་བརྙན་ལམ་ནས་སྟར་གའི་ལོ་ལེགས་ཀྱི་དགའ་སྤྲོ་རོལ་མྱོང་བྱས་ཀྱང་ཆོག ‘དྲ་ངོས་ནས་བཏོག་པ’ཡི་རྣམ་པ་འདི་བརྒྱུད་ནས། འཛད་སྤྱོད་པ་སྔར་བས་མང་པོ་བཀུག་ནས་སྟར་སྡོང་འཛུགས་པར་རོལ་མྱོང་བྱེད་དུ་འཇུག་པ་དང་། ང་ཚོའི་སྟར་གའི་སྙན་གྲགས་ཇེ་ཆེར་གཏོང་རྒྱུ་ཡིན”ཟེར།

“གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་ཆེད། ལ་ཟེ་བ་གྲོང་རྡལ་གྱིས་རྒྱུ་སྤུས་གཙོ་བོར་བཟུང་ནས་ཞིང་ལས་སྤེལ་བ་དང་ལྗང་མདོག་གིས་ཞིང་ལས་སྤེལ་བ། ཐོན་ལས་ཀྱིས་ཞིང་ལས་སྤེལ་བ་རྒྱུན་འཁྱོངས་བྱེད་པ་དང་། ‘ཏང་ཨུས་སྣེ་ཁྲིད་ནས་ཐོན་ལས་ཇུས་འགོད་བྱེད་པ་དང་ཀྲི་པུའུ་ཡིས་སྣེ་ཁྲིད་ནས་ལས་རིགས་བསྐྲུན་པ། ཏང་ཡོན་གྱིས་མ་དཔེ་བསྟན་ནས་ལས་དོན་སྒྲུབ་པ། ལས་བྱེད་པ་དང་མང་ཚོགས་ལག་རྡང་སྦྲེལ་ནས་ཁྱིམ་དོན་སྤེལ་བ’ཡི་ཏང་འཛུགས་ཟོང་རྟགས་ལ་དམ་པོར་དམིགས་ཏེ། སྟར་གའི་ཐོན་ལས་ཀྱི་ལྗང་མདོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་དང་། ཐོན་ལས་ལ་སྲིད་ཇུས་ཀྱིས་རོགས་སྐྱོར་བྱེད་པ་དང་མ་དངུལ་གྱིས་རོགས་སྐྱོར་བྱེད་པ། ལག་རྩལ་གྱིས་རམ་འདེགས་བྱེད་པ་བརྒྱུད་ནས། སྟར་གའི་ཐོན་ཚད་དང་རྒྱུ་སྤུས། ཕན་འབྲས་བཅས་རིམ་བཞིན་ཇེ་མཐོར་བཏང་སྟེ། རི་རྒོད་སྔོ་ལྗང་དུ་བསྒྱུར་བ་དང་མང་ཚོགས་ཕྱུག་པོར་གཏོང་རྒྱུ་ཡིན”ཞེས་ལ་ཟེ་བ་གྲོང་རྡལ་གྱི་གྲོང་དཔོན་གཞོན་པ་ལིའུ་ཝུན་ཡུས་ཀྱིས་དེ་ལྟར་བཤད།

གཞུག་ཕྱོགས། ལ་ཟེ་བ་གྲོང་རྡལ་གྱིས་ཡུལ་ཁོངས་ཀྱི་ཐོན་ཁུངས་ལེགས་ཆར་རྐང་འཛུགས་པ་དང་། ཚོང་ཁྲོམ་ཁྲིད་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཀྱི་ཆགས་སྟངས་ལེགས་བསྒྱུར་བྱེད་པ་བཅས་ཀྱིས་སྟར་སྡོང་གི་སོན་བཟང་ཅན་དང་ཟོང་རྟགས་ཅན། ཚད་ལྡན་ཅན་གྱི་འཕེལ་རྒྱས་ལ་རིམ་བཞིན་སྐུལ་འདེད་བཏང་སྟེ། ལྗང་མདོག་ནུས་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་བཙོང་གནས་ཡུལ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་དང་འདིང་བཞིན་ཡོད། དུས་མཚུངས་སུ། ཕྱིར་བཙོང་གི་ཐབས་ལམ་རྒྱ་བསྐྱེད་པ་དང“སྡོང་འོག་གི་དཔལ་འབྱོར”འཚོལ་སྙེག་བྱེད་པ། ཐོན་རིན་གྱི་ཕན་འབྲས་མཐོར་འདེགས་བྱེད་པ་བཅས་ཀྱིས། སྟར་ག་དེ་དོན་ངོ་མས་མང་ཚོགས་ཀྱི་ཡོང་སྒོ་འཕར་བྱེད་ཀྱི“ཕྱུག་སྒྱུར་ཤིང་ཏོག”ལ་འགྱུར་དུ་འཇུག་པ་དང་། གྲོང་གསེབ་དར་སྤེལ་ལམ་གྱི་སྒུལ་ཤུགས་དྲག་པོ་རུ་འགྱུར་དུ་འཇུག་རྒྱུ་ཡིན། །