ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

འཕྲོད་བསྟེན་ཁང་ཆུང་ཆུང་ཞིག་གི་འཕོ་འགྱུར།

གསར་འགོད་པ། ཧཱུྃ་ཆེན། བཀྲ་ཤིས་ཚེ་རིང་། ཀླུ་འབུམ་རྒྱ་མཚོ།

ཟླ7པའི་ཚེས28ཉིན། ང་ཚོ་གསར་འགོད་ཚན་ཆུང་སྔ་མོ་ནས་ལམ་ལ་ཆས་ཤིང་རྩེ་གཞུང་རྩྭ་ཐང་བརྒྱུད་དེ་ནུབ་ཕྱོགས་སུ་སྤྱི་ལེ80ལྷག་ཏུ་སོང་རྗེས། ཉིན་གུང་ཙམ་ལ་ད་གཟོད་རྩེ་ཁོག་རྫོང་བོན་བརྒྱ་ཞང་དུ་སླེབས་པ་དང་། ང་ཚོ་ཞང་སྲིད་གཞུང་གི་ར་སྐོར་དུ་དཀྱོགས་ནས་ར་སྐོར་དེ་གའི་ཉིན་ཕྱོགས་སུ་ཡོད་པའི་བོན་བརྒྱ་ཞང་འཕྲོད་བསྟེན་ཁང་དུ་སོང་བ་ན། སྨན་པ་དང་སྨན་ཞབས་པ་རྣམས་ནམ་རྒྱུན་ལྟར་སྨན་བཅོས་ནད་བརྟག་གི་ལས་ལ་བྲེལ་བཞིན་འདུག

རྒྱུས་ལོན་བྱུང་བ་ལྟར་ན། སྔོན་ཆད་བོན་བརྒྱ་ཞང་འཕྲོད་བསྟེན་ཁང་གི་ཆ་རྐྱེན་སོགས་ཕྱོགས་མང་པོ་ནས་ཅུང་ཐེབས་ཆག་ཡིན་ཏེ། ནད་བརྟག་སྨན་བཅོས་ཐད་ཀྱི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་མིན་པ་དང་སྨན་བཅོས་ལག་རྩལ་ཧ་ཅང་ཞན། སྨན་པའི་དཔུང་སྡེ་དང་སྨན་ཁང་གི་འཛུགས་སྐྲུན་སོགས་ཀྱང་རྗེས་ལུས་ཡིན་པས། གཞི་རིམ་ས་གནས་མང་ཚོགས་ཀྱི་ཉེ་གནས་སྨན་བཅོས་དང་འཕྲལ་བསྟུན་སྨན་བཅོས་ཐད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱིན་མེད་ལ། འཕྲོད་བསྟེན་ཁང་གི་ཡོང་འབབ་དང་ནད་པར་སྨན་བཅོས་བྱེད་ཚད་ཀྱང་ཤིན་ཏུ་དམན་པའི་ཚད་དུ་ལུས་ཡོད།

ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་དང་སྲིད་གཞུང་གིས་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་དང་དམངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཐད་ཤུགས་བསྣན་པ་དང་། སྒོས་སུ་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་སོགས་གཞི་རིམ་ས་གནས་མང་ཚོགས་ལ་ཕན་རླབས་ཆེ་བའི་སྲིད་ཇུས་རབ་དང་རིམ་པ་དངོས་བསྟར་དོན་འཁྱོལ་བྱས་པ་དང་བསྟུན་ནས། སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ཐད་ཆ་རྐྱེན་གང་ལེགས་བསྐྲུན་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལའང་སྔར་མེད་ཀྱི་གོང་སྤེལ་བཏང་བས། བོན་བརྒྱ་ཞང་འཕྲོད་བསྟེན་ཁང་གིས་ཀྱང་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ཏེ་སྨན་བཅོས་ཞབས་ཞུ་ལེགས་པོ་མཁོ་འདོན་བྱེད་པ་དང་། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་གཞི་ཁྱོན་ཡོངས་ནས་བཅོས་བསྒྱུར་བྱེད་པ་གོ་སྐབས་སུ་བཟུང་ནས། བོད་ལུགས་གསོ་རིག་གི་ཁྱད་ལྡན་ལེགས་བབ་གཞི་རྟེན་དུ་བྱས་ཤིང་བོད་ལུགས་སྨན་བཅོས་ཀྱི་ཞབས་ཞུའི་བྱེད་ནུས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་གཞི་རིམ་ཞབས་ཞུའི་ནུས་པར་ཁྱོན་ཡོངས་ནས་ཤུགས་སྣོན་པ་བཅས་བྱས་ཏེ། ད་ལོའི་ཟླ2པ་ནས་བཟུང་སྟེ་བོད་ལུགས་གསོ་རིག་དང་ཞག་སྡོད་སྨན་བཅོས་ཟུང་འབྲེལ་བྱེད་པའི་ཞབས་ཞུ་སྒྲུབ་མགོ་བརྩམས་པ་དང་། གཞི་རིམ་གྱི་བོད་ལུགས་གསོ་རིག་གི་སྨན་བཅོས་ནུས་པ་མཐོར་འདེགས་གཏོང་བའི་བཟོ་འགོད་ལག་བསྟར་བྱས་པ་བརྒྱུད་ནས། རྫོང་ཁོངས་ཡོངས་སུ་ཀྲུང་བོད་གསོ་རིག་ཟུང་འབྲེལ་གྱི་སྨན་བཅོས་བྱ་བར་ཁྱོན་ཡོངས་ནས་སྐུལ་སྤེལ་བྱས་ཤིང་། སྨན་བཅོས་སྒྲིག་ཆས་དང་སྒྲིག་བཀོད་འཛུགས་སྐྲུན། སྨན་པའི་དཔུང་སྡེ་འཛུགས་སྐྲུན། སྨན་བཅོས་ལག་རྩལ་མཐོར་འདེགས་བཅས་ཀྱི་ཐད་ནས་ཀྱང་གོང་འཕེལ་དང་ཡར་རྒྱས་བྱུང་ཡོད།

འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཕུར་སྲུང་སྐྱབས་ཀྱིས། “ད་ལྟ་ང་ཚོའི་འཕྲོད་བསྟེན་ཁང་གི་ཕྱིའི་ཆ་ནས་སྒོ་བསྟེན་སྨན་ཁང་དང་ཞག་སྡོད་ཐོག་ཁང་གཉིས་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཡོད་པ་དང་། སྨན་བཅོས་སྒྲིག་ཆས་ཀྱི་ཐད་ནས་ཀྱང་སྒྲིག་ཆས་གསར་པ་དང་ལེགས་ཤོས་སྒྲིག་འཛུགས་བྱས་ཡོད་ལ། སྨན་བཅོས་བྱེད་ཐབས་ལ་བོད་ལུགས་གསོ་རིག་གི་སྨན་ལུམས་དང་སྣུམ་བྱུགས། བྱེ་ལུམས། ཚྭ་ལུམས། སྐམ་ཁབ་འཛེར་བ་སོགས་ཀྱི་བཅོས་ཐབས་གཙོར་བཟུང་བའི་ཞར་ལ་ཀྲུང་ལུགས་སྨན་བཅོས་དང་ནུབ་ལུགས་སྨན་བཅོས་བྱེད་ཐབས་ཀྱང་ཟུང་དུ་སྦྲེལ་ནས་གསོ་བཅོས་བྱེད་ཀྱིན་ཡོད”ཅེས་བཤད་པ་དང་། གཞན་ཡང་སྨན་པའི་དཔུང་སྡེའི་ཐད་ནས་ཀྱང་སྔར་གྱི་སྨན་པ་ལྔ་དྲུག་ཙམ་ནས་ད་ལྟའི་སྨན་པ་དང་སྨན་ཞབས་པ་ཉེར་བཞི་ལྷག་ཡོད་པའི་སྨན་བཅོས་དཔུང་སྡེ་ཞིག་ཆགས་ཡོད་པས། ཕྱི་ནང་གཉིས་ཆ་ནས་སྟོབས་ཤུགས་རྒྱས་ཡོད་ལ། མ་འོངས་པར་སྔར་ལས་ཇེ་བཟང་ཇེ་རྒྱས་ཡིན་པའི་གདེང་ཚོད་ཅིག་ཀྱང་ངང་གིས་སྐྱེས་འོང་།

