ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

འབྲོག་ཁུལ་གྱི་བྱིས་པའི་ཆེད་དུ་ཕུགས་བསམ་གྱི་ནམ་མཁའ་བཏེགས།

—— རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་མིག་དཔེ་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་འཛུམ་སྐྱིད་ཀྱི་གནས་ཚུལ་བཀོད་པ།

འཛུམ་སྐྱིད་ཅེས་པའི་མིང་འདི་ནི་ཧ་ཅང་ཕལ་བ་ཞིག་ཡིན་མོད། འོན་ཀྱང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་དུ“དགེ་རྒན་བཟང་པོ”ཞེས་པའི་ཚབ་མིང་དུ་གྱུར་ཡོད། མོར“རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་དཔེ་ལེགས་པ”དང“རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན”“རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཀུན་སྤྱོད་སློབ་གསོའི་ལས་གཉེར་མཁན་ཕུལ་བྱུང་ཅན”སོགས་མཚན་སྙན་མང་པོ་ཐོབ་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གྲུབ་ཆེན་ཞང་བཅའ་སྡོད་སློབ་ཆུང་གི་སློབ་གཙོ་འཛུམ་སྐྱིད་ཚང་དུ་སོང་བ་ན། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ་ནས་རྫོང་གི་རིམ་པ་དང་པོའི་བར་གྱི་གཟི་བརྗིད་དཔང་ཡིག་ཉི་ཤུ་ལྷག་དཔེ་སྒྲོམ་སྟེང་བཤམས་འདུག ཡིན་ཡང་འཛུམ་སྐྱིད་ལ་མཚོན་ན་ཆེས་རྩ་ཆེ་བ་ནི་གཟི་བརྗིད་དཔང་ཡིག་དེ་དག་གིས་ག་ལ་ཚད་དེ། ད་དུང་དཔེ་སྒྲོམ་གྱི་ཀླད་དང་ཡང་ན་རས་ཐུམ་གྱིས་བཏུམས་པ་དང་སྒམ་ཆུང་ནང་བཞག་པའི་ལོ་རེའི་མཐར་ཕྱིན་སློབ་མས་མོ་ལ་བྲིས་པའི་མཐར་ཕྱིན་དྲན་རྟེན་གྱི་འཕྲིན་ཡིག་བརྒྱ་ལྷག་ལོངས་པ་དེ་དག་ཀྱང་ཡིན་ཏེ། དེའི་ནང་མི་ལོ29ཡི་རིང་ལ་དགེ་སློབ་བར་དུ་ཆགས་པའི་བརྩེ་བ་རྣལ་མ་ཟིན་ཐོར་བཀོད་ཡོད།

སེར་པོར་གྱུར་པའི་སློབ་མའི་ལས་བྱའི་འབྲི་དེབ་ཀྱི་ཁ་ཕྱེས་ནས་བལྟས་པ་ན། མེ་ཏོག་རེ་ལྕག་སྐམ་པོ་གཉིས་མཉམ་དུ་བསྡམས་ནས་བཞག་ཡོད་པ་མཐོང་ཞིང་། དེ་ནི1993ལོར་འཛུམ་སྐྱིད་ཐོག་དང་པོར་དགེ་རྒན་གྱི་ཁྲིད་སྟེགས་སྟེང་འབུད་དུས་སློབ་མས་མོ་ལ་བྱིན་པའི“ལེགས་སྐྱེས”རེད། “ལོ་དེར་དགེ་རྒན་ཉུང་བས། ལོ་རིམ་ཚང་མར་སློབ་ཁྲིད་བྱེད་དགོས། དེ་བས་མིང་ཡིད་ལ་མི་དྲན་མོད། ཉིན་ཞིག ངས་བྱིས་པ་རྣམས་ཁྲིད་ནས་རོལ་རྩེད་རྩེ་བཞིན་པའི་སྒང་ལ། ཁོས་ཁུག་མ་ནས་མེ་ཏོག་འདི་བླངས་ཏེ་ང་ལ་བྱིན་རྗེས་ཕྱིར་བྲོས་སོང་བའི་རྣམ་པ་དེ་ད་དུང་ཡང་ཡིད་ན་གསལ་པོ་རེད།” བྱིས་པ་དེ་ནི་སློབ་བྱོལ་བྱས་ནས་ཕྱིར་ཡུལ་ལ་ལོག་རྗེས་ཕྱུགས་རྫིར་སོང་བ་དང་། མོ་དང་ཁྱིམ་བདག་གིས་བློ་དང་རིག་པ་འགྲན་རེས་ལྟ་བུ་ཞིག་བྱས་རྗེས་ཕྱིར་སློབ་ཁང་དུ་ཁྲིད་ཡོང་བ་ཞིག་རེད། མེ་ཏོག་དེས་མོའི་སེམས་པ་དྲོད་ཀྱིས་བརྟས་པར་བྱས་པས། དུས་དེ་ནས་བཟུང་མོས་དཀའ་སྡུག་དང་སེམས་ངལ་ཅི་འདྲའི་ལྕི་རུང་ཡོད་ཚད་སློབ་མའི་ཆེད་དུ་བསྟིམ་རྒྱུའི་ཐོག་མའི་འདུན་མ་བརྟན་པོར་བཙུགས།

དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་ནང་། མགོ་ལོག་རྩྭ་ཐང་དུ་ཁྱིམ་ཚང་ཕྱུག་མིན་ཕྱུགས་གྲངས་ལ་བལྟ་བ་ཡིན་པས། སློབ་གྲྭར་འགྲོ་བ་ནི་ཁྱིམ་ཚང་གི་ངལ་རྩོལ་པ་ཆུད་ཟོས་སུ་བཏང་ནས་ཡོང་སྒོའི་ཐོན་ཁུངས་བརླགས་པ་ཙམ་དུ་ངོས་འཛིན་གྱིན་ཡོད། རྩྭ་ཐང་དང་རི་བོ་གྲངས་མེད་བརྒལ་ནས་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་སློབ་གཉེར་བྱས་པའི་རིང་ལ། འཛུམ་སྐྱིད་ཀྱི་མཐོང་རྒྱ་ཡངས་པོར་ཕྱེས་ཏེ། རང་ཕ་ཡུལ་རྗེས་ལུས་ཡིན་པའི་གཞི་རྩ་གཅིག་ནི“སློབ་གསོར་མཐོང་ཆེན་མ་བྱས་པ་ལས་མི་རབས་ནས་མི་རབས་བར་ཡུལ་མི་རྣམས་ཡིག་རྨོངས་དང་ཡིག་རྨོངས་ཙམ་སེལ་བའི་རྣམ་པར་ལུས་ཤིང་། དེ་ལས་ཐོན་སྐྱེད་དང་འཚོ་བར་སྔོན་ཐོན་གྱི་ལག་རྩལ་དང་ཐོན་སྐྱེད་ནུས་པ་དཀོན་པོར་གྱུར་ཡོད་པ”ཡི་གནད་དེ་རྙེད་པ་ན། འཛུམ་སྐྱིད་ཀྱིས་དགེ་རྒན་ཞིག་བྱས་ནས་མི་རབས་ཤིག་ལ་འགྱུར་ལྡོག་གཏོང་རྒྱུའི་ཆོད་སེམས་བཅངས་པ་རེད།

ཡིན་ཡང་ཕུགས་བསམ་དང་མངོན་སུམ་ལ་ནམ་ཡང་ཧེ་བག་ཆེན་པོ་ལྡན་ཏེ། “སྐབས་དེར་མ་གཞི་སློབ་མ་ཉུང་བའི་ཁར། སློབ་བྱོལ་བྱས་ནས་ཕྱིར་ཕྱུགས་རྫིར་བུད་འགྲོ་བའི་སློབ་མ་ཡང་མང་པོ་ཡོད། ཐ་ན་ཁྱིམ་ཚང་གཞན་གྱི་བྱིས་པ་གླས་ནས་རང་ཚང་གི་བྱིས་པའི་ཚབ་ཏུ་སློབ་གྲྭར་མངགས་པ་ཡང་ཡོད།”སྐབས་དེར་རྡོ་གོང་མ་ཞང་བཅའ་སྡོད་སློབ་ཆུང་དུ་བོད་རྒྱ་སྐད་གཉིས་ཀྱི་དགེ་རྒན་བྱེད་པའི་འཛུམ་སྐྱིད་ཟླ་ངོ་གཅིག་གི་རིང་ལ་རྟར་ཞོན་པ་དང་རྐང་ཐང་དུ་རྡོ་གོང་མ་ཞང་གི་འབྲོག་ཁྱིམ་རེ་རེར་སོང་བ་རེད། མཐར་ཕྱིན་དྲན་རྟེན་གྱི་ཡི་གེ་རེ་རེ་ཁ་ཕྱེས་པའི་མོད་ལ། འཛུམ་སྐྱིད་ཀྱི་དྲན་པའི་ངོས་སུ་འདས་སོང་གི་གཏམ་རྒྱུད་རེ་རེ་ཡང་དྲན་གྱིན་འདུག དེ་ནི1994ལོའི་ཟླ9པ་ཡིན་ཏེ། རྫོང་སྲིད་གཞུང་ནས་སྨར་འབྲིང་སྡེ་བར་སྤྱི་ལེ་སུམ་ཅུ་ལྷག་གི་ལམ་ཐག་ཡོད་པས་འཛུམ་སྐྱིད་རྟར་ཞོན་ནས་སོང་བ་རེད། འཛུམ་སྐྱིད་ལ་སེམས་ངལ་ལྕི་བ་ནི་ལམ་ཐག་རིང་བ་དེ་མ་ཡིན་པར། ཁྱིམ་ཚང་རེ་རེར་སོང་ནས་ཁྱིམ་བདག་ལ་བྱིས་པ་སློབ་གྲྭར་མངགས་པའི་ཁ་བརྡ་བྱེད་སྐབས་ཁྱིམ་བདག་རྣམས་ཀྱིས་རྒྱ་སྒོ་གཏན་འགྲོ་བ་དེ་རེད། དེ་ལྟ་ནའང་འཛུམ་སྐྱིད་ལ་གཤིས་རྒྱུད་གྱོང་པོ་ཞིག་ཡོད་པའི་ཁར“ཡོད་ཚད་སློབ་མའི་ཆེད”ཡིན་པའི་ཐོག་མའི་འདུན་མ་དེས་མོ་རང་ཐད་ཀར་ཁྱིམ་ཚང་གི་སྒོ་ཁར་ཙོག་སྟེ། བྱིས་པ་སློབ་གྲྭར་ཁྲིད་མ་ཐུབ་ན་ང་རང་ཕྱིར་མི་འགྲོ་བའི་ཚུགས་ཀ་བསྟན་ནས་ནམ་གུང་ལ་སླེབས་ནའང་དེ་གར་མ་འགུལ་བར་བསྡད་པས། ཁྱིམ་བདག་ལའང་ཐབས་ཟད་དེ་ཕྱི་ཉིན་བྱིས་པ་མོ་ལ་སྤྲད་པ་རེད།

ལོ་ངོ29འདས་པ་དང་། འཛུམ་སྐྱིད་ཀྱིས་རགས་རྩིས་ཤིག་བརྒྱབ་པ་ལྟར་ན། མོས་ཕྱིར་སློབ་གྲྭར་ཁྲིད་ཡོང་བའི་སློབ་བྱོལ་སློབ་མ200ལྷག(ཐེངས)ལོངས་ཐུབ། ད་ལྟ་རྡོ་གོང་མ་ཞང་དུ་ལོ་ན20ནས60བར་གྱི་མི་འབོར1000ལྷག་ཡོད་པ་དང་། དེས་སྤྱིའི་མི་འབོར་གྱི60%ཟིན། མི་དེ་དག་གི་ཁྲོད་དུ་མང་ཤོས་ཤིག་ནི་འཛུམ་སྐྱིད་ཀྱི་སློབ་མ་དང་མོ་ལ་འབྲེལ་འདྲིས་བྱས་མྱོང་བའི་ཁྱིམ་བདག་རྣམས་རེད། ད་ལྟ་ཁྲོམ་སྲང་ལ་འགྲོ་སྐབས་ཚང་མས་མོ་ལ“དགེ་རྒན་བཟང”ཞེས་མཛའ་བརྩེ་ལྡན་པའི་ངང་འཚམས་འདྲི་ཞུ་བ་རེད།

“ཁྱེད་ཀྱི་ཁ་ཏ་བསླབ་བྱ་ངས་ནམ་ཡང་སེམས་ལ་བཟུང་ཡོད་དེ། དེ་ལས་ལྷག་པའི་རྩ་ཆེན་གྱི་དངོས་པོ་ཞིག་སྲིད་ན་མེད”ཅེས་འབྲི་མཁན་ནི་མོའི་སློབ་མ་འབྲུག་རྒྱལ་རེད་ལ། ད་ལོར་སློབ་ཆེན་མཐར་ཕྱིན་ནས་གཞུང་ཞབས་པར་རྒྱུགས་སྤྲོད་པའི་གྲ་སྒྲིག་བྱེད་སྒང་རེད། “ཁོ་ཚོ་ཚང་མ་ཤེས་ལྡན་མི་སྣར་གྱུར་པ་དང་། ད་དུང་ཡང་ང་བརྗེད་མེད་པ་མཐོང་སྐབས་སེམས་འགུལ་ཐེབས་པ་ཞིག་རེད”ཅེས་འཛུམ་སྐྱིད་ཀྱིས་དགའ་སྤྲོའི་ངང་བཤད་བྱུང་།

