ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རྒྱལ་ཁབ་སྤྱི་གླིང་ནས་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་བལྟ་བ།

རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ནང་རྐྱེན་བཙུགས་པ་ནི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་གྱི་སྔོན་སྐྱོད་ཚོད་ལྟའི་དཔེ་སྟོན་ཞིང་ཆེན་ཡིན་པའི་ཆ་ནས། མཚོ་སྔོན་གྱིས་ད་སྐབས་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ་སྟེ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ནང་རྐྱེན་ཚོད་ལྟའི་ལས་འགན་ཡོངས་སུ་གྲུབ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་ཤིང་། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟ་ལ་རྒྱལ་ཁབ་ཀྱི་དཔྱད་འཇོག་དང་ཞིབ་བཤེར་རྩིས་ལེན་ཐོབ་ལ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་ཀྱི་དུས་ལ་སླེབས་པ་བཅས་ཀྱིས། མཚོ་སྔོན་གྱིས་མཚོ་བོད་མཐོ་སྒང་རྒྱལ་ཁབ་སྤྱི་གླིང་གི་ཚོགས་བསྐྲུན་པའི་བྱ་བའི་ཐད་དོན་དང་ལྡན་པའི་གོམ་སྟབས་ཆེན་པོ་ཞིག་སྤོས།

མཐོ་སྒང་གི་ཟླ་བརྒྱད་པར་རྒྱལ་ཁབ་སྤྱི་གླིང་དུ་སོང་ན། མདོ་ལ་རིང་མོའི་གཡུ་ལོ་བཀྲ་བའི་རི་ཀླུང་གི་འགྱུར་ཁུགས་དང་མཚོ་ཆེན་ཁ་ཡི་རླབས་ཕྲེང་གི་མཛེས་ཉམས། གཙང་པོའི་མགོ་ཁུངས་ཀྱི་མཚེའུ་མང་པོའི་གཟི་མདངས་སོགས་མཐོང་ཐུབ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན་པ་ཡིད་ལ་དམ་པོར་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དང“ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་བབ་ཏན་ཏིག་གིས་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང“ཀྲུང་ཧྭའི་ཆུ་ལྕོག”ལ་སྲུང་སྐྱོབ་བྱེད་པའི་ཕྲག་བབས་འགན་ཁུར་དང་ཆབ་སྲིད་འགན་འཁྲི་གལ་ཆེན་བློ་ཐག་རྦད་ཆོད་ཀྱིས་བླངས་ཏེ། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་རྒྱུགས་ལན་ཚད་ལྡན་ཞིག་སྤྲད།

ཚན་རྩལ་གྱི་ནུས་པར་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས།

ཟླ8པའི་ཟླ་མགོའི་ཞོགས་པར། ནགས་ཀླུང་སྤང་ལྗོངས་ཀྱི་ཟིལ་བ་བརྒལ་ནས། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་དགེ་རྒན་ཆེན་མོ་ཏུའུ་ཡན་ཀུང་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་དགོན་ལུང་ནགས་ཚལ་དུ་སོང་ཞིང་། གནས་དེ་གའི་ཟླ་འདིའི་ཆུ་དང་ས་དང་མཁའ་དབུགས་དང་སྔོ་ཁེབས་སོགས་ཀྱི་བཤེར་འཇལ་གཞི་གྲངས་ལེན་པ་ནི་ཁོའི་དམིགས་ཡུལ་རེད།

ཟླ8པའི་ཚེས8ཉིན། གསར་འགོད་པ་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་ར་དུང་དོ་དམ་སྲུང་སྐྱོབ་ས་ཚིགས་སུ་འབྱོར་དུས། སུང་ཅན་ཧྭ་དང་ལྟ་སྲུང་པ་གཞན་དག་གིས་མི་མེད་གནམ་གྲུ་སྒྲིག་སྦྱོར་བྱེད་བཞིན་ཡོད་ལ། མི་མེད་གནམ་གྲུ་གནམ་ལ་བཏང་བ་ན། དུས་ཐོག་ཏུ་འཆར་བའི་བརྙན་རིས་ཀྱང་ལྟ་རྟོག་ཡོལ་བའི་ངོས་སུ་ཐོན།

“མི་མེད་གནམ་གྲུས་ང་ཚོའི་ལྟ་སྲུང་གི་མཐོང་རྒྱ་བསྐྱེད་པར་མ་ཟད། བརྙན་ལ་འཆར་བའི་རང་བྱུང་གི་ཡུལ་ལྗོངས་དང་རི་སྐྱེས་སྲོག་ཆགས་ཚང་མའང་ཤིན་ཏུ་གསལ།”སུང་ཅན་ཧྭ་ཡིས་དེ་ལྟར་བཤད། ས་དབྱིབས་དང་རང་བྱུང་ཆ་རྐྱེན་གྱི་དབང་གིས། སྲོལ་རྒྱུན་གྱི་ལྟ་སྲུང་རྣམ་པ་ནི་རྐང་ཐང་དུ་འགྲོ་བ་དང་འཕྲུལ་རྟར་ཞོན་ནས་སོང་སྟེ། མིག་གིས་བལྟ་བ་དང་རྒྱང་མཐོང་ལས་བལྟ་རྒྱུ་དེ་ཡིན། ལྟ་སྲུང་གི་བྱ་བར་ཚེགས་ལྕི་ལ་དུས་ཚོད་རིང་། དེ་ལྟར་ནའང་ཀྱང་མ་མཐོང་ས་དང་མ་ཟིན་ས་ལུས་འགྲོ་བ་རེད།