གཞན་ཡང་། བོན་བརྒྱ་ཞང་འཕྲོད་བསྟེན་ཁང་གིས་གཞི་རིམ་དུ་ཡོད་པའི་རྒྱ་ཆེའི་ས་གནས་མང་ཚོགས་རྣམས་ལ་སྔར་ལས་ལྷག་པའི་སྟབས་བདེ་བསྐྲུན་པ་དང་ཞབས་འདེགས་ཞུ་ཆེད། བོད་ལུགས་སྨན་བཅོས་གཙོར་བཟུང་ནས་སྨན་བཅོས་བྱེད་བཞིན་ཡོད་པར་མ་ཟད། མཉམ་ལས་སྨན་བཅོས་འགན་སྲུང་གི་ཚད་ཐིག་དང་བླང་བྱ་ལྟར་སྨན་རིན་སློག་པ་སོགས་ཀྱི་ལས་སྒོའང་ལྷུར་བླངས་ཤིང་འབད་པས་སྒྲུབ་བཞིན་ཡོད་ཅིང་། ཞབས་ཞུའི་ནུས་པ་མཐོར་འདེགས་དང་དམངས་ལ་ཕན་བདེ་བསྐྲུན་ཆེད་དུ། “སྔོན་ལ་ཞག་སྡོད་བྱེད་པ་དང་། སྨན་རིན་གཞུག་ནས་རྩིས་རྒྱག་པ”ཡི་ཐབས་ལམ་སྤྱད་དེ། སྨན་བཅོས་ནུས་ཕྱོད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ་དང་དམངས་ལ་ཞབས་འདེགས་ཞུ་ཐབས་མང་དུ་བསྟར་ནས། རྒྱ་ཆེའི་ས་གནས་མང་ཚོགས་ཀྱི་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་སྐོང་ཅི་ཐུབ་ཀྱིས། མི་རིགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གཞི་རིམ་སྨན་ཁང་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་སྙེགས་བཞིན་ཡོད་པས། ཉེ་འཁོར་གྱི་རྫོང་དང་ས་གནས་གཞན་ནས་ཡོང་བའི་ནད་པ་མང་པོ་དང་སྨན་བཅོས་བྱེད་མཁན་ཡང་རིམ་གྱིས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག

“ང་ལ་ཁྲག་ཤེད་མཐོ་བ་དང་སྙིང་རྩའི་ནད་བྱུང་ནས་ལོ་འགའ་འགོར་སོང་། ཡར་མར་གྱི་སྨན་ཁང་ཡང་མང་པོ་ཞིག་ལ་བསྟན་ཀྱང་ཕན་ཐོགས་ཆེན་པོ་མ་བྱུང་། འོན་ཀྱང་འདིར་ཡོང་ནས་སྨན་པའི་ངག་བཞིན་སྨན་བཅོས་བྱས་པའི་ཉིན་བཞི་པོའི་རིང་ལ་སྙིང་ཁམས་ཇེ་བདེ་དང་ཁྲག་ཤེད་ཇེ་དམའ་རུ་སོང་ནས། ཉིན་རེ་ནས་ཉིན་རེར་ཇེ་དགའ་རུ་འགྲོ་བཞིན་འདུག”ཅེས་དེ་གར་ཞག་སྡོད་བྱས་ཡོད་པའི་ནད་པ་འཇིགས་མེད་ཀྱིས་ཡིད་ཚིམ་པའི་ངང་དེ་ལྟར་བཤད་པ་དང་། “ངའི་ཨ་ཕའི་གློ་བ་མི་བདེ་བས་འཕྲོད་བསྟེན་ཁང་འདིར་ཡོང་ནས་སྨན་བཅོས་བྱེད་བཞིན་ཡོད། ངའི་ཨ་ཕ་ད་ལོར་ལོ84ཡིན། འདི་ནས་སྨན་བཅོས་བྱས་ན་གཅིག་ནས་ཁྱིམ་དང་ཁ་ཐག་ཉེ་བས་ལམ་ཐག་རིང་པོའི་ཚེགས་སྡུག་མྱོང་མི་དགོས་པ་དང་། གཉིས་ནས་སྨན་བཅོས་བྱེད་ཐབས་ཀྱང་བཟང་ཞིང་འཕྲོད་ལ་ཕན་ཐོགས་ཆེན་པོ་འདུག གསུམ་ནས་ཞག་སྡོད་སྨན་བཅོས་བྱས་ནའང་མཉམ་ལས་སྨན་བཅོས་འགན་སྲུང་གི་སྨན་རིན་ཕྱིར་སློག་རྒྱུ་ཡོད་པས། རང་ལྟ་བུར་མཚོན་ན་སྟབས་བདེ་དང་ཕན་ཐོགས་ཆེན་པོ་བསྐྲུན་འདུག” ཅེས་གཡུ་ལྕམ་སྡེ་བ་རུ་ཆུང་གསུམ་པའི་ཁམས་རྒྱལ་ཚེ་རིང་གིས་དེ་ལྟར་བཤད། འདི་ལས་རྟོགས་ཐུབ་པ་ནི་བོན་བརྒྱ་འཕྲོད་བསྟེན་ཁང་གིས་ས་གནས་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་ཇི་བཞིན་སྐོང་ཐུབ་བྱེད་ཀྱིན་ཡོད་པར་མ་ཟད། མང་ཚོགས་ཀྱི་ཁྲོད་དུ་དགའ་བསུ་དང་གདེང་འཇོག་ཀྱང་མི་དམན་པ་ཞིག་ཐོབ་དང་འཐོབ་བཞིན་ཡོད་པ་དེ་རེད།