“སློབ་མར་ཆུ་ཕོར་བ་གང་ལྡུད་འདོད་ན། དགེ་རྒན་ལ་ཆུ་ཟོམ་གང་ཡོད་དགོས།”1995ལོར་རྡོ་གོང་མ་ཞང་བཅའ་སྡོད་སློབ་ཆུང་ནས་གྲུབ་ཆེན་ཞང་བཅའ་སྡོད་སློབ་ཆུང་དུ་ལས་གནས་སྤར་བའི་ལོ་ངོ་བདུན་གྱི་རྗེས་སུ་མོས་སློབ་གཙོའི་ལས་འགན་ཁུར་དུ་བླངས། ཉེ་བའི་ལོ་ངོ་བཅུའི་རིང་གི་སློབ་གཉེར་བརྒྱུད་རིམ་ཁྲོད་འཛུམ་སྐྱིད་ཀྱིས་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་ཡོད། “སློབ་མའི་ཡོད་ཚད་ཀྱི་ཆེད་དུ”མོས་སློབ་གྲྭའི་ཨུ་ཚུགས་མཐའ་སྐྱེལ་དང་མཁྲེགས་སྐྱོར་མཁྲེགས་འཛིན་གྱི་སློབ་ཁྲིད་བྱེད་ཐབས་བཅོས་བསྒྱུར་བྱ་རྒྱུའི་བློ་ཐག་བཅད་དེ། རྒྱ་ཡིག་ཉན་ཀློག་སློབ་ཚན་དང་རྒྱ་བོད་མི་རིགས་ཀྱི་རིག་གནས་སློབ་ཚན་གསར་སྤེལ་བྱས་ཏེ། དགེ་རྒན་ཁྲོད་དགེ་རྒན་གྱི་སྐད་གཉིས་སློབ་ཁྲིད་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་དང་རྒྱ་བོད་སྐད་གཉིས་ཀྱི་སློབ་ཁྲིད་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་འཚོགས་པ་དང་། སློབ་མའི་ཁྲོད་རྒྱ་བོད་སྙན་ངག་གྱེར་འདོན་དང་རྒྱ་བོད་སྐད་གཉིས་ལོ་ཙཱ་སོགས་འགྲན་སྡུར་སྤེལ། བྱིས་པའི་གཏམ་རྒྱུད་དང་ལེགས་བཤད། ལོ་རྒྱུས་མི་སྣ་གྲགས་ཅན། ཀུན་སྤྱོད་དང་སྤྱི་ཚོགས། བྱིས་གླུ་སོགས་བསླབ་ཚན་སློབ་ཁྲིད་ཁྲོད་བཞག་པ་རེད།

འབྲུག་རྒྱལ་ནི་ཚན་རིག་ཁྲིད་གཞི་དང་བྱང་ཚད་སློབ་གསོ་དེའི་ཁྲོད་འཚར་ལོངས་བྱུང་བའི་སློབ་ཆེན་སློབ་མ་རེད། ལོ་རྒྱུས་མི་སྣ་གྲགས་ཅན་གྱི་སློབ་ཁྲིད་ནང་། ཁོ་ནི་གཞོན་པའི་དུས་ཀྱི་ཀྲོའུ་ཨེན་ལའེ་ཡི“ཀྲུང་ཧྭའི་དར་རྒྱས་ཀྱི་ཆེད་དུ་སློབ་སྦྱོང་བྱེད་དགོས”ཞེས་པའི་གསུང་གིས་ཡིད་འགུལ་ཐེབས་སུ་བཅུག་ཡོད། འཛུམ་སྐྱིད་ཀྱིས་ཕྱིར་དྲན་བྱེད་ཞོར“ཁོ་ནི་མཁས་པའི་ལེགས་བཤད་ཀྱིས་རང་ཉིད་ལ་སྐུལ་ལྕག་གཏོང་རྒྱུར་དགའ་བ་ཞིག་ཡིན་ལ། ང་ཚོས་ཁོ་ལ་སློབ་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་དུ་ཡོང་ནས་ཕ་ཡུལ་འཛུགས་སྐྲུན་བྱེད་དགོས་ཞེས་སློབ་སྟོན་གནང་བའང་བརྗེད་མི་འདུག”ཅེས་བཤད་བྱུང་།

