ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཟླ་ཟེར་གྱི་གདུགས་གུར་བསུ་བ།

དང་པོ།

བདག་བློའི་ར་ཡིག་གཉིས་པ་ནི། །

དྲི་ངད་རླུང་གིས་ཐེངས་གཅིག་བསྒུལ། །

རྫིང་བུའི་ངོགས་ཀྱི་ཆུ་སྐྱེས་ལས། །

ཟེའུ་འབྲུ་ཟ་འདོད་འགྲམ་ཆུ་ལྡང་། །

མགྲིན་པ་བུང་བའི་གཤོག་རྩལ་གྱིས། །

པདྨ་བཞད་པའི་ཕྱོགས་དེ་ན། །

དགའ་སྣང་ཚོགས་དྲུག་གཡོས་པས་ན། །

པདྨ་དག་གིས་མགོ་ལྕོག་ལྡེམ། །

དེས་ནི་བདག་ལ་འབོད་པ་ཡི། །

ཤོག་ཅེས་ལག་གཡུག་བྱེད་དང་འདྲ། །

བདག་ཀྱང་ཤིན་ཏུ་དགའ་བས་ཀྱང་། །

པདྨའི་མཚེའུའི་འགྲམ་དུ་འཕུར། །

གནས་དེའི་དཔལ་གྱི་མཛེས་སྡུག་དག །

བདག་གི་མིག་སྔར་འཆར་མ་ཐག །

ཤར་ཕྱོགས་མངོན་དགའི་ཞིང་ཁམས་ནི། །

གནས་འདི་ཡིན་པའི་ཉམས་སྣང་འབྱུང་།།

ཨེ་མ་དེ་ལྟའི་མཛེས་སྡུག་དག །

ངག་ལས་བརྗོད་ན་མགྲིན་པ་འཚབ། །

ཡི་གེར་བཀོད་ན་སོར་མོ་འདར། །

ཡིད་དུ་སྐད་ཅིག་ཤར་བས་ཀྱང་། །

ལུས་ཀྱི་བ་སྤུས་རྩེད་བྲོ་བརྡུངས། །

བསམ་བརྗོད་སྨྲ་བ་ཀུན་ལས་ཀྱང་། །

ཡོངས་སུ་འདས་པའི་མཛེས་སྡུག་དེས། །

སྐབས་གསུམ་གནས་ཀྱང་སྐྱེངས་པར་བྱེད། །

རྒྱུ་སྐར་བདག་པོའི་འོད་ཟེར་མཚེའུ་འགྲམ་ཟགས། །

དྲི་ཡི་བཞོན་པ་གདོང་གི་འཕྲེད་ན་ཕོག །

སྦྲང་ཆར་ཟམ་ཟིམ་བུམ་པའི་བྱིན་ལྟར་ལྷུང་། །

མཚེའུའི་ངོས་ན་འཛུམ་པའི་གཉེར་མ་གསལ། །

པདྨ་ཨུཏྤལ་དགའ་སྤྲོའི་མགོ་བོ་གཡོས། །

དཀར་ལ་དམར་བ་མཛེས་མས་འཁུ་བའི་གཞི། །

འགྲམ་པའི་ངོགས་སུ་ཐིགས་པའི་སྨྲེ་བ་འཛིན། །

བྷྲ་མ་ར་ཡི་མཛའ་གྲོགས་འབོད་པ་ལ། །

ན་ཆུང་བུ་མོས་ཟུར་མིག་འཕེན་པའི་ཟླ། །

མཐོ་ལ་ལྷ་ལམ་མཐོངས་སུ་ཟུག་པ་ཡི། །

ཁ་བའི་རྡུལ་བརྩེགས་དག་གི་རྩེར་བལྟས་ན། །

གྱོན་པའི་ཞྭ་མོ་ས་རུ་ལྷུང་བར་ངེས། །

སྤོ་ན་དགུན་གྱི་ཁ་བའི་འདབ་མ་ལྷུང་། །

གཞུང་ན་དབྱར་གྱི་བགྲང་ཡས་མེ་ཏོག་སྐྱེས། །

སྐེད་ན་རྫ་ནགས་གཡའ་སྤང་འཁོར་ཡག་ལ། །

ཤ་གླ་འབྲོང་སྤྲེལ་གཉན་གཙོད་ཀུན་ཀྱང་འདུས། །

དེ་ལྟའི་མཛེས་ལྗོངས་ཀུན་དགའི་ཚལ་དེ་ན། །

ཟླ་ཟེར་ཞུགས་ཏོག་དབུས་ན་གན་རྐྱལ་ཉལ། །

མཚེའུ་སྤང་གི་ཁུག་ན་གཉིད་དུ་ཡུར། །

ཆུ་མོས་ས་མཐར་སོང་བའི་མཐོང་ཐོས་བཤད། །

སྡོང་པོས་ཆུ་ཕྲན་བཞུར་བའི་ལབ་སྒྲར་ཉན། །

