ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

བྱིས་པའི་དཔེ་ཀློག་གི་མོས་པ་བསྐྱེད་ཐབས།

བོད་གཞུག་སྐྱིད་ཀྱིས་སྒྱུར་སྒྲིག་བྱས།

(2022ལོའི་ཟླ8པའི་ཚེས5ཉིན་གྱི་པར་ངོས20པར་མཐུད་པ།)

80.བྱིས་པ་ཁོ་རང་སྤྲོ་བ་ཡོད་པའི་དུས་དེབ་ཅིག་ཉོས་ཏེ། ས་གནས་ཁོ་ཚོའི་སློབ་གྲྭ་བྲིས་ནས་བསྐུར་དུ་བཅུག་ན། བྱིས་པ་ལ་དགའ་སྣང་སྟེར་ཐུབ།

81.བྱིས་པ་ལོ་ན་ཆུང་བས་དཔེ་ཆའི་བཟང་ངན་ཤན་འབྱེད་མི་ཤེས། སྤྱིར་བཏང་ཁོ་ཚོKartonདང་འགུལ་རིས། དགོད་གཏམ་དང་ཀླད་པ་མྱུར་འགུལ་སོགས་ཀྱི་དཔེ་ཆར་དགའ། ཡིན་ནའང་། དེ་དག་ལ་མང་དུ་བལྟས་ཀྱང་དགེ་མཚན་ཆེར་མེད། ཀློག་འདོན་གྱི་སྤྲོ་བ་ནི་བྱིས་པ་དཔེ་ཀློག་ལ་ཕྱོགས་པའི་སྒུལ་ཤུགས་གཙོ་བོ་ཡིན། ཕ་མས་ངེས་པར་དུ་བྱིས་པའི་དཔེ་ཀློག་གི་སྤྲོ་སྣང་ལ་གསོ་སྐྱོང་དང་སྣེ་འདྲེན་ལེགས་པོ་བྱེད་དགོས།

82.ཕ་མས་སྔོན་ལ་བཀླགས་ཤིང་བྱིས་པར་དྲི་བ་དྲིས་ན། བྱིས་པས་དྲི་བ་དང་མཉམ་དུ་ཀློག་འདོན་བྱེད་ལ། དཔེ་ཀློག་གི་དམིགས་ཡུལ་ཇེ་གསལ་དུ་གཏོང་ཐུབ། རྩོམ་ཡིག་ལེགས་པོར་ཕ་མ་དང་བྱིས་པས་མཉམ་དུ་བགྲོ་གླེང་བྱས་ཆོག བྱིས་པར་བསམ་ཚུལ་དང་ལྟ་བ་བཤད་དུ་བཅུག་ཆོག དེ་ལྟར་བྱས་ན་བྱིས་པའི་གོ་བ་དང་། ཀློག་འདོན་གྱི་སྤྲོ་བ་བསྐྱེད་ཐུབ།

83.དཔེ་ཆ་གྲལ་དག་པར་བསྒྲིགས་པ་དང་མི་གཤགས་པ། ཤོག་ལྷེབ་མི་བཀུག་པ་ལྟ་བུའི་གཅེས་སྤྲས་བྱེད་སྟངས་བསླབས་ཏེ། བྱིས་པར་དཔེ་ཀློག་གི་གོམས་གཤིག་ཡག་པོ་ཆགས་པར་རོགས་རམ་བྱེད་དགོས། བྱིས་པས་བཀླགས་ཟིན་པའི་དཔེ་ཆ་ཉར་ཚགས་བྱེད་དགོས།

84.དཔེ་ཆའི་རིགས་དབྱེ་དང་། བྱིས་པའི་དཔེ་ཆ་གདམ་གསེས་ཀྱི་བཟང་ངན། འཚམ་མིན། གང་དག་ལ་སྤྲོ་བ་ཡོད་མེད་སོགས་བགྲོ་གླེང་བྱེད་པར་སྐུལ་མ་བྱེད་དགོས།

