ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

“ཏང་གི་འཛུགས་སྐྲུན+”གྱིས་འབྲོག་པའི་འཚོ་བ་སྔར་ལས་ཇེ་ལེགས་སུ་བཏང་བ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་མཁར་ནས་སྨར་ཁོག་ཆུ་བོ་བརྒྱུད་དེ་ནུབ་ཕྱོགས་སུ་སྤྱི་ལེ5ཙམ་བསྐྱོད་མཐར་ལྩགས་རི་ཐང་ཞང་ལ་སླེབས་བྱུང་། གནས་དེ་ནི་སྔོ་ལྗང་རི་བོས་བསྐོར་ཞིང་ཆུ་བོའི་བཞུར་སྒྲ་སྙན་ལ་ཁོར་ཡུག་ཡིད་དུ་འོང་བ་ཞིག་ཡིན་པས། སྐྱེ་སྟོབས་ཀྱི་གསོན་ཤུགས་རབ་ཏུ་རྫོགས་འདུག

ལྕགས་རི་ཐང་ཞང་ནི་རྫོང་མཁར་གྱི་མཐའ་འཁོར་དུ་ཡོད་པ་དང་། པད་མ་རྫོང་གི་མཁར་གྲོང་ཅན་གྱི་ཁྱད་ཆོས་འཛོམས་པའི་ཞིང་སྡེ་ཞིག་ཡིན་པས། པད་མ་རྫོང་གི“མཁར་ཞང་མཉམ་འབྲེལ་སྡེ་ཁག”ཏུ་འབོད་ཀྱིན་ཡོད་ལ། མངའ་ཁོངས་སུ་སྒར་རུ་མ་དང་རྡོ་རུ་མ། ཨ་ཁྱུང་། འགུ་མདའ་བཅས་སྡེ་བ4དང་ཐོན་སྐྱེད་མཉམ་ལས་ཁང14ཡོད་པ་དང་། བསྡོམས་པས་ཁྱིམ་ཚང758ལ་མི་གྲངས4191ཡོད་ཅིང་། མི་སྣ་འགྲོ་འོང་བྱེད་ཚད་ཆེ་བའི་དབང་གིས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སྤྱི་ཚོགས་བདེ་སྐྱོང་དོ་དམ་སོགས་ཀྱི་ཕྱོགས་ནས་དཀའ་ཁག་ཅུང་ཆེན་པོ་ཡོད་པ་རེད།

དེར་བརྟེན། ལྕགས་རི་ཐང་ཞང་གིས་འགལ་རྩོད་གྲལ་བཤེར་དང་འདུམ་སྒྲིག་བྱ་བ་ཏན་ཏིག་གིས་བསྒྲུབས་ཐོག སྡེ་བ་སོ་སོར་འདུམ་སྒྲིག་པའི་ཨང་གཉིས་བཤེར་རིས་སྤྱི་བསྒྲགས་བྱས་ཏེ། མང་ཚོགས་ཀྱིས་སྐད་འཕྲིན་བརྒྱུད་དེ་ཨང་གཉིས་བཤེར་རིས་བཤེར་བ་བརྒྱུད་འགལ་རྩོད་ཞུ་གཏུག་བྱེད་ཆོག་པ་དང་། རང་ཁྱིམ་དུ་འགལ་རྩོད་བསལ་ཐུབ་པར་བྱས་པས། ཡུལ་དུས་དང་ས་ཁོངས་ཀྱི་བཀག་རྒྱ་བརྟོལ་ཞིང་། འགལ་རྩོད“དུས་ནམ་ཡང་འདུམ་སྒྲིག་བྱེད་ཐུབ་པ”དང“གནས་གང་དུ་ཡང་འདུམ་སྒྲིག་བྱེད་ཐུབ་པ”མངོན་འགྱུར་བྱུང་བར་མ་ཟད། འགལ་རྩོད10ལྷག་ཁྲིམས་ལྟར་འདུམ་སྒྲིག་བྱས།

