ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཕྱིར་དྲན།

ལན་གྲུ། ཁ་ལ་གནམ་ལྷ་ཚེ་རིང་།

ཕྱིར་དྲན་ནི་མི་ཞིག་གི་རྒྱུད་དུ་ཡོད་པའི་དྲན་པའི་ལྡེབས་རིས་ཤིག་ཡིན་ལ། ལྡེབས་རིས་དེའི་ངོས་སུ་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་གཉུག་གཤིས་ཀྱི་གདུང་བ་འཁྱིལ་ཡོད་ཅིང་། དུས་འགྱུར་དང་གཞན་འགྱུར་གྱིས་དེད་པའི་སྨུག་ལང་ལོང་གི་ལོ་ཟླ་གྲངས་མང་ཞིག་ཡལ་བ་མེད་པར་བརྐོས་ཡོད། དེ་ལས་ཀྱང་གལ་ཆེ་བ་ཞིག་ཡོད་པ་ནི་བྱིས་དུས་ཀྱི་ལང་ཚོ་མཚར་སྣང་གིས་བསྐྱལ་བའི་ལོ་ཟླ་དེ་དག་ལྡེབས་རིས་འདིའི་ངོས་སུ་ནམ་ཡང་དྭངས་ཤིང་གཙང་ངོ་། །

དེ་ཡང་སྤྱི་ལོ1999ལོའི་སྟོན་ཁའི་ཞོགས་པ་ཞིག་ལ། ནམ་སྐྱ་རེངས་སྐྱ་མདའ་བཀྱགས་ནས་བྱ་བྱེའུས་རྒུམ་བུ་འཐུ་དུས། ཤར་རིའི་རྩེ་ནས་ཉི་གཞོན་དལ་གྱིས་འཕགས་ཤིང་། དྲོད་ལམ་ལམ་གྱི་འོད་མདངས་ས་གཞིར་འཕྲོས་བྱུང་། རྨོ་མོ་ཡིས་བསྐོལ་བའི་ནངས་ཇ་དེ་འཐུང་རྗེས། ང་རང་ཨ་ཁུས་ཁྲིད་དེ་ངའི་མི་ཚེ་འདིའི་ཤེས་བྱའི་སྒོ་ཐེམ་དང་པོ་སྟེ། སྦྲ་གུར་སློབ་གྲྭར་སོང་བ་ཡིན། སྦྲ་གུར་ནི་དུས་འགྱུར་རྗེས་ཀྱི་བོད་ཁུལ་གྱི་ཐོག་མའི་སློབ་གསོ་མགོ་ཚུགས་ས་རེད། དེ་ནི་དེང་དུས་ཀྱི་སློབ་གསོའི་ལམ་ལུགས་ལྟར་བཤད་ན་སློབ་ལོ་མ་རན་པའི་སློབ་གསོ་ཡིན་པ་འདྲ། ང་རང་སློབ་གྲྭར་ཐོན་དུས་སློབ་མ་མང་ཤོས་ཀྱིས་བོད་ལྭ་གྲ་དག་གྱོན་འདུག་ལ། ད་རུང་རྒྱ་ལྭ་གོན་མཁན་ཡང་འདུག དམག་ལ་གོན་མཁན་ཡང་ཡོད། དེང་དུས་ཀྱི་འབྱོར་བ་ནང་བཞིན་གྲ་དག་སྤུས་གཙང་ཞིག་མ་རེད། ཁྱད་པར་དུ་སློབ་གྲོགས་བུ་མོ་མང་ཤོས་ཀྱི་སྐྲ་ནི་བལ་མགོ་བྱས་ཏེ་བསླེས་འདུག དེ་དུས་སློབ་གྲྭའི་མིང་ལ་སྦྲ་གུར་ཞེས་སྔར་སྲོལ་རྒྱུན་འཛིན་བྱས་ཡོད་མོད། འཚོགས་ས་ནི་སྦྲ་ཁྱིམ་མ་ཡིན་པར་ཁང་པའི་ནང་རེད། འཛིན་གྲྭ་གོང་འོག་གཉིས་དང་དགེ་རྒན་གསུམ་འདུག