85.དུས་ཚོད་བཀོད་སྒྲིག་འོས་འཚམ་བྱས་ཏེ། བྱིས་པ་དང་མཉམ་དུ་དཔེ་ཀློག་བྱེད་པའི་བྱ་འགུལ་དེ་གཏན་ཆགས་རྒྱུན་ཆགས་ཤིག་ཡོང་བར་བྱེད་དགོས།

86.དུས་ཚོད་ངེས་ཅན་ནང་དཔེ་ཆ་ཉོ་བ་དང་གཡར་བ་སོགས་བྱེད་པ། རྒྱུན་དུ་བྱིས་པ་དཔེ་ཁང་དུ་ཁྲིད་པ་དང་། བྱིས་པར་དཔེ་ཆ་ཉོ་བ་དང་དཔེ་ཆ་གཡར་བའི་གོམས་སྲོལ་ཆགས་སུ་འཇུག་དགོས། མཐོང་ཐོས་མྱོང་གསུམ་ལ་ཤར་བ་དེ་གང་ཡིན་ན། བྱིས་པར་དེའི་ཕྱོགས་ཀྱི་སེམས་ཚོར་མི་འདྲ་བ་སྟེར་བཞིན་ཡོད་པས། བྱིས་པའི་དཔེ་ཀློག་གི་དགོས་མཁོ་བསྐྱེད་པར་ཕན།

87.བྱིས་པར་ཟིན་བྲིས་འབྲི་བར་སྐུལ་མ་བྱེད་དགོས། ཅི་ཞིག་བྲིས་ཀྱང་ཆོག ཐ་ན་དཔེ་མིང་སླ་མོ་ཞིག་བྲིས་ཀྱང་ཆོག་སྟེ། ཀློག་འདོན་ཁྲོད་ཀྱི་གོམས་སྲོལ་སྣ་ཚོགས་ཀྱིས་བྱིས་པར་དཔེ་ཀློག་གི་མྱོང་བ་གཞན་དང་མི་འདྲ་བ་ཞིག་སྐྱེ་བར་བྱེད།

88.དཔེ་ཀློག་ཡག་པོ་ཞིག་བྱེད་པ་དེ་ནམ་ཡང་གལ་ཆེན་པོ་ཡིན་ཏེ། བྱེ་བྲག་གི་ཁེ་ཕན་ཞིག་དམིགས་སུ་བཟུང་ནས་དཔེ་ཀློག་བྱེད་དུ་མ་འཇུག ད་ལྟའི་མི་མང་པོ་དཔེ་ཀློག་བྱེད་པར་མི་དགའ་ལ། དཔེ་ཀློག་མང་ཆེ་ཤོས་ཀྱང་ཁེ་ཕན་ལ་རག་ལས་པས་དཔེ་ཀློག་ཡག་པོ་བྱེད་ཐུབ་ཀྱིན་མེད། ཁེ་ཕན་བསམས་ནས་ཀློག་འདོན་བྱས་ན་ཀློག་འདོན་གྱི་སྤྲོ་བ་ཡལ་འགྲོ་བས་དོན་དག་ཅིག་ལ་སེམས་རྣལ་དུ་ཕབ་ནས་འཇུག་མི་ཐུབ། བྱིས་པའང་དེ་བཞིན་ཡིན་ཏེ། གལ་ཏེ་དཔེ་ཀློག་ནི་ཁེ་ཕན་ཞིག་རེག་པའི་ཆེད་དུ་ཡིན་ན། བྱིས་པ་དཔེ་ཀློག་དང་ཡུན་གྱིས་གྱེས་འགྲོ།

89.བྱིས་པ་དང་མཉམ་དུ་ནན་ཏན་ངང་དཔེ་ཆ་ཞིག་ཀློག་ཚར་བར་བྱ། དཔེ་ཆའི་ནང་གི་མི་སྣ་སོགས་རི་མོའམ་ལག་བཟོ་ཡི་རྣམ་པས་མཚོན་པར་བྱས་ཏེ། དཔེ་ཆའི་ནང་དོན་བྱིས་པར་གོ་བ་ལེན་དུ་འཇུག་དགོས།