ད་ལོའི་ཟླ6པར། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས་མི་མེད་གནམ་གྲུའི་དོ་དམ་སྲུང་སྐྱོབ་རུ་ཁག་ཐོག་མ་བཙུགས་ཤིང་། དེ་ནས་བཟུང་གནམ་ནས་ལྟ་སྲུང་དང་བཤེར་འཇལ་བྱེད་པའི་རྣམ་པ་གསར་པ་བཏོད་དེ། སྐྱེ་ཁམས་ལྟ་སྲུང་གི་གཞི་རྒྱ་དང་ཟབ་ཚད་མཐོར་འདེགས་ནུས་ལྡན་བཏང་ལ། སྐྱེ་ཁམས་ལྟ་སྲུང་ཕྱོགས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་།

གངས་དཀར་པོའི་ཅོད་པན་མནབས་པའི་རི་རྩེ་དང་རྫོང་སྟུག་པའི་ནགས་ཚལ། རླབས་དང་འདྲ་བའི་རི་སྒང་དང་གདན་བཞིན་བཏིང་བའི་སྤང་ཐང་། ཀྱག་ཀྱོག་འབབ་པའི་ཆུ་ཕྲན། དེ་མིན་སྐྱེ་སྟོབས་ལྡན་པའི་རྩྭ་ཏོག་སོགས། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་ཡུན་རིང་ཚན་རིག་ཞིབ་འཇུག་རྟེན་གཞིའི་གཞི་གྲངས་ཆེན་མོའི་དོ་དམ་སྟེགས་བུའི་སྟེང་ནས། གསར་འགོད་པས་དེ་དང་དེ་སོགས་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་མཛེས་ལྗོངས་འབའ་ཞིག་མཐོང་།

མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞབས་ཞུ་འགན་སྲུང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝུན་ཝེ་ཀྲི་ཡིས་བཤད་ན། གསལ་ཚད་མཐོ་བའི་སྤྲིན་སྟེགས་བུ་ཡིས་ཉིན་ཧྲིལ་པོར་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་མངའ་ཁོངས་ཀྱི་གནས་གཙོ་བོ་དག་ལ་སོ་ལྟ་བྱེད་བཞིན་ཡོད་ལ། གནས་དེ་དག་གི་སྐྱེ་དངོས་དང་སྲོག་ཆགས་ཀྱི་འཚར་སྐྱེ་དང་རྒྱུ་ཚུལ་སོགས་གསལ་པོར་མཐོང་ཐུབ། དེའི་མཐོང་རྒྱ་ནི་སྤྱི་ལེ་གྲུ་བཞི་མ8000ལྷག་ལ་སླེབས།

རྒྱུས་ལོན་པ་ལྟར་ན། མིག་སྔར་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གཞི་གྲངས་ཆེན་མོའི་སྟེགས་བུའི་མ་ལག་དཔེ་དབྱིབས་ཀྱི་སྒྲོམ་གཞི་གཞི་རྩའི་ཐོག་ནས་གྲུབ་ཡོད་ལ། ཚོར་ཤེས་མ་ལག་གི་གཞི་གྲངས་བཀོད་དེ་རིག་ནུས་ཅན་གྱི་ལྟ་སྲུང་དོ་དམ་བྱེད་པ་དང་། “ཡུལ་དུས་གཞི་གྲངས་པར་རིས་གཅིག་ལ་གསལ”བ། རི་སྐྱེས་སྲོག་ཆགས་ལ་བཤེར་འཇལ། དྲ་རྒྱའི་མཉམ་འདྲེས་འཕྲིན་གཏོང་། སྐད་བརྙན་གཉིས་ཀའི་ལམ་ནས་ཁ་བརྡ་བྱེད་པ་སོགས་རྩ་བའི་བྱེད་ནུས་དག་ཚང་ཡོད་པས། སྐྱེ་ཁམས་བཤེར་འཇལ་དང་ལྟ་སྲུང་དོ་དམ། རུ་ཁག་འཛུགས་སྐྲུན། ཚན་རིག་ཞིབ་འཇུག་དང་བརྟག་དཔྱད་སོགས་ཀྱི་ཕྱོགས་སུ་ལག་རྩལ་གྱི་འགན་སྲུང་སྔར་ལས་ནུས་ལྡན་འདོན་སྤྲོད་བྱས་ཡོད།

ཚབ་མཚོན་དངོས་རིགས་ལས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་མཛེས་པ་མངོན་པ།