“དུས་རབས་གསར་པའི་ནང་དུ། ང་ཚོས་རང་འགུལ་གྱིས་གནས་བབ་གསར་པ་དང་འགན་འཁྲི་གསར་པ། འགྱུར་ལྡོག་གསར་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་བཅས་ལ་བསྟུན་ཏེ། ཆེད་དམིགས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། ཁྲིམས་བཞིན་བཅོས་སྐྱོང་། མགོ་ཁུངས་བཅོས་སྐྱོང་བཅས་ཕན་ཚུན་ཟུང་འབྲེལ་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། ‘ཏང་གི་འཛུགས་སྐྲུན+པད་མའི་ཉམས་མྱོང’གིས་སྣེ་ཁྲིད་པ། ཏང་གི་འཛུགས་སྐྲུན་ལེགས་འཛིན་དང་དངོས་འབེབས་ལ་སྐུལ་འདེད་བྱེད་པའི‘འབྲེལ་གཏུག་བཞི་དང་རྒྱུགས་ཤོག་གསུམ’གྱི་བྱ་བའི་ནང་རྐྱེན་དང་ཏང་གི་འཛུགས་སྐྲུན་ལེགས་འཛིན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པའི་བྱ་བ་ཤུགས་གང་ཡོད་ཀྱིས་བསྒྲུབས་ཏེ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་པར་ཏང་གཤིས་མངོན་པ་དང་ཡུལ་བབ་དང་བསྟུན་པ། དམངས་འཚོར་ཕན་བདེ་སྐྲུན་པ་བཅས་སྔར་ལས་མངོན་པར་བྱས་ཡོད”ཅེས་ལྕགས་རི་ཐང་ཞང་གི་ཏང་ཨུའི་ཧྲུའུ་ཅི་ཚེ་དོན་གྱིས་བཤད་བྱུང་།

ལྕགས་རི་ཐང་ཞང་གིས“ཏང་གི་འཛུགས་སྐྲུན+པད་མའི་ཉམས་མྱོང”གིས་གཅིག་གྱུར་སྣེ་ཁྲིད་བྱས་ཏེ། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་བྱེད་རུ་མིའི་འགན་ནུས་ནུས་པ། དེ་མིན་ཏང་ཀྲི་པུའུ་ཡི་འཐབ་འཛིང་གི་བཙན་རྫོང་ལྟ་བུའི་ནུས་པ་དང་ཏང་ཡོན་གྱི་གདོང་མཆོང་དཔེ་ལེགས་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ཐོག སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་འཕེལ་རྒྱས་སུ་གཏོང་བ། སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་པ། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ཐོན་ལས་ཅན་གྱི་ལས་གཞི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཏང་ཡོན་དང་ཏང་ནང་དུ་ཞུགས་པའི་ཧུར་བརྩོན་ཅན་གྱི་ཏང་གཤིས་སློབ་གསོ་གསོ་སྦྱོང་དང་དམངས་འཚོ་འགན་སྲུང་སོགས་ཀྱི་བྱ་བ་སྣ་ཚོགས་སྣེ་ཁྲིད་སྒོས་སྤེལ་ནས། ཞང་ཡོངས་ཀྱི་ལས་དོན་སོ་སོ་ཁྱོན་ཡོངས་ནས་རིམ་པ་སྤར་བར་སྐུལ་འདེད་བྱས།

“ང་ཚོའི་རྡོ་རུ་མ་སྡེ་བ་ནི་ལོ་ངོ་སུམ་བརྒྱ་བཞི་བརྒྱ་ཡི་རྡོ་བརྐོས་ལོ་རྒྱུས་ཡོད་པའི་སྡེ་བ་ཞིག་ཡིན་པར་མ་ཟད། ད་དུང་ལོ་ངོ40ལྷག་གི་ལོ་རྒྱུས་ཡོད་པའི་བོད་ཀྱི་ཟློས་གར་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཞིག་ཀྱང་བཙུགས་ཡོད། ང་ཚོ་དེར་བལྟ་རུ་འགྲོ།”ང་ཚོ་ཚེ་དོན་གྱི་རྗེས་དེད་ནས་རྡོ་རུ་མ་སྡེ་བའི་སྡེ་དམངས་བྱ་འགུལ་ལྟེ་གནས་ཀྱི་ཉིས་ཐོག་གི་བྱ་འགུལ་ཁང་དུ་སོང་བ་ཡིན།

དེའི་ནང་དུ་ཟློས་གར་ཚོགས་པར་ཐོབ་པའི་གཟི་བརྗིད་དཔང་ཡིག་སྣ་ཚོགས་བཤམས་ཡོད་ཅིང་། དེ་ནི་ཁོ་ཚོས“ཏང་གི་འཛུགས་སྐྲུན+”གྱིས་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱས་ཏེ། རྡོ་རུ་མ་སྡེ་བའི་སྲོལ་རྒྱུན་རིག་གནས་ལ་གཟི་འོད་བསྩལ་བ་དང་། ཐོན་ལས་འཕེལ་རྒྱས་ཀྱང་བགྲོད་ལམ་གསར་པ་ཞིག་ལ་བསྐྱོད་དུ་བཅུག་པར་མ་ཟད། གཞན་ད་དུང་ཏང་གི་བྱེད་ཕྱོགས་སྲིད་ཇུས་དྲིལ་སྒྲོག་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྒྲོག་སྤེལ་བྱེད་པའི་དམངས་ཁྲོད་ཀྱི་དྲིལ་སྒྲོག་རུ་ཁག་ཅིག་ཏུ་གྱུར་ཡོད་པ་རེད།