90.བྱིས་པའི་དཔེ་ཀློག་གི་གདམ་གསེས་ལ་བརྩི་བཀུར་བྱ་དགོས། ཁོ་ཚོ་དགའ་ན་བཀླག་ཆོག་ལ། མ་དགའ་ན་མ་བཀླགས་ཀྱང་ཆོག་གོ ། ཁྱིམ་བདག་རང་གིས་བལྟས་ནས་འདི་ནི་བྱ་དགའ་ཆེན་པོ་ཐོབ་པའི་དཔེ་ཆ་ཞིག་གོ་སྙམ་ནས་བཙན་པོ་བྱེད་མི་རུང་། བྱིས་པ་མི་དགའ་ན་དཔེ་ཆ་གཞན་ཞིག་ལ་བརྗེ་ཆོག་ལ། དཔེ་ཆ་དེ་བརྗེས་ནས་ཀློག་ནའང་མཉམ་དུ་ཀློག་རོགས་བྱེད་དགོས།

91.བྱིས་པ་གང་ལའང་ཅིའི་ཕྱིར་ཟེར་ནས་དྲི་བ་འདྲི་རྒྱུར་ཤིན་ཏུ་དགའ། དཔེར་ན། རི་དྭགས་གླིང་དུ་སོང་ན་བྱིས་པ་སྲོག་ཆགས་ཆུང་ངུ་ལ་ཡ་མཚན་ཆེན་པོ་སྐྱེ་ལ། རྨ་བྱ་སྒྲོ་གུར་ཡག་དོན་དང་། ནེ་ཙོས་སྐད་ཆ་བཤད་ཤེས་དོན། ཤ་བ་སྐེ་རིང་གི་སྐེ་རིང་དོན་སོགས་འདྲི་བར་སྤྲོ། བྱིས་པའི་མཚར་འཛིན་གྱི་བློ་དེ་དམིགས་སུ་བཟུང་ནས། དཔེ་ཆ་དང་དྲ་ཐོག་ནས་དྲིས་ལན་འཚོལ་བར་སྐུལ་མ་བྱེད་དགོས།

92.གནའ་གཏམ་གྱི་སྒྲ་ཕབ་ལ་ཉན་པས་ཀློག་འདོན་གྱི་ཚབ་བྱེད་མི་རུང་། བྱིས་པ་ང་ཚོའི་རྣམ་འགྱུར་མཐོང་བར་དགའ་ལ། ཕ་མའི་སྐད་སྒྲར་ཉན་པར་དགའ། གལ་ཏེ་ཆ་རྐྱེན་ཡོད་ན། ཁྱོད་ཀྱིས་ངེས་པར་ཀློག་འདོན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། རང་ཉིད་ཀྱི་ཀློག་པ་མི་བཟང་མ་བསམས། སྙན་སྒྲོན་པ་ལས་ཕ་མས་བཏོན་ན་བཟང་།

93.ཕྱི་རོལ་གྱི་ཀློག་འདོན་ཤིན་ཏུ་སྐྱིད། དུས་རྒྱུན་བྱིས་པ་སྒོར་འཁྲིད་ནས་རྩེད་མོ་རྩེ་དུས། བྱིས་པའི་ཁུག་མའི་ནང་དུ་དཔེ་ཆ་ཁ་ཤས་འཇོག་དགོས། ལམ་ནས་ངལ་གསོ་བའམ། ཁོམ་སྐབས་ཡོད་དུས་དཔེ་ཆར་བལྟ་བར་སྐུལ་དགོས། ཁྱིམ་བདག་གིས་མཚམས་རེར་བྱིས་པ་ཁྲིད་ནས་སྲང་ལ་མྱུལ་ཆོག བྱིས་པར་དཔེ་ཆ་བསྣམས་སུ་བཅུག་ནས། དཔེ་ཆ་བལྟ་ཞོར་དང་མྱུལ་ཞོར་བྱས་ཆོག

