ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པ་དང་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་སྐབས་བཞི་པ་འཚོགས་མགོ་བརྩམས་པ།

ཞིན་ཁྲང་ཞིང་གིས་འཚོགས་མགོ་རྩོམ་པ་ཁྱབ་བསྒྲགས་བྱས་ཤིང་། ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་ཕུལ། མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས།

ཟླ8པའི་ཚེས6ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པ་དང་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་སྐབས་བཞི་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དམངས་ཡོངས་ལུས་སྦྱོང་ལྟེ་གནས་ཀྱི་ལུས་རྩལ་ར་བ་རུ་འཚོགས་མགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་གིས་འཚོགས་མགོ་རྩོམ་པ་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་ཕུལ་ལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས།

དུས་ཚོད་བཅུ་ཡི་སྟེང་། དར་སྒྲེང་མཁན8ཀྱིས་རྒྱལ་དར་ལག་ཏུ་བཟུང་ཞིང་ཡར་བཏེགས་ཏེ་ཚོགས་རའི་ནང་དུ་བསྐྱོད་པ་དང་། ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་དར་དང་ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་བརྒྱད་པའི་ཚོགས་དར་གཉིས་དེར་མཐུད་ནས་ཚོགས་རའི་ནང་དུ་བསྐྱོད་ལ། འཐུས་ཚབ་ཚོགས་པའི་འཐུས་མི36ཀྱང་སྔ་གཞུག་ཏུ་ཚོགས་རའི་ནང་དུ་བསྐྱོད། དེའི་རྗེས་སུ། ལུས་རྩལ་པ་དང་རྩལ་ཁྲིད་པ། ཤན་འབྱེད་པའི་འཐུས་མི་བཅས་ཀྱིས་སོ་སོར་དམ་བཅའ་བཞག

ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་འབུལ་སྐབས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་འགྲན་ཚོགས་རྒྱལ་ཁའི་ངང་འཚོགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ལུས་རྩལ་པ་དང་རྩལ་ཁྲིད་པ། ཤན་འབྱེད་པ་དང་འགྲན་ཚོགས་ཀྱི་ལས་བྱེད་མི་སྣ་བཅས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་པར་མ་ཟད། མཚོ་སྔོན་གྱི་ལུས་རྩལ་ལས་དོན་འཕེལ་རྒྱས་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པའི་སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་ཚང་མར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ལུས་རྩལ་ལས་དོན་གྱི་འཕེལ་རྒྱས་ལ་ཚད་མཐོན་པོའི་གཟིགས་སྐྱོང་གནང་བ་དང་། དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་འཐབ་ཇུས་གཏིང་ཟབ་ཀྱིས་ལག་བསྟར་བྱས་ཏེ། ལུས་རྩལ་གྱིས་རྒྱལ་ཁབ་སྟོབས་ལྡན་གཏོང་བའི་འཛུགས་སྐྲུན་ཐད་འོད་སྟོང་ལྡན་པའི་གྲུབ་འབྲས་བླངས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་བློ་ཐག་རྦད་ཆོད་ཀྱིས་དོན་འཁྱོལ་དངོས་འབེབས་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ལུས་རྩལ་ལས་དོན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བྱེད་པ། རྩལ་འགྲན་ལུས་རྩལ་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ། ལུས་རྩལ་ཐོན་ལས་ཡུན་རིང་བོར་འཕེལ་རྒྱས་གཏོང་བ། མང་ཚོགས་ཀྱི་ལུས་རྩལ་ཡར་ངོའི་ཟླ་ལྟར་འཕེལ་བ་དང་ལུས་རྩལ་རིག་གནས་རྒྱུན་ཆད་མེད་པར་ཟབ་འཛུགས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཟད་མཐའ་མེད་པའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཤིག་མཁོ་འདོན་བྱེད་དགོས་པ་བསྟན།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ཞིང་ཆེན་ལུས་རྩལ་འགྲན་ཚོགས་དང་དམངས་ཡོངས་ལུས་སྦྱོང་ཚོགས་ཆེན་ནི་རང་ཞིང་གི་རྩལ་འགྲན་ལུས་རྩལ་ཆུ་ཚད་དང་མང་ཚོགས་ཀྱི་ལུས་རྩལ་དངོས་ཤུགས། ལུས་རྩལ་ཐོན་ལས་འཕེལ་རྒྱས་བཅས་ཕྱིར་མངོན་པའི་སྒེའུ་ཁུང་གལ་ཆེན་ཞིག་ཡིན་ལ། རང་ཞིང་གི་ལུས་རྩལ་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཀྱང་ཡིན། འགྲན་ཞུགས་པ་དང་ལས་བྱེད་མི་སྣ་རེ་རེ་ཡིས་ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དང་ཀུན་སྤྱོད་དར་སྲོལ་དར་སྤེལ་གཏོང་བ་དང་། བསམ་པའི་རྣམ་པ་བཟང་པོ་དང་གཡུར་ཟའི་ལུས་རྩལ་གྲུབ་འབྲས་ཀྱིས། སྐབས་འདིའི་ལུས་རྩལ་འགྲན་ཚོགས་དེ་རགས་བསྡུས་དང་ངོ་མཚར་བ། བདེ་འཇགས་བཅས་ཀྱི་ལུས་རྩལ་གསོལ་སྟོན་ཞིག་ཏུ་བསྒྲུབ་ཐུབ་པ་དང་། སྔར་ལས་མགྱོགས་པ་དང་མཐོ་བ། སྟོབས་ལྡན་དང་མཐུན་སྒྲིལ་བཅས་ཡིན་པའི་ཚོན་མདངས་བཀྲ་བའི་རོལ་དབྱངས་ཤིག་དཀྲོལ་ཏེ། “སྐྱེ་ཁམས་ཀྱི་མཚོ་སྔོན་གསར་པ་དང་ངར་ཤུགས་ལྡན་པའི་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་གསར་པ། བདེ་ཐང་སྒོས་མ་འོངས་པར་ཕྱོགས་པའི”འགྲན་ཚོགས་བརྗོད་དོན་དེ་གསོན་ཉམས་ལྡན་པའི་སྒོ་ནས་གསལ་བཤད་བྱས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྐབས་འདིའི་འགྲན་ཚོགས་ནི་གོ་སྐབས་ཤིག་ཏུ་བརྩིས་ཏེ། དུས་རབས་གསར་པའི་ལུས་རྩལ་འཕེལ་རྒྱས་ཀྱི་བྱེད་ནུས་གནས་ཐིག་གཏན་འཁེལ་དང་ལག་ལེན་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པ་དང་། མི་དམངས་ཀྱི་གཟུགས་གཞི་སྟོབས་ལྡན་དང་དམངས་ཡོངས་ཀྱི་ལུས་ཕུང་དང་འཚོ་བའི་རྒྱུ་སྤུས་ཇེ་མཐོར་གཏོང་བ་བཅས་དམིགས་འབེན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། ལུས་རྩལ་བཅོས་བསྒྱུར་དང་གསར་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་སྤེལ་བྱེད་པ། དམངས་ཡོངས་ཀྱི་ལུས་རྩལ་མ་ལག་འཐུས་ཚང་དུ་གཏོང་བ། རྒྱ་ཆེའི་མི་དམངས་མང་ཚོགས་དང་ལོ་ཆུང་གཞོན་ནུའི་ལུས་སྦྱོང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ལུས་རྩལ་གྱི་སྐྱེ་ཁམས་དང་ཡུལ་སྐོར་རིག་གནས་འདྲེས་སྦྱོར་ཟབ་མོ་འབྱུང་བར་སྐུལ་འདེད་བྱེད་པ། མཐོ་སྒང་གི་ལུས་རྩལ་གྱིས་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ཤུགས་གང་ཡོད་ཀྱིས་རྩོམ་འབྲི་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས།

མགོ་རྩོམ་མཛད་སྒོའི་སྟེང་ད་དུང་མགོ་རྩོམ་པའི་ལེའུ《མཚོ་དང་གཙང་བོར་ཤར་བའི་ནམ་མཁའ》དང་། ལེའུ་དང་པོ《ལྗང་མདོག་གི་ཁ་ཆད།》ལེའུ་གཉིས་པ《དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད་པ།》ལེའུ་གསུམ་པ《མཐུན་པའི་ལག་རྡང་སྦྲེལ་བ》དང་མཇུག་གི《དུས་རབས་གསར་པར་འབད་པས་སྐྱོད》ཅེས་པ་སོགས་ངོ་མཚར་བའི་རིག་རྩལ་འཁྲབ་སྟོན་བྱས།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡུས་ཚུང་ལེ་དང་ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་དབྱི་ཧྲུའུ་ཆང་གྲོས་ཚོགས་ལ་ཞུགས། ཧྲེང་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་གྱིས་མགོ་འཛིན་བྱས། །