སྨན་ཞབས་མ་འབྲུག་མོ་འཚོས་བཤད་ན། “ང་ཚོའི་འཕྲོད་བསྟེན་ཁང་གི་ཞག་སྡོད་ཁང་དུ་ཁྱོན་སྡོམ་ནད་ཁྲི་བཅོ་ལྔ་ཡོད་ཀྱང་། ད་ལྟ་གཟའ་འཁོར་རེར་དེས་ཀྱང་འདང་གི་མི་འདུག ནད་རྟགས་ཡང་ལྕི་གང་རུང་གི་ནད་པ་མང་པོ་འདིར་ཡོང་བཞིན་ཡོད་པས། ཉིན་གང་པོར་བྱ་བར་བྲེལ་འཚུབ་ཆེ། འོན་ཀྱང་འདི་ནི་ང་ཚོའི་འོས་འགན་ཡིན་པས། ང་ཚོས་ཀྱང་སེམས་ཤུགས་ཡོད་རྒུས་འབད་པ་བྱེད་བཞིན་ཡོད།” སྨན་ལེན་ས་དང་སྨན་བཅོས་བྱེད་ས། བརྟག་དཔྱད་བྱེད་ས་སོགས་གང་ལ་བལྟས་ཀྱང་། ཞང་ཞིག་གི་འཕྲོད་བསྟེན་ཁང་ཆུང་ཆུང་ཞིག་ཡིན་པའི་ཆ་ནས། དངོས་གནས་ནད་བརྟག་སྨན་བཅོས་བྱེད་མཁན་མང་ཞིང་བྲེལ་འཚུབ་ཀྱི་རྣམ་པ་ཞིག་ཀུན་ནས་མངོན་འདུག

“ང་ཚོའི་འཕྲོད་བསྟེན་ཁང་གསར་པ་འདི་ནི་ད་ལོ་སྟེ2022ལོའི་ཟླ2པར་སྒོ་གསར་དུ་ཕྱེས་པ་རེད། སྒོ་ཕྱེས་ནས་ཅང་མ་འགོར་བར་པྲོག་གསར་གློ་ཚད་རིམས་ནད་ཀྱི་དབང་གིས་ཟླ་ངོ་གཉིས་ལ་ནད་བརྟག་སྨན་བཅོས་བྱེད་མ་ཐུབ། ཡིན་ནའང་འཕྲོད་བསྟེན་ཁང་གི་སྒོ་ཕྱེས་ནས་ཟླ5ལྷག་འགོར་བའི་རིང་ལ། ང་ཚོའི་འཕྲོད་བསྟེན་ཁང་གི་ཡོང་འབབ་སྒོར་ཁྲི40རུ་འཕར་ཡོད་པ་དང་། དེའི་ཁྲོད་དུ་སྒོ་བསྟེན་ཁང་དུ་ཐོ་འགོད་བྱས་པའི་མི་གྲངས2150ལྷག་ཡོད་ཅིང་། སྒོ་བསྟེན་ཁང་གི་ཡོང་འབབ་སྒོར་ཁྲི8.3ཡིན་ལ། ཞག་སྡོད་མི་གྲངས138ལྷག་ཡོད་པ་དང་དེའི་ཡོང་འབབ་ནི་སྒོར་ཁྲི31ལྷག་བྱུང་བས། ན་ནིང་དང་བསྡུར་ན་ཡོང་འབབ450%འཕར་སྣོན་བྱུང་ཡོད”ཅེས་ཡོན་ཀྲང་ཕུར་སྲུང་སྐྱབས་ཀྱིས་སྤོབས་ཉམས་དང་བཅས་ཏེ་བཤད་བྱུང་།

འདི་ནི་གཞི་རིམ་གྱི་འཕྲོད་བསྟེན་ཁང་ཆུང་ཆུང་ཞིག་གིས་འཕེལ་རྒྱས་དང་འཕོ་འགྱུར་གྱི་ལམ་བུ་རེ་རེ་བསྙེགས་ཚུལ་ཡིན་ལ། འཕོ་འགྱུར་བརྒྱུད་རྗེས་ཀྱི་གྲུབ་འབྲས་དང་ཕུལ་བྱུང་བྱས་འབྲས་ཡིན་ཏེ། གཞི་རིམ་གྱི་འཕྲོད་བསྟེན་ཁང་ཆུང་ཆུང་འདིས་འཕེལ་རྒྱས་དང་འཕོ་འགྱུར་སྙེག་པའི་ལམ་ཁ་རུ་ས་གནས་ཀྱི་གཞི་རིམ་མང་ཚོགས་ལ་ནད་བརྟག་སྨན་བཅོས་ཀྱི་བདུད་རྩིའི་ཐིགས་པ་རེ་རེ་ངོམ་མེད་དུ་བསྟབས་ནས། རང་ངོས་ལེགས་སྒྱུར་དང་གཞི་རིམ་ལ་ཞབས་འདེགས་ཞུས་དང་ཞུ་མུས་སུ་ཡོད་དོ། །