94.ཁྱིམ་ཚང་ནང་དུ་དཔེ་ཆ་ཡོད་དགོས། ཁྱོད་རང་འདུག་སའི་ཆ་རྐྱེན་མི་བཟང་བ་དང་ཁང་པ་གླས་ནས་ཡོད་ནའང་། ཁྱོད་ལ་དཔེ་ཆ་ཉོ་བའི་འདུན་པ་ཡོད་ན། ཚོང་རར་སོང་ནས་དཔེ་སྒྲོམ་ཞིག་ཉོས། སྒམ་ཞིག་ཡིན་ནའང་ཆོག བྱིས་པས་དཔེ་སྒྲོམ་ཅི་འདྲ་ཡིན་པར་དང་དོད་མི་བྱེད། ཁོ་ཚོ་རང་ཉིད་ལ་དཔེ་ཆ་ཀློག་ཏུ་འཇུག་མཁན་དང་དྲོད་ཁོལ་སྟེར་བའི་ཁྱིམ་ཚང་ཞིག་ཡོད་པར་ལྷག་ཏུ་དང་དོད་ཆེ།

95.སེམས་ཁམས་མི་སྐྱིད་དུས་དཔེ་ཆ་མ་བཏོན་ནའང་ཆོག དཔེ་ཀློག་བྱེད་དུས་སེམས་ཁམས་བཟང་པོ་ཞིག་ཡོད་པ་གལ་ཆེ། གལ་ཏེ་ཁྱོད་ཀྱི་སེམས་ཁམས་མི་སྐྱིད་པའམ་བྱིས་པའི་སེམས་ཁམས་མི་སྐྱིད་དུས་བྱིས་པར་དཔེ་ཀློག་གི་སྐུལ་མ་མ་གཏོང་། དེ་དུས་དཔེ་ཆ་ཀློག་པ་ཤིན་ཏུ་ཐང་ཆད་པ་ཞིག་ཡིན། དེས་དཔེ་ཀློག་གི་འདུན་པ་དང་སྤྲོ་བ་ཉམས་སུ་འཇུག་ངེས།

96.མི་གཞན་ལ་བརྟེན་མ་ཆེ། བྱིས་པར་རྒྱུས་ལོན་ཡག་པོ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ་སྟེ། ཉིན་རྒྱུན་བྱིས་པ་དང་མཉམ་དུ་ཡོད་པའི་མིས་ད་གཟོད་བྱིས་པར་རྒྱུས་ལོན་བྱེད་ཐུབ། བྱིས་པ་རེ་རེར་རང་རང་གི་ཁྱད་ཆོས་དང་དགའ་ཕྱོགས་ཡོད་ལ། ནར་སོན་གྱི་གོ་རིམ་མི་འདྲ། ཕ་མ་ནི་བྱིས་པའི་རྨོངས་པ་སེལ་མཁན་དང་སྣེ་འདྲེན་མཁན་དེ་ཡིན། རང་ཉིད་དངོས་སུ་བྱིས་པའི་ཀློག་འདོན་ཁྲོད་ཞུགས་ན། ནམ་ཞིག་རང་གི་བྱིས་པར་འཚམ་པའི་ཀློག་འདོན་གྱི་ལམ་བུ་ཞིག་རྙེད་སྲིད།