ཆར་པས་འཛིན་མའི་དབུ་ལ་བྱིལ་བྱིལ་བྱས། །

རླུང་བུས་ཁོར་ཡུག་ཀུན་ལ་རིམ་གྲོ་འདོན། །

ཕ་བོང་དག་གིས་རང་ཚུགས་ཤོར་དོགས་བྱེད། །

རྩྭ་ཕྲན་ཀུན་གྱིས་བརྟུལ་ཞུགས་ཅི་རིགས་འཛིན། །

སྦྲང་མ་དག་གིས་ཟེའུ་འབྲུ་དབོར་འདྲེན་བྲེལ། །

སྤྲིན་པ་དག་གིས་འདུ་འགོད་བྱེད་པའི་ཚུལ། །

ཆར་གྱི་མེ་ཏོག་བྱོ་བའི་རྩོལ་སྒྲུབ་བྱེད། །

གཉིས་པ།

གནས་འདིར་སྡུག་པའི་ལྗོངས་རྣམ་གྱིས། །

བདག་གི་ལུས་སེམས་དལ་ལ་བཞག །

འདྲེན་བྱེད་ལམ་དུ་འཆར་བ་དག །

རྨ་བྱའི་མདོངས་ལྟར་ངོ་རེ་མཚར། །

ཁུ་བྱུག་སྒྲོ་བཞིན་ཉམས་རེ་དགའ། །

རྒྱས་བཤད་དཔེ་ཡིས་ཆང་སྟེར་ན། །

ལེགས་བྲིས་ཚལ་གྱི་གཞལ་ཡས་ནས། །

ལྷ་ཡི་སྲས་མོ་མེ་ན་ཀཱས། །

ཡན་ལག་ལྡེམ་ཞིང་ལྕུག་པ་དག །

མགུལ་གདུབ་སོར་གདུབ་རྐང་གདུབ་དང་། །

ཚོས་སྣ་འཛོམས་པོའི་དར་གོས་ཀྱིས། །

ཧ་ཅང་བརྒྱན་ཅིང་སྤུད་བྱས་ནས། །

ཞལ་ལ་འཛུམ་དཀར་མེ་ཏོག་འཆང་། །

ལྷ་འབུམ་ཀླུ་འབུམ་འདུས་པའི་སར། །

མངོན་པར་ཉམས་དགའི་རྣམ་འགྱུར་གྱིས། །

བྲོ་དང་འཆམ་གྱི་ལྟད་མོ་ནི། །

ལྷ་ཀླུའི་སྤྱན་སྔར་གཏོར་དང་མཚུངས། །

རྣ་བའི་བུ་གར་ལྟུང་བའི་སྒྲ། །

རྒྱ་མཚོའི་བུ་མོས་དཀྲོལ་བ་ཡི། །

པི་ཝང་སྲིན་སྐུད་འདར་བ་ལས། །

སྐྱེས་པའི་སྙན་འཇེབས་སྒྲ་དེ་དང་། །

ཚངས་པ་དཀར་པོའི་ངག་སྒོ་ནས། །

འཇེབས་པའི་གསུང་གི་བྱིན་རླབས་དག །

ལྷང་ལྷང་རྣ་བར་འཛུལ་དང་མཚུངས། །

འདུས་བྱས་སྒྲོན་མེ་གཟིམ་པར་སྐྲག་མི་དགོས། །

འདུས་མེད་རྟ་བདུན་དབང་པོས་སྣང་བ་བསྩལ། །

འཁྱག་པའི་རུམ་ན་གཟིམ་འབྲུ་ཕན་དག་ནི། །

གདུང་སེམས་སྐྱེ་བར་མ་བྱེད་འཆིང་ལས་གྲོལ། །

ཐང་གི་ཞུགས་ཏོག་ཉི་འོད་ཁྱམས་སུ་རྩེད། །

ར་ཡིག་གཉིས་པས་རླུང་བུའི་སྟེང་ན་ནུད། །

ངང་པ་ངུར་པས་མཛེས་ལྗོངས་བསྟོད་གླུ་ལེན། །

ལྟོ་དཀར་ཉ་མོས་སྐད་གཅིག་མི་གཉིད་པར། །

མཚེའུའི་ཕྱི་ནང་མཛེས་སྡུག་ལྟ་བར་བྱེད། །

མཚར་སྡུག་ཞིང་ཁམས་དེ་ཡི་འདོད་ཡོན་གྱིས། །

བདག་གི་སེམས་འདི་ལྷ་རྟ་གཤོག་ཐོགས་བཟོས། །

ཚོར་བའི་ནོར་བུ་ཆུན་པོ་རྒྱབ་ཁུར་ནས། །

སེམས་འབྱུང་ཉི་མ་འབུམ་འཆར་འོད་དེ་དག །

ཕྱོགས་བཅུའི་གདུང་སེམས་བཅོམ་པའི་ཟླར་བཞུགས་ཏེ། །