འཛུམ་སྐྱིད་ཀྱི་ལག་ཏུ་བཟུང་བའི་མཐར་ཕྱིན་དྲན་རྟེན་གྱི་འཕྲིན་ཡིག་བརྩེགས་མ་དེའི་ཁྲོད་དུ་ད་དུང་དྲན་རྟེན་ཡི་གེ་དམིགས་བསལ་བ་ཞིག་ཡོད་དེ། “དགེ་རྒན་ལགས། ཁྱེད་ཀྱིས་སྨན་ཁང་དུ་ང་ལ་བདག་སྐྱོང་དང་སློབ་ཁྲིད་གནང་བར་བཀའ་དྲིན་ཆེ། ངས་སློབ་སྦྱོང་ལ་འབད་པ་བྱ་ངེས།” ཡི་གེ་དེ་འབྲི་མཁན་ནི་འཛུམ་སྐྱིད་ཀྱི་སློབ་མ་འབྲུག་རིས་རེད། ཁོ་ནད་ཀྱི་དབང་གིས་སློབ་མཚམས་བཞག་ནས་ཕྱིར་ཡུལ་ལ་ལོག་པས། འཛུམ་སྐྱིད་ཁོ་ཚང་ལ་སོང་ནས་ཁོར་སློབ་ཁྲིད་བྱས་པ་རེད། “སློབ་མ་ཡོད་ཚད་ཀྱི་ཆེད་དུ”ཞེས་པ་འདི་ཡང་འཛོམས་སྐྱིད་ཀྱི་སློབ་གསོའི་བསམ་བློ་ཞིག་རེད། འབྲོག་ཁུལ་གྱི་དབང་བོ་སྐྱོན་ཅན་གྱི་བྱིས་པ་སློབ་གྲྭ་འགྲིམ་ཐབས་མེད་པར་དམིགས་ནས། འཛུམ་སྐྱིད་ཀྱིས2015ལོར་སློབ་གྲྭ་ཡོངས་ནས“དགེ་རྒན་རྣམས་ཁྱིམ་ཚང་གི་དགེ་རྒན”བྱེད་པའི་སློབ་ཞུགས་རོགས་སྐྱོར་གྱི་བྱེད་ཐབས་བཏོན་ཏེ། ནད་དང་དབང་བོ་སྐྱོན་ཅན་གྱི་དབང་གིས་སློབ་གྲྭར་ཞུགས་ཐབས་མེད་པའི་བྱིས་པ་རྣམས་ལ་གུང་གསེང་དང་དབྱར་དགུན་གནང་གི་དུས་ཚོད་སྤྱད་དེ། དགེ་རྒན་རྣམས་ཁོ་ཚོའི་ཁྱིམ་དུ་སོང་ནས་སློབ་ཁྲིད་བྱེད་དུ་བཅུག་པ་རེད།

འཛུམ་སྐྱིད་ཀྱིས་མི་ལོ29ཡི་རིང་ལ “ཡོད་ཚད་སློབ་མའི་ཆེད་དང་། སློབ་མ་ཡོད་ཚད་ཀྱི་ཆེད། སློབ་མའི་ཡོད་ཚད་ཀྱི་ཆེད་དུ”རང་གི་རྔུལ་ཁྲག་བཏོན་ཡོད། དུས་ད་ལྟ་མོ་རང་ལོ་ན་ལྔ་བཅུ་ལ་སོན་པ་དང་། མོས་འབྲོག་ཁུལ་གྱི་མི་རབས་ཤིག་ལ་འགྱུར་ལྡོག་གཏོང་རྒྱུའི་ཆོད་སེམས་བཅངས་ནས་ཁྲིད་སྟེགས་སྟེང་བུད་ཅིང་། རྩྭ་ཡི་རྩེ་མོ་ཙམ་ཡང་ཕྱིར་མི་འཁྱེར་བའི་སེམས་ཁམས་ཤིག་གིས་ཁྲིད་སྟེགས་ལས་འབབ་པར་གྲ་སྒྲིག་བྱས་འདུག མོས་གསར་འགོད་པར་བཤད་རྒྱུར། ལས་འཁྱུར་ངལ་གསོ་བྱས་རྗེས་མོས་ད་དུང་མུ་མཐུད་དུ་རང་སའི་སློབ་གསོའི་ལས་དོན་ལ་རོགས་རེས་བྱ་རྒྱུ་ཡིན་ལ། མོར་མཁོ་བ་ནི་སློབ་བུ་གང་སར་ཁྱབ་རྒྱུ་དེ་ཡིན་པ་དང་། དེ་བས་ཀྱང་སློབ་བུ་རྣམས་ཀྱིས་གནམ་འོག་འཛུགས་སྐྲུན་བྱེད་ཐུབ་རྒྱུ་དེ་ཡིན་ཟེར། །