97.བྱིས་པའི་ཀློག་འདོན་གྱི་སྤྲོ་བར་ཁྱད་གསོད་མ་བྱེད། བྱིས་པས་ཀློག་འདོན་བྱེད་སྐབས་དྲི་བ་འདྲི་རྒྱུར་ཤིན་ཏུ་དགའ། དགེ་རྒན་ལྟར་ངེས་པར་དུ་ནང་དོན་གནད་བསྡུས་དང་། ཡང་ན་བྱིས་པས་གོ་བ་ལོན་ཡོད་མེད་ལ་བརྟག་ཞིབ་བྱེད་དགོས། སྤྱིར་རིས་སྒྲུང་མང་པོ་ཞིག་ལ་སློབ་གསོ་གཏོང་འདོད་ཀྱི་དམིགས་ཡུལ་མངོན་གསལ་མེད་དེ། རྩོམ་པ་པོས་ཚེ་སྲོག་དང་མཛེས་སྡུག་སོགས་ཡི་གེ་དང་རི་མོའི་ལམ་ནས་མཚོན་པར་བྱས་ཡོད་པས། མཚམས་རེར་བྱིས་པའི་མིག་ཟུང་གིས་ལྷག་ཏུ་ཚོར་ཐུབ། དེ་བས་མི་དར་མའི་བསམ་བློས་བྱིས་པའི་ལྟ་བར་ཚོད་འཛིན་བྱེད་འདོད་མ་བྱེད། ཀློག་འདོན་ལ་བརྟེན་ནས་གནས་ལུགས་ལ་ཉན་འདོད་ཡིན་ན། དཔེ་ཀློག་མ་བྱས་ན་བཟང་སྙམ།

98.རྩེད་ཆས་ཤིག་བཙལ་ནས་དེ་ལ་གཏམ་རྒྱུད་ཀློག་ཏུ་འཇུག་དགོས། གཏམ་རྒྱུད་ཀློག་སྐབས་སྐད་གདངས་ལ་བརྩེ་བ་ཐོན་པར་བྱས་ནས་བཀླགས་ན་བཟང་།

99.ནམ་ཡང་ཀློག་འདོན་གྱི་ནུས་པར་ཡིད་ཆེས་བྱེད་དགོས། བྱིས་པའི་རྒྱུགས་འབྲས་ཀྱི་འགྱུར་ལྡོག་ལའང་དོ་སྣང་བྱེད་དགོས།

100.བྱིས་པར་ཀློག་འདོན་མ་བྱས་གོང་ལ། ཨ་མས་བྱིས་པ་དང་མཉམ་དུ་དཔེ་ཆའི་ནང་དོན་ལ་བལྟ་དགོས། དཔེར་ན་དཔེ་ཆའི་ནང་གི་རི་མོ་དང་། དེ་ནས་གཏམ་རྒྱུད་ནང་གི་ཁ་བརྡ་ཡག་པོ་ལྟ་བུ། དེ་དག་རྙེད་ཚེ་ཀློག་འདོན་བྱེད་དགོས། གཞི་གྲངས་ལྟར་ན། ཀློག་འདོན་ནུས་པ་ནི་སློབ་སྦྱོང་ནུས་པའི་རྨང་གཞི་ཡིན། ཉེ་དུས་ཤིག་ལ་ཨ་མ་ཞིག་གིས་རང་གི་བྱིས་པར་དགེ་རྒན་གྱི་བསྟོད་བསྔགས་ཐོབ་སོང་ཟེར། རྒྱུ་མཚན་ནི་ལོ་རིམ་གསུམ་པའི་བུ་མོའི་རྩོམ་ཡིག་གི་ནུས་པ་ལོ་རིམ་ལྔ་པ་དང་མཉམ། ཡོད་ཚད་ཆུང་དུས་ནས་ཀློག་འདོན་བྱས་པར་རག་ལས་ཟེར། དུས་རབས་ཇི་ལྟར་འགྱུར་རུང་། ང་ཚོས་དཔེ་ཀློག་ལ་ཡིད་ཆེས་བྱེད་དགོས། ལྷག་ཏུ་ཁྱིམ་ཚང་ཕལ་བ་དང་། སློབ་སྦྱོང་གི་རྒྱུ་ཆ་དེ་འདྲ་མོད་པོ་མེད་པ་རྣམས་ཀྱིས། དཔེ་ཀློག་གི་ལམ་ནས་ཤེས་བྱ་མང་པོ་གསོག་ཉར་བྱ་རྒྱུ་ནི་གྲོན་ཆུང་ལ་ཁེ་བཟང་བའི་ལས་ཤིག་ཡིན། ཕ་མའི་མིག་རྒྱང་དང་སེམས་རྒྱས་བྱིས་པའི་སེམས་རྒྱ་ཐག་གཅོད་བྱེད་ཐུབ། །