སྤྲོ་སྣང་དཔག་ཚད་སྟོང་གི་ས་རུ་བཀྱེད། །

གསུམ་པ།

ས་འཛིན་མཐོན་པོ་དབྱིངས་སུ་ཟུག་པའི་རྩེར། །

དཀར་གསལ་རི་དྭགས་མཚན་མས་ལང་ཚོ་ངོམ། །

ཟེར་གྱི་གདུགས་མཆོག་ཁམས་གསུམ་ཀུན་ལ་བཀབ། །

བསིལ་བའི་ངད་ཀྱིས་བར་སྣང་སྟོང་ཆ་གཏོར། །

ཀུ་མུད་ཤིན་ཏུ་ཚིམས་པས་ཆང་གིས་བཟི། །

པདྨ་ཅུང་ཟད་གདུང་བས་ཉིང་ལག་འཁུམ། །

དེ་ལྟའི་ཆོས་ཀྱི་འགལ་འདུ་མཐོང་བའི་རྗེས། །

བདག་གི་སེམས་སུ་སྔོན་བྱོན་མཁས་པའི་གསུང་། །

ཆོས་ཀྱི་ཁམས་ནི་མི་མཐུན་ཞེས་པ་བདེན། །

དེ་ལྟར་ཡིན་ཀྱང་རང་རང་སོ་སོ་ལ། །

རང་གི་ངོ་བོའི་ཁྱད་ཆོས་རྫོགས་ནས་ཡོད། །

རང་གི་ཁྱད་ཆོས་རང་གི་འོད་ཟེར་ཡིན། །

འོད་ཟེར་གནས་འདིར་འཕྲོས་པའི་བསྐུལ་མ་ཞིག །

མགྲིན་པའི་གླིང་བུ་ཞིག་གིས་མཆིད་འདི་སྤྲོ། །

ཟླ་བ་སི་སྐུད་དཀྲོལ་བའི་གཞས་མ་ཡིན་ན། །

སྣང་འོད་སྙན་པ་རེ་རེ་གནས་འདིར་འདེབས་རོགས། །

ཀུ་མུད་བྲོ་རུ་འཆམ་པའི་གར་མ་ཡིན་ན། །

ལྟད་མོའི་རྔན་པ་བདག་ལ་ཐེངས་གཅིག་སྩོལ་མཛོད། །

སྦྲང་མ་གང་སར་འཕུར་བའི་རྟ་མཆོག་ཡིན་ན། །

རྒྱང་རིང་གནམ་གྱི་མཐའ་རུ་ལན་གཅིག་སྐྱེལ་རོགས། །

ངང་ངུར་སྙན་ངག་གྱེར་བའི་ན་གཞོན་ཡིན་ན། །

དབྱངས་ཀྱི་རྒྱ་མཚོ་སྐྱོམ་པའི་རླབས་ཤུགས་བྱོ་རོགས། །

ཆུ་མོ་གང་སར་འགྲིམ་པའི་དཔའ་བོ་ཡིན་ན། །

རྒྱལ་ཁམས་རིག་པས་སྐོར་བའི་གཏམ་རྒྱུད་གླེང་རོགས། །

སྡོང་པོ་སྨྲ་ར་བྱིལ་བའི་རྒན་པོ་ཡིན་ན། །

གནའ་དུས་སྲིད་པ་ཆགས་པའི་སྒྲུང་གླུ་ལེན་རོགས། །

སྤང་ཐང་མེ་ཏོག་བསྐྱེད་པའི་ཕ་མ་ཡིན་ན། །

བུ་ཕྲུག་ཁྲི་ཚོ་མང་པོའི་རིགས་རྒྱུད་འཇོག་རོགས། །

མཁའ་རླུང་དབུགས་ཀྱི་རྒྱུ་བའི་རྟེན་གཞི་ཡིན་ན། །

བརྩེ་དུང་མེ་སོན་འདེབས་པར་རམ་འདེགས་བྱ་རོགས། །

སྤྲིན་དཀར་མཐོངས་སུ་རྒྱུ་བའི་ཕོ་ཉ་ཡིན་ན། །

སེམས་པའི་ཆབ་ཤོག་འདི་དག་ཕར་ཚུར་སྐྱེལ་རོགས། །

སྐར་ཚོགས་མུན་སྨག་འཇོམས་པའི་དམག་དཔུང་ཡིན་ན། །

གདུང་སེམས་མུན་པ་འདི་དག་མཐའ་རུ་སྐྲོད་རོགས། །

ནམ་མཁའ་གཡོ་འགུལ་མེད་པའི་སྒོམ་ཆེན་ཡིན་ན། །

ཏིང་འཛིན་འབྱམས་སུ་ཀླས་ནས་བྱིང་རྒོད་སྟོར་རོགས། །

ས་གཞི་ཀུན་པོའི་འབྱུང་ཁུངས་མ་མ་ཡིན་ན། །

མ་མའི་བྱམས་བརྩེ་ལྟ་བུས་བུ་དག་གཅེས་རོགས། །