མདོ་ལ་རིང་མོའི་འཇམ་མཉེན་གྱི་མཛེས་པ་དང་ལྡན་པའི་མཚོ་ཁྲ་དང་གཡང་ལུང་བརླན་ས་དང་། མཚོ་སྔོན་པོའི་ཁེ་རམ་ཐང་། དེ་ནས་གཙང་གསུམ་འབྱུང་ཡུལ་གྱི་རོང་པོ་བརླན་ས་བཅས་སུ། ལོ་རེའི་དབྱར་སླེབས་ཁར། ཁྲུང་ཁྲུང་སྐེ་ནག་དུས་ལྟར་འཕུར་ཡོང་ནས་ཆགས་སའི་གནས་དང་འདུག་སའི་ཚང་བཟོ་བར་བྱེད།

ད་ལོའི་ཟླ6པའི་ཟླ་མཇུག་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གི་གཡང་ལུང་བརླན་སར་ཁྲུང་ཁྲུང་སྐེ་ནག་ཆ་གཅིག་གི་སྒོ་ང་གཉིས་ལེགས་པར་གྲོལ་ཏེ་ཁྲུང་ཕྲུག་གཉིས་སྐྱེ་ཡོད། གོ་རིམ་དེ་དངོས་སུ་མཐོང་བའི་གཡང་ལུང་ཞང་ཐོ་ལེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བན་དེ་ནི་དེ་གར་ལོ30རིང་འཚོ་བ་རོལ་ཞིང་། ས་གནས་དེ་གར་ཁྲུང་ཁྲུང་སྐེ་ནག་མེད་པ་ནས་ཡོད་པར་གྱུར་བའི་ལོ་རྒྱུས་ཀྱི་དཔང་པོ་རུ་གྱུར།

“དུས་རིང་མོ་ཞིག་གི་སྔོན་ལ་རང་བྱུང་ཁོར་ཡུག་ཡག་པོ་ཡོད་དུས། ཁྲུང་ཁྲུང་སྐེ་ནག་ལོ་རེ་བཞིན་ཡོང་བ་མཐོང་མོད། རྗེས་ནས་རྩྭ་ཐང་བྱེ་འགྱུར་དང་བསྟུན་ནས། བྱ་དེ་ཚོ་ཡུན་རིང་ལ་མཐོང་རྒྱུ་མ་བྱུང་། ཉེ་བའི་ལོ་འདི་འགར། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་བས། ཞང་ཡོངས་ཀྱི་སྔོ་ཁེབས་མངོན་གསལ་གྱིས་མཐོར་འདེགས་བྱུང་ཡོད་ལ། བརླན་སའི་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་བས། ཁྲུང་ཁྲུང་སྐེ་ནག་ཕྱིར་སླེབས་པར་མ་ཟད་ལོ་རེ་རེར་མཐོང་ལ། འདི་གར་གནས་བཅས་འདུག”བན་དེས་ཁེངས་སེམས་དང་བཅས་དེ་ལྟར་བཤད།

བྱ་དང་ཉ་མོ་གཅིག་ཏུ་འཛོམས་ཤིང་རི་དང་མཚོ་མོ་མདངས་ཀྱིས་བཟུང་བས། མཛེས་སྡུག་ཡིད་འོང་གི་སྐྱེ་ཁམས་མཛེས་རིས་བསྐྲུན། ད་སྐབས། མཚོ་སྔོན་པོའི་དངོས་རིགས་དཀོན་པོའི་སྲུང་སྐྱོབ་ཚད90%ཡན་ལ་སླེབས་ཡོད། མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་དོ་དམ་ཅུས་གནས་སྐོར་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲེན་ཏེ་ཧུའེ་ཡིས་བཤད་རྒྱུར། བརླན་སའི་ཚུལ་སྟོན་རང་བཞིན་གྱི་དངོས་རིགས(ཆུ་བྱ)ཀྱི་རིགས2017ལོའི་རིགས92ནས2021ལོའི་རིགས97ལ་འཕར་ཡོད་ཅིང་། འབབ་སྡོད་ཆུ་བྱའི་གྲངས་འབོར་ཡང2017ལོའི་ཁྲི33.6ནས་ཁྲི57.1ལ་འཕར་ཡོད་པས། མཚོ་སྔོན་པོ་ཡང་ཀྲུང་གོའི་དུས་བྱའི་རྒྱུད་སྤེལ་ཚད་ཆེས་མང་ཞིང་རིགས་ཁྱུ་འདུ་ཚད་ཆེས་མཐོ་བའི་གནས་སུ་གྱུར་ཡོད།

སྐྱེ་ཁམས་སྣ་མང་རང་བཞིན་མགྱོགས་མྱུང་ངང་སླར་གསོ་བྱུང་བས། མཚོ་སྔོན་པོའི་སྤྱིའི་སྐྱེ་ཁམས་བྱེད་ནུས་མུ་མཐུད་དུ་ཇེ་ཆེར་སོང་ཡོད་པ་དང་སྐྱེ་ཁམས་མ་ལག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་ཡོད་ལ། སྐྱེ་ཁམས་རིན་ཐང་ཡང་ཉིན་རེར་འབུར་དུ་ཐོན་བཞིན་པ་གསལ་བཤད་བྱེད་ཐུབ། །