གསར་འགོད་པའི་བསམ་ཡུལ་ལས་འདས་པ་ཞིག་ནི་རྡོ་རུ་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་མགོ་ལོག་ཚེ་ལྷ་ཡིས་བཟོ་རྩལ་ཧ་ཅང་འབུར་དུ་ཐོན་པའི་ཏང་རྟགས་ཤིག་བརྐོས་འདུག་པ་དེ་རེད།

“རྡོ་རུ་མ”ནི“རྡོ་བརྐོས་ཚོ་བ”ཞེས་པའི་དོན་ཡིན་པ་དང་། རྡོ་བརྐོས་ནི་ཡུལ་དེའི་མི་རྣམས་ཀྱི་འཚོ་རྟེན་ཉག་གཅིག་ཡིན་ལ། ཕལ་ཆེར་ཁྱིམ་ཚང་རེ་ན་རྡོ་བརྐོས་ལག་རྩལ་པ་གཅིག་རེ་ཡོད་པར་མ་ཟད། ཁོ་ཚོས་ཁྱིམ་ཚང་གི་བཟོ་ཁང་ཆུང་ཆུང་ལ་བརྟེན་ནས་རྡོ་བརྐོས་ལག་རྩལ་དེ་མི་རབས་ནས་མི་རབས་བརྒྱུད་དེ་ད་ལྟའི་བར་དུ་རྒྱུན་འཛིན་བྱས་ཡོད།

ད་ལོ་ལོ་ན35ཡིན་པའི་ཛམ་བྷ་ནི་སྡེ་བའི་ནང་གི་རྡོ་བརྐོས་ལག་རྩལ་པ་ཞིག་ཡིན་ཞིང་། 2016ལོར་རྡོ་བརྐོས་ལག་རྩལ་སློབ་སྦྱོང་བྱེད་མགོ་བརྩམས་ཤིང་། 2018ལོའི་ལོ་མཇུག་ནས་རང་གཅིག་པུས་བརྐོས་ཡིག་གི་བརྩམས་ཆོས་ཡོངས་འགྲུབ་བྱེད་ཐུབ། ཁོས་བཤད་རྒྱུར་ཁོས་ད་དུང་ཡང་རང་ཉིད་ཀྱིས་ཐོག་དང་པོར་བཙལ་བའི་སྒོར75ཡི་རྡོ་བརྐོས་ཡོང་སྒོ་དེ་ཡིད་ལ་དྲན་གྱིན་འདུག་ཟེར།

ཐོག་དང་པོའི་རྡོ་བརྐོས་ཡོང་སྒོ་གླེང་སྐབས། ཛམ་བྷ་ཡི་དྲན་པ་ད་དུང་ཡང་ཧ་ཅང་གསལ་ཏེ།“སྐབས་དེར་བསྡོམས་པས་རྡོ་ལྔ་བརྐོས་པ་དང་། རྡོ་རེར་སྒོར15རེད། དུས་ཚོད་གསུམ་ལྷག་གི་རིང་བརྐོས་པ་ཡིན”ད་ལྟ་ཛམ་བྷ་ཡི་ལག་རྩལ་སྔར་ལས་ཇེ་བཟང་ལ་སོང་ཡོད། དེ་ནི་ཏག་ཏག་ཁོ་རང་གཅིག་པུའི་དཀའ་སྤྱད་འབད་བརྩོན་བྱས་པ་མིན་པར་ས་གནས་སྲིད་གཞུང་གིས་རྡོ་བརྐོས་ལག་རྩལ་ལ་མཐོང་ཆེན་བྱས་པས་ཀྱང་རེད།

“ང་ཚོས་ཆེད་དུ་རྡོ་བརྐོས་གསོ་སྦྱོང་འཛིན་གྲྭ་སྐབས10ལྷག་ལ་རྩ་འཛུགས་བྱས་ཏེ། རང་སའི་ན་གཞོན་རྣམས་ཀྱིས་རྡོ་བརྐོས་ལག་རྩལ་སྦྱོང་བར་མཛུབ་སྟོན་བྱས་པ་དང་། གསོ་སྦྱོང་གི་ཤུགས་ཚད་དང་ཐེངས་གྲངས་རྒྱུན་ཆད་མེད་པར་ཤུགས་སྣོན་བྱས་པ་བརྒྱུད། སྔར་ལས་མང་བའི་འབྲོག་པ་མང་ཚོགས་ཀྱིས་རྡོ་བརྐོས་ལག་རྩལ་ཁོང་དུ་ཆུད་པ་དང་སྦྲགས། ས་གནས་ཀྱི་རྡོ་བརྐོས་ལག་རྩལ་གྱི་རྒྱུན་འཛིན་ལའང་སྲུང་སྐྱོབ་བྱས།”

ཛམ་བྷ་ཧ་ལམ་གསོ་སྦྱོང་ཆེ་ཆུང30ལ་ཞུགས་པ་དང་། རྡོ་བརྐོས་ལག་རྩལ་སྦྱངས་པ་ལས་གཞན་ད་དུང་ཞབས་བྲོ་ཡང་འཁྲབ་ཤེས་པས་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་ཞིག་ཏུ་གྱུར་ཡོད།

“དེའི་རྗེས་སུ་ང་བཙལ་ནས་རྡོ་བརྐོ་རུ་འཇུག་པའི་མི་ཇེ་མང་དུ་སོང་ལ། ལོ་རེའི་ཡོང་སྒོ་སྒོར་ཁྲི2ཙམ་ཇེ་མང་དུ་སོང་ཡོད།”ཅེས་ཛམ་བྷ་དགོད་ཞོར་དུ་བཤད་བྱུང་།

2021ལོར། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་རོགས་ཤུགས་འདོན་ཆེད། རྡོ་རུ་མ་སྡེ་བའི་ཏང་ཀྲི་པུའུ་ཡིས“ཏང་གི་འཛུགས་སྐྲུན+ཐོན་ལས”འཕེལ་རྒྱས་ཀྱི་དཔེ་དབྱིབས་བཙུགས་ཏེ། ཚོང་རའི་དགོས་མཁོར་དམིགས་པ་དང་ཐོན་ཁུངས་ཀྱི་ལེགས་ཆར་རྐང་འཛུགས་པ། སྲོལ་རྒྱུན་གྱི་རྡོ་བརྐོས་ལག་རྩལ་ལ་བརྟེན་པ་བཅས་བྱས་ནས། ཧྲང་ཧེ་རོགས་སྐྲུན་མ་དངུལ་ལས་སྒོར་ཁྲི100དང་གྲོང་གསེབ་དར་སྤེལ་གྱི་ཆེད་སྤྱོད་མ་དངུལ་ལས་སྒོར་ཁྲི300བེད་སྤྱད་དེ། རྡོ་རུ་མ་སྡེ་བར་རྡོ་བརྐོས་བཟོ་གྲྭ་ཞིག་བཙུགས་པ་དང་། དེར་བརྟེན་ནས་ས་གནས་ཀྱི་རྡོ་བརྐོས་ལག་རྩལ་གྱི་ཕན་ནུས་ཇེ་མཐོར་བཏང་ལ་སྡེ་མིའི་ཡོང་སྒོ་ཡང་ཇེ་མང་དུ་བཏང་།

རྡོ་བརྐོས་བཟོ་གྲྭ་བཙུགས་པར་མ་ཟད་འཕྲུལ་ཆས་ཁ་ཤས་ཀྱང་ཉོས་ཡོད་མོད། འོན་ཀྱང་རིམས་ནད་ཀྱི་དབང་གིས་མིག་སྔར་རྡོ་བརྐོས་བཟོ་གྲྭ་དངོས་སུ་འཁོར་སྐྱོད་བྱས་མེད། དགའ་འོས་པ་ཞིག་ལ་སྒོར་ཁྲི100ཡི་མངགས་ཐོ་འབྱོར་ཡོད་པ་རེད།

“ང་ཚོས་ཏང་གི་འཛུགས་སྐྲུན་སྣེ་ཁྲིད་ཀྱི་གནད་འགག་འདི་ལྷོད་གཡེང་མེད་པར་དམ་འཛིན་བྱེད་པ་དང་། ‘ཏང་གི་འཛུགས་སྐྲུན+’གྱི་ཕྱོགས་ལ་ཤུགས་བཏོན་ནས་བྱ་བ་སྒྲུབ་དགོས། སྡེ་བའི་ཏང་ཀྲི་པུའུ་ཡི་གོང་བུར་སྒྲིལ་ཤུགས་དང་འཐབ་འཛིང་ནུས་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་དང་། སྡེ་བ་ཡོངས་ཀྱི་མང་ཚོགས་ཀྱི་ཡོང་སྤར་ཕྱུག་བསྒྱུར་ལ་སྣེ་ཁྲིད་དེ། ཁོ་ཚོའི་འཚོ་བའི་ཆུ་ཚད་ཇེ་མཐོར་བཏང་རྗེས། བསམ་པའི་འཚོ་བ་ཡང་སྔར་ལས་ཕུན་སུམ་ཚོགས་པར་གཏོང་དགོས”ཞེས་མགོ་ལོག་ཚེ་ལྷ་ཡིས་དེ་ལྟར་བཤད་བྱུང་། །