སྔ་དྲོར་འཚོགས་ནས་ཕྱི་དྲོར་གྲོལ་བ་ཡིན། དེ་དུས་དགེ་སློབ་ཚང་མ་རྐང་ཐང་རེད། ཉིན་གུང་གི་དྲོས་ཇ་ནི་སློབ་ཕྲུག་ཚོའི་རང་རང་གི་ཕ་ཡུལ་ནས་གྲ་སྒྲིག་བྱས་ཡོང་བའི་འོ་མ་དང་གོ་རེ་སོགས་ཡིན། དགེ་རྒན་ཚོར་མཚོན་ནའང་གཞུང་ནས་ལོ་མཇུག་ལ་ཟླ་ཕོགས་ཉུང་ཙམ་སྤྲོད་བཞིན་ཡོད་པ་མ་གཏོགས། སློབ་ཕྲུག་ཚོ་ནང་བཞིན་“རང་རྟ་སྒ་མ་དང་རང་བྲོ་ཁུག་མ”རེད། ཡིན་ནའང་དེ་དུས་ཆེས་སྤྲོ་སྣང་ལྡན་པ་ཞིག་ཡོད་པ་ནི་དགེ་སློབ་སུ་ཞིག་གི་ངོ་གདོང་ན་བཀྲུས་མི་དག་པའི་གནོན་ཤུགས་དང་ཨུ་ཤུ་མེད་ལ། དགེ་སློབ་སུ་ཞིག་གི་ལུས་སྟེང་ན་རྫོགས་མི་ཚར་བའི་ལས་བྱ་དང་སྒྲིག་ལམ་མེད་དོ། །

ཁྱད་པར་དུ་དེ་དུས་སློབ་ཁྲིད་ཅེས་ཆེན་པོ་ཞིག་མེད་མོད། དགེ་རྒན་ཚོས་རང་རང་གི་ནུས་ཚོད་ཀྱིས་བོད་ཡིག་དང་རྩིས་རིག་གཉིས་ལེགས་པར་འཁྲིད། བོད་ཡིག་གི་ནང་དོན་ནི་གསལ་བྱེད་ངོས་འཛིན་དང་སྦྱོར་ཀློག ཡིག་གཟུགས་སོགས་རེད། དེ་བཞིན་དུ་རྩིས་རིག་གི་ནང་དོན་ནི་གྲངས་ཀ་རྩི་བ་དང་སྣོན་འཕྲི་སོགས་རེད། ཁྱད་པར་དུ་རྩིས་རིག་བསླབ་ཚན་ཁྲོད་ཀྱི་གསལ་འབྱེད་རི་མོ་མང་ཤོས་ནི་ཉ་དང་བྱ་གག ཕག་སོགས་དེ་དུས་ཀྱི་འཚོ་བར་ཆ་རྒྱུས་མེད་པ་ཁག་ཅིག་ཡིན་པས། ཅུང་མཚར་པོ་བྱུང་ནས་རྒྱུན་དུ་ལྟ་འདོད་སྐྱེ་བའི་སྣང་བ་སྟེར། སློབ་ཁྲིད་ཉུང་ཞིང་བྱ་འགུལ་མང་པོ་འདུག ཉིན་གུང་བསྐོར་ཚོགས་བྱས་ཏེ་ཆ་འདེབས་པ་དང་། གཉེན་སྟོན་བྱེད་པ། གཡུག་རེས་བྱེད་པ། དམངས་གླུ་ལེན་པ། ལ་གཞས་ལེན་པ་སོགས་གཙོ་བར་བྱེད། གནའ་མི་རྒན་པོའི་གཏམ་དཔེ་ལ། “བོད་མི་རེའི་ངག་ན་གླུ་རེ”ཟེར་བ་ནང་བཞིན། སློབ་མའི་ནང་ནས་ལོ་ན་ཅུང་ཙམ་ཆེ་བ་དག་གིས་ལྔ་དྲུག་ཙམ་རེ་ལེན་ཤེས། དེ་མིན་སྦྲ་གུར་གྱི་རྩེད་ཆས་ཕྱོགས་ནས་ས་མོ་སྒང་བསླུ་དང་གྲུ་གུ་ཁྲ་བསླུ་བྱས་པའི་ཐག་ལྡིང་། ལྕགས་འཁོར། འཁོར་ལོ་འདེད་པ་སོགས་རང་གིས་ཡུལ་ནས་བཟོས་ཏེ་ཁྱེར་ཡོང་བ་དག་ཡིན། གཞན་དགོང་མོ་གྲོལ་ནས་ཕྱིར་ཕ་ཡུལ་དུ་ལོག་དུས་ལམ་ནས་ཆུ་རྩེད་བྱེད། ཕལ་ཆེར་ཡུལ་ལ་ཐོན་དུས་ས་རུབ་ལ་ཉེ། དེ་ལས་ཀྱང་དགོད་བྲོ་བ་ཞིག་ཡོད་པ་ནི་བྱིས་པ་སྣ་འབྱར་གྱི་ལོ་ཚོད་ཡིན་མོད། ཕོ་རེ་ལ་མོ་རེ་གཏན་འཁེལ་བྱས་ནས་བཏགས་རེས་བྱེད་སྲོལ་ཡོད། ད་ལྟ་ཕྱིར་འདང་ཞིག་བརྒྱབས་ན་སློབ་གྲོགས་ཚོའི་ཁྲོད་ཀྱི་མི་ལ་ལས་དེ་ལུགས་བཞིན་གཉེན་སྒྲིག་བྱས་པའང་འདུག་པས། བྱིས་པའི་སྣང་བ་དང་ཚོར་བ་དེ་ཅི་འདྲའི་རྣོ་བ་ལ། ཁྱད་པར་དུ“མགོ་ཞྭ་ནང་གཅིག་ནས་ལག་ཆགས་ཤིང་། རྐང་ལྷམ་ནང་གཅིག་ནས་ལོ་ལོན་ཐུབ”པ་དེ་ནི་ཅི་འདྲའི་རླབས་ཆེ་བ་ལའང་སྙམ་བྱུང་། བག་ཆགས་འདི་དག་གི་དབང་གིས་ང་རང་འབུམ་རམས་པའི་དུས་ལ་ཐོན་ཡོད་ཀྱང་ལ་གཞས་ལ་རྒྱུན་དུ་མཉན་པ་ཡིན། ཁྱད་པར་དུ་བུ་མོ་ཚོར་ཁ་མཚར་བཤད་དུས་ཀྱང་ལ་གཞས་ཀྱི་ཚིག་རེ་ཟུང་བཀོལ་ནས་ཚུགས་ཀ་བཏོན་པ་ཡིན། དེ་མིན་སྦྲ་གུར་ལ་འགྲོ་དུས་ཞི་ལུ་མང་ཤོས་ཤིག་རྡུང་རེས་བྱེད་རྒྱུར་དགའ་པོ་འདུག རྡུང་རེས་བྱེད་དུས་རྡོ་ཤུར་བྱེད་རེས་བྱེད། ཁ་བཅག་མགོ་བཅག་བྱས་པའང་མང་པོ་ཡོད། དེ་མིན་ལག་འཛིང་ལ་སོང་ན་རལ་བའི་འཛིན་རེས་བྱེད། སྟབས་མ་ལེགས་དུས་རང་གི་རལ་བ་གཞན་གྱིས་བཏོག་འགྲོ། མ་རབས་དང་པྲ་ཚག་ཚོའི་ངོ་གདོང་དུ་རྒྱུན་དུ་སེན་ཤུལ་འདུག འདི་དག་ནི་ལེགས་ཉེས་གང་རུང་ཞིག་གི་རྒྱ་ཐོག་ལ་བཞག་ནས་མཛུབ་མོ་བཙུགས་ཏེ་ཁ་ཚོན་མི་ཆོད་མོད། རང་གཤིས་མཁྲེགས་པའི་མི་རིགས་ཤིག་གི་གཤིས་རྒྱུད་ལོས་ཡིན་སྙམ་པའི་དྲན་པ་ཞིག་སྐྱེས་བྱུང་ངོ་། །

གཞན་ཡང་དེ་དུས་ང་ཚོས་རིག་གནས་གསར་པ་ཞིག་སྦྱང་མྱོང་མེད་མོད། རང་གི་རིག་གནས་ལ་བག་ཆགས་ཆེན་པོ་བཞག་ཡོད། དཔེར་ན། དགོང་མོ་ཉལ་ཁར་ངའི་རྨོ་མོ་ཡིས་ང་ལ་རྒྱུན་དུ་གནའ་གཏམ་བཤད་པ་ཡིན། འདྲེ་བཤད་བརྒྱབ་དུས་སྐྲག་ནས་མགོ་རུམ་ལ་བཅུག་སྟེ་བསྡད་པ་ཡིན། དེ་མིན་མོས་གླིང་སྒྲུང་ཡག་པོ་བཤད་ཤེས། ངས་ནམ་རྒྱུན་རྨོ་མོ་ཡི་ངག་ནས་གླིང་སྒྲུང་ལ་མཉན་པ་ཡིན། མོས་བཤད་པ་དེར“ཁ་སྒྱུང” (ངག་སྒྲུང) ཟེར། མོས་ང་ལ་རྒྱུན་དུ 《ཧོར་གླིང་གཡུལ་འགྱེད》དང་《བདུད་འདུལ》སོགས་འགའ་རེ་བཤད་མྱོང་། ང་རང་དེ་ལས་བག་ཆགས་ཆེས་ཆེ་བ་ནི་ 《ཧོར་གླིང་གཡུལ་འགྱེད》དང་《འཁྲུངས་གླིང་མེ་ཏོག་ར་བ》གཉིས་རེད། ཁྱད་པར་དུ་《འཁྲུངས་གླིང་མེ་ཏོག་ར་བ》ཡི་བར་བཅུག་རི་མོའི་ཁྲོད་དུ་ཨ་མ་འགག་མོས་སྐྱེས་མ་ཐག་མའི་ཇོ་རུ་པང་ལ་བཟུང་སྟེ་བསྡད་ཡོད། པར་དེ་མཐོང་དུས་ཁོང་མ་སྨད་གཉིས་ནི་སྡེ་བའི་རུ་མཐའ་དང་ཁྱིམ་གྱི་མར་ཞབས་ན་ཡོད་པའི་སྣང་བ་སྟེར། བག་ཆགས་དེའི་དབང་གིས་ང་རང་ནམ་རྒྱུན་གླིང་སྒྲུང་བཤད་ཤེས་པའི་ལོ་ལོན་ཚོར་ཞེ་དྲག་དགའ་བོ་ཡོད། དེའི་རྗེས་ནས་ང་རང་སློབ་ཆུང་ལ་འགྲོ་དུས་ངེད་ཚང་ན་སྒྲུང་དཔེ་འགའ་འདུག སློབ་གྲྭ་གྲོལ་ནས་ཡུལ་ལ་ཐོན་མ་ཐག་ངས་སྒྲུང་དཔེར་བལྟས་པ་ཡིན། ཕྱིར་སློབ་གྲྭར་སོང་ནས་དགོང་མོ་ཉལ་རྗེས་ངས་སློབ་གྲོགས་ཚོར་སྒྲུང་བཤད་པ་ཡིན། བག་ཆགས་དེའི་དབང་གིས་ང་ནི་ནམ་རྒྱུན་སྲོལ་རྒྱུན་རིག་གནས་ལ་དོ་སྣང་ཡོད་མཁན་ཞིག་ཏུ་གྱུར་སོང་། མདོར་ན་ཕྱི་རབས་པ་ཚོར་མི་རིགས་ཤིག་གི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་འཇོག་དགོས་ན་གནའ་གཏམ་དང་གླིང་སྒྲུང་ནི་གལ་ཆེ་ཤོས་ཤིག་རེད་སྙམ་སོང་ངོ་། །

དེ་མིན་ངེད་ཚོ་ལོ་ལོན་དག་གི་ངག་ན་རིག་གནས་གསར་བརྗེ་དང་འབྲེལ་བའི་གཏམ་རྒྱུད་མང་པོ་འདུག་སྟེ། དཔེར་ན། ཕོ་མོ་གཉིས་ལ་འཇིག་རྟེན་མཐུན་འཇུག་གིས་གཉེན་སྟོན་བྱེད་དུས་སུ་གཉེན་རྟགས་ལ་མའོ་ཀྲུའུ་ཞིའི་གསུང་བཏུས་སྟོད་སྨད་གཉིས་ཅན་ཞིག་སྟེར་སྲོལ་ཡོད་ཟེར། གཞན་ད་དུང་བསང་ཡིག་གི་ཚབ་ལ《རྒྱུན་འབྱུང་རྩོམ་ཡིག་གསུམ》 ཟེར་བ་ཞིག་ཡོད་ཟེར་མོད། ང་རང་བྱིས་པ་ཡིན་དུས་དེ་འདྲའི་གོམས་སྲོལ་མི་འདུག འོན་ཀྱང་མའོ་ཀྲུའུ་ཞིའི་སྐུ་པར་སྐེ་ལ་འདོགས་པ་དང་ལག་ལ་བཟུང་ནས་ཆོས་སྐོར་བྱེད་སྲོལ་འདུག་སྟེ། ཕལ་ཆེར་མའོ་ཀྲུའུ་ཞི་ཟེར་བ་དེ་འཇམ་པའི་དབྱངས་ཀྱི་སྤྲུལ་བ་ཡིན་ཟེར་བའི་བཤད་རྒྱུན་དེའི་རྐྱེན་ཡིན་པ་འདྲ། ངེད་ཚང་ལའང་ཁོང་གི་ལྕགས་པར་འགའ་ཡོད་མོད། དྲང་མོར་བཤད་ན་ངས་མའོ་ཀྲུའུ་ཞི་ཟེར་བ་དེ་ཡང་སྙིང་ཅི་འདྲ་ཞིག་ཡིན་པར་བསམ་བློ་བཏང་མྱོང་མེད། དུས་འགྱུར་གྱི་རླུང་བུས་དེད་མྱོང་བའི་མི་ཞིག་ལ་མཚོན་ན། ཁོང་ཚོའི་སེམས་ཀྱི་འོད་སྣང་རྡོག་ཅིག་ཏུ་བསྒོམས་ལོས་ཡོད་སྙམ་པའི་ཚོར་བ་ཞིག་སྟེར། སྐབས་དེར་ངས་ཆེས་ཉན་འདོད་པ་ནི་རྨོ་མོ་ཡི་ངག་གི་གནའ་གཏམ་དང་ངག་སྒྲུང་དེ་དག་ཡིན་ལ། དེ་ལས་ཀྱང་གལ་ཆེ་བ་ཞིག་ཡོད་པ་ནི་སློབ་གྲྭ་ནམ་ཞིག་ལ་གནང་བ་སྟེར་རྒྱུ་དེ་རེད། དེ་བཞིན་སྦྲ་གུར་གྱི་ལོ་གཉིས་པོ་སྐད་ཅིག་ཉིད་ལ་ཚར་སོང་། ཞོགས་པར་ཡར་འགྲོ་བ་དང་ཕྱི་དྲོ་ཕྱིར་ལོག་པའི་ལོ་ཟླ་དེའང་མཇུག་བསྡུས་ནས་བཅའ་སྡོད་སློབ་གྲྭའི་ནང་འགྲོ་དགོས་བྱུང་སོང་། དུས་དེ་ནས་བཟུང་ངའི་ཆུང་དུས་ཀྱི་རྩེད་རོགས་ཚོ་དང་ཕུ་ནུ་ཚོའི་གཟུགས་རིས་ཀྱང་རྒྱུན་དུ་མཐོང་མི་ཐུབ་ལ། ཉིན་མང་པོ་འགོར་ནས་ཕ་ཡུལ་ལ་འགྲོ་དུས་མཚམས་རེར་རུ་བཀལ་ནས་དབྱར་སར་བབས་འདུག མཚམས་རེར་སྟོན་སར་ཐོན་འདུག མཚམས་རེར་དགུན་སར་བབས་འདུག དྲན་དྲགས་པའི་རྨོ་མོ་མཐོང་ཐེངས་རེ་རེར་མོའི་སྐྲ་འདབས་ཀྱི་སེར་མདའ་རིམ་གྱིས་ཇེ་ཆེ་ཡིན་པར་མ་ཟད། རྒས་པའི་ལོ་ཟླ་དང་འགྲོགས་ནས་མོའི་རྒྱུད་དུ་ཡོད་པའི་ངག་རིག་སྒྱུ་རྩལ་དེ་ཚོའང་དྲན་པའི་ཁུག་ན་རབ་རིབ་ཏུ་འགྱུར་གྱིན་འདུག་གོ །