ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

བརླན།

དབྱངས་འབུམ་ཚེ་རིང་།

མཐོ་སྒང་གི་རྫོང་མཁར་ཆུང་ངུ་འདིར་དགུན་གསུམ་གྱི་གྲང་ལྷག་རུས་རྐང་ལ་ཟུག་ནའང་། ཞོགས་པ་རེ་རེར་རྫོང་མཁར་ཆུང་ངུ་འདིའི་ལྷིང་འཇགས་ཐོག་མར་དཀྲོགས་ནས། དུས་ཚོད་སྐར་ཆ་གཅིག་ཀྱང་ཡོལ་བ་མེད་པར་རྨི་ལམ་གྱི་ཁུལ་དུ་ལུས་པའི་བསམ་མེད་ཀྱི་བྱིས་པ་ཁྱུ་གཅིག་གཉིད་ལས་སློང་མཁན་གྱི་ཅོང་བརྡ་ཐོག་མ་ནི་དགེ་རྒན་སྟོབས་ལྡན་ལགས་ཀྱི་མཐོ་ལ་བརྗིད་པའི་སྐད་ཅོར་དེ་ཡིན།

དེ་རིང་ཡང་ནམ་རྒྱུན་དང་འདྲ་བར་སྐྱ་རེངས་མ་གསལ་བའི་ཡར་སྔོན་གྱི་མུན་པའི་གོང་ཁར། དགེ་རྒན་གྱི་འབོད་སྐད་རྣ་ལ་གཟན་པ་དེ་གཅིག་རྗེས་གཉིས་མཐུད་ཀྱིས་གྲག་འོངས་པས།ང་དང་ངའི་སློབ་གྲོགས་ཚོ་ནི་ལྕུང་ཚང་ནང་ལ་རྡོ་འཕངས་པ་བཞིན་མལ་ལས་ལངས་ཏེ། འུར་འུར་ཟིང་ཟིང་དང་བྲེལ་བྲེལ་འཚུབ་འཚུབ་ཀྱིས་སྔ་གཞུག་བརྩད་ནས་མལ་ཁང་གི་སྒོར་བུད་པ་ན། ཕྱི་རོལ་ཏུ་ཁ་བ་འབབ་ཀྱིན་འདུག ཕྱི་རོལ་གྱི་ཁ་བ་འདི་མདང་ནུབ་མཚན་གང་བོར་བབས་པ་ཡིན་ངེས་ཏེ་གོམ་ཆུང་སྤོས་ན་ལྷམ་གྱི་ཡུ་བ་ནས་ནང་ལ་ལྡུག་གིན་པ་ཚོར་ཐུབ་ལ། ཁ་བའི་འཇིག་རྟེན་དུ་སློབ་གྲོགས་ཚོའི་བྲེལ་མྱུར་གྱིས་བསྐྱོད་པའི་ཐྲིག་ཐྲིག་གི་གོམ་སྒྲ་ཐོས་ཐུབ་པར་མ་ཟད།མལ་ཁང་ནས་རྩལ་སྦྱོང་ར་བ་འཕྲེད་ཀྱིས་བཅད་དེ་སློབ་ཁང་དུ་འཐེན་པའི་རྐང་ལམ་གྱ་གྱུ་ཡང་མཐོང་ཐུབ། ཡིན་ནའང་ཁ་བ་ནི་ད་དུང་ཡང་འབབ་མཚམས་མ་བཞག་པར་ལམ་འགྲམ་གྱི་གློག་འོད་ངོགས་སུ་དལ་ལྷོད་ལྷོད་དང་གཟབ་ནན་གྱིས་མུན་པའི་ཐོང་ག་གཤགས་ནས་དཀར་བོང་བོང་གིས་འབབ་ཀྱིན་པ་མཐོང་ཐུབ། སློབ་གྲོགས་རྣམས་ཀྱིས་གོམས་ལོབས་སུ་གྱུར་བའི་ལམ་ཕྲན་དེ་དེད་ནས་ཐད་ཀར་སློབ་ཁང་དུ་བརྒྱུགས། སློབ་ཁང་གི་སྒོ་འགྲམ་ན་དགེ་རྒན་སྟོབས་ལྡན་གྱིས་སྨྱུག་མ་རིང་ལ་སྦོམ་པ་ཞིག་ཕྱག་ཏུ་བསྣམས་ནས། ཞལ་ངོ་ནག་རོག་གེར་སྟོད་ཀྱི་རྫ་རི་ལ་སྤྲིན་ནག་འཐིབས་འདྲ་ཞིག་མཛད་དེ་སྤྱན་རྩ་དམར་སྒོར་རེར་ང་ཚོར་ཕུར་ཚུགས་སུ་གཟིགས་འདུག་པས། བྱང་ཁོག་གི་སྙིང་ཆུང་ནི་ལུ་གུ་ལྡིང་བ་བཞིན་དབུགས་ཀྱང་གཏོང་ལེན་བྱེད་དཀའ་བས།མགོ་སྒུར་སྒུར་དང་སྒྱིད་པས་ཞ་ཞ་བྱས་ཏེ་སློབ་ཁང་ནང་ལ་འཛུལ་ཞིང་འདུག་སྟེགས་སུ་བསྡད་རྗེས། སེམས་ཆུང་གིས་དགེ་རྒན་གྱི་ཕྱོགས་སུ་ལྟ་དུས། དེ་རིང་ནམ་རྒྱུན་དང་མི་འདྲ་བར་དགེ་རྒན་གྱིས་ཁ་ལག་གཉིས་ཀའི་གང་ཡང་མ་འགུལ་བར་སྔར་བཞིན་སྐྱོ་ཉམས་དང་བཅས་སྒོའི་ཕྱི་རོལ་ཏུ་ཅེར་ནས་འདུག་ལ། ཅུང་ཟད་འཛིང་ནས་སྐྱེས་པའི་སྐྲ་ལོའི་གསེབ་དུ་ཁ་བ་ཆགས་ཤིང་ཕལ་ཆེར་ཞུ་ནས་ཆུ་རུ་གྱུར་ཏེ་སྐྲ་འདབས་སུ་ཐར་ཐོར་ངང་སྐྱེས་པའི་སྐྲ་དཀར་གྱི་ཉག་མ་རེ་རེ་བརླན་ནས་གོང་བའི་ཁུད་དུ་འཛག་གིན་འདུག ང་ཚོ་སྐྲག་ཀྱང་འདང་རྩིས་ཆེ་བའི་དགེ་རྒན་སྟོབས་ལྡན་ནི། ང་ཚོའི་དོན་དུ་གཉིད་ཆག་ཟས་བརྗེད་བྱ་ཐུབ་མཁན་ཞིག་ཡིན་ཏེ་ཕར་འགྲོ་ཡི་ཆེས་རྗེས་མ་དང་ཚུར་ཡོང་གི་ཆེས་སྔོན་མ་ཡིན་ལ། ང་ཚོ་སྐྱིད་སྡུག་ལེགས་ཉེས་གང་ལ་འཕྲད་དུས་ཀྱང་ཁོང་རང་ཐོན་ངེས་པར་མ་ཟད། བཟང་ངན་ཡག་ཙོག་གི་བྱ་བ་གང་སྒྲུབ་ཀྱང་ཁོང་གིས་མ་ཤེས་པ་ཕལ་ཆེར་མེད་པས། སློབ་གསོ་དང་སྡིགས་མོའི་ཚིག་རྣམས་ཁུ་ཚུར་དང་བསྡེབས་ནས་སྟེར་བའི་ཁོང་ལ་ང་དང་ངའི་སློབ་གྲོགས་ཚོས་ངེད་ཚང་གི་གཞི་བདག་ཅེས་འབོད་ཀྱིན་ཡོད་དེ། དེ་ནི་ང་ཚོས་ཁོང་ལ་བཏགས་པའི་གཅེས་མིང་དང་མཚང་མིང་གཉིས་ཀ་ཡིན་མོད། དེ་ནི་ང་ཚོ་ཁོ་ན་ལས་འཛིན་གྲྭ་གཞན་གྱི་སློབ་གྲོགས་ཚོས་སྤྱད་མི་ཆོག་པའི་མིང་ཡིག་ཅིག་ཀྱང་ཡིན་པས། མིང་ཡིག་དེའི་བདག་དབང་དང་ངོ་སོའི་ཕྱིར་དུ་འཛིན་གྲྭ་གཞན་ལ་རྡུང་རེས་འཁོན་རེས་བྱས་པའང་གྲངས་མེད་ཡིན། དེ་ནས་ངས་ལོབས་ཕྱོགས་ལྟར་མེ་ཏོག་མཚོ་མོའི་འདུག་སྟེགས་སུ་ལྟ་དུས། མོ་སྔར་ནས་སླེབས་ཟིན་པར་མ་ཟད། སྡོད་གནས་སུ་འགྲེངས་ནས་ཧ་ཅང་ནན་ཏན་གྱིས་ལེགས་བཤད་ཚན་པ་འགའ་བློ་ལ་སྐྱོར་གྱིན་འདུག ངས་ཀྱང་མགོ་རྔ་དང་འཆར་གཞི་གང་ཡང་མེད་པར་ཅོག་ཙེའི་ནང་ནས་སྐད་ཡིག་གི་དཔེ་ཆ་གང་རུང་ཞིག་བླངས་ནས་ཁ་ཕྱེ་སྟེ་མིང་འགྲེལ་སོགས་ལ་མིག་ཉུལ་ཅིག་བྱས་ཏེ་མཆུ་ཏོ་འགུལ་ཙམ་འགུལ་ཙམ་བྱས་ནས་བློ་ལ་སྐྱོར་ཁུལ་བྱས། ངའི་ཕྲག་སྟེང་དང་སྤྱི་གཙུག་ཏུ་བབས་པའི་ཁ་བ་ཞུ་ནས་ཟ་འགྲམ་དང་སྒལ་གཞུང་ནེམ་ཞིང་བརླན་པར་བྱས་བྱུང་།

ཡུད་ཙམ་ནས་མེ་ཏོག་མཚོ་མོ་དང་བཅས་པའི་སློབ་མ་སྐོར་ཞིག་ཕྱི་རོལ་ཏུ་བུད་ནས་དཔེ་ཆ་བློ་ལ་སྐྱོར་གྱིན་འདུག་ཅིང་། ངའི་སྣ་ཐིག་ནི་མེ་ཏོག་མཚོ་མོས་བཟུང་ཡོད་པ་དང་འདྲ་བས། དགེ་རྒན་དང་སློབ་གྲོགས་སུས་ཀྱང་མཉམ་བཞག་མེད་པའི་བར་གླགས་ཤིག་ལ་ཁ་ནང་ལ་གང་བྱུང་གི་ཐ་སྙད་ཅིག་ངག་ནས་ཡང་ཡང་ཟློ་ཞོར་བློར་འཛིན་ཁུལ་གྱིས་ཡུན་གྱིས་ཡུན་གྱིས་སྒོར་བུད་པ་ཡིན། ང་རང་འཚབ་འཚུབ་ཀྱིས་ཕྱི་ལ་ཐོན་པ་དང་མེ་ཏོག་མཚོ་མོས་ནན་ཏན་གྱིས་བློར་འཛིན་ཞོར་ཡར་འགྲོ་མར་འོང་བྱེད་བཞིན་པ་དང་སྒོ་འགྲམ་ནས་འཕྲད་དེ་ཅུང་ཙམ་མིན་ན་གདོང་ཐུག་བརྒྱབ་སོང་བས། ང་རང་གློ་བུར་བའི“དོན་རྐྱེན”འདི་འདྲ་ཞིག་བྱུང་བ་ལ་ཅི་བྱེད་འདི་མེད་པར་ལུས་ཤིང་།གདམས་ངེས་མ་ཟིན་པའི་ཐ་སྙད་མང་པོ་མགྲིན་པའི་སྒོ་ནས་ཁེགས་པས། མོའང་ཅུང་ཙམ་དོགས་མི་བདེ་བའི་ཚུལ་གྱིས་ངོ་གདོང་ཅུང་ཟད་དམར་པོར་གྱུར་ནས་འཛུམ་ཙམ་བྱས་རྗེས་མགོ་བོ་སྨད་དེ་མྱུར་མོར་ཕར་བུད་སོང་། ཕྱི་རོལ་ཏུ་ཁ་བ་འབབ་མཚམས་སྔར་ནས་ཆད་དེ་ཤར་ཕྱོགས་ཀྱི་རི་རྩེ་རུ་འཆར་ཀའི་ཉི་གཞོན་གྱི་དམར་མདངས་མཁའ་ལ་བཀྲ་ནས་འདུག་ཅིང་། ཞག་མ་གཅིག་ལ་དངུལ་དཀར་གྱི་འཇིག་རྟེན་དུ་གྱུར་བའི་ཐག་ཉེ་རྒྱང་གི་རི་ཐང་ཡོད་ཚད་ཀྱང་མེ་ཏོག་མཚོ་མོའི་ངོ་ཚའི་སྐྱེངས་མདོག་གི་ཞལ་རིས་དང་འདྲ་བར་དཀར་ལ་དམར་མདངས་བཀྲ་བ་ཞིག་རེད་དེ། སློབ་གྲོགས་ཚོའི་དཔེ་ཀློག་གི་གདངས་དབྱངས་སྙན་མོས་དཀར་ལ་དམར་མདངས་བཀྲ་བའི་ཞོགས་པ་འདིའི་ཁུ་སུམ་བརྟོལ་ཏེ་དྭངས་གཙང་གི་ཁོར་ཡུག་འདིའི་ཕྱོགས་བཞི་མཚམས་བརྒྱད་དུ་མཆེད་ཅིང་། གཤོག་ཟུང་སྟོབས་ཀྱིས་བརྐྱངས་པའི་བྱ་རྒྱལ་རྒོད་པོ་རེ་གཉིས་ཀྱིས་ཀྱང་གཡའ་དག་པའི་ཨ་སྔོན་དབྱིངས་སུ་ལྡིང་སྐོར་བྱས་ཏེ་ནམ་འཕང་བསྟད་བྱུང་། ངས་ཀྱང་རྒྱང་རིང་ནས་མེ་ཏོག་མཚོ་མོ་མིག་གིས་འཚོ་ཞོར་དྭངས་ལ་བསིལ་བའི་ཞོགས་པའི་མཁའ་དབུགས་རྔུབ་ཀྱིན་རིག་པ་དྭངས་གསལ་གྱིས་མིང་འགྲེལ་རེ་འགའ་བློ་ལ་འཛིན་ཐབས་བྱས་པ་ཡིན།

སློབ་ཐུན་གཉིས་པ་གྲོལ་ནས་སློབ་གསེང་ལུས་སྦྱོང་གི་ཚབ་ལ་ཁ་བ་གཙང་ཕྱགས་བྱེད་དགོས་བྱུང་བས། ལས་ལ་བརྩོན་ཞིང་ཐབས་ཀྱིས་ཕྱུག་པའི་སློབ་གྲོགས་ཚོ་ནི་བྱེའུ་ཁྱུར་འུར་རྡོ་འཕངས་པ་བཞིན་ཁེམ་དང་སྡུད་མ་སོགས་མཁོ་ཆས་རྣམས་ལག་ཏུ་བཟུང་ནས་ཕྱི་རོལ་ཏུ་ཞོགས་སོང་། ངའང་དེ་དག་གི་ཕྱི་རྗེས་འབྲངས་ནས་ཕྱི་རོལ་ཏུ་ཐོན་དུས། ནམ་མཁར་སྤྲིན་བྱེའུ་མགོ་ཙམ་ཡང་མཐོང་རྒྱུ་མེད་པར་རླུང་བུ་འཇགས་ནས་ཉི་འོད་རབ་ཏུ་དྲོ་བས། སློབ་གྲྭའི་ར་སྐོར་ནང་གི་ཁ་བ་མཐུག་པོ་དེའང་ཉི་འོད་འཕྲོ་ཐུབ་ས་ནས་ཡུན་གྱིས་ཞུ་ནས་ཆུ་རུ་འགྱུར་གྱིན་འདུག་པས། འཛིན་གྲྭ་རེ་རེའི་རང་འགན་གྱི་ཁོར་ཡུག་གི་ཁ་བ་འཕྱག་གིན་འདུག་སྟེ། ང་ཚོའི་འཛིན་གྲྭའི་ཁོར་ཡུག་ནི་སྡོང་ར་དང་དེའི་མཐའ་སྐོར་ཡིན་པས། ཉི་འོད་རེག་སའི་ཁ་བ་སྒོར་མོ་སྒོར་མོར་ཞུ་སྟེ་ས་གཞི་བརླན་ཞིང་གཤེར་ནས་ནག་རོག་གེར་འདུག་པ་དེར་བྱེའུའི་ཁྱུ་རྣམས་བབས་ནས་རྒུམ་བུ་འཚོལ་ཞིང་སྐད་སྙན་སྣ་ཚོགས་གྱུར་གྱུར་ངང་སྒྲོག་གིན་འཕུར་ལྡིང་གི་གར་གྱིས་རྩེན་མོད། ང་ཚོ་མཐོང་བ་དང་འུར་གྱི་ལེར་འདྲོགས་ནས་སྡོང་མགོར་བབས་ཤིང་། དེ་ནས་ཀྱང་ཕྱོགས་གཞན་ཞིག་ལ་འུར་གྱི་ལེར་འཕུར་སོང་། སློབ་གྲོགས་ཚོས་རང་རང་ས་ནས་ཚོ་ཁག་བགོས་ཏེ་ཁ་བ་རྡོག་པོ་བྱས་ཏེ་ཁྱེར་བའམ་སྡུད་མས་ཕྱགས་ཤིང་ཁེམ་གྱིས་དེད་ནས། སྡོང་བོ་རེ་རེའི་རྩ་བར་ཁངས་སྤུང་བརྒྱབ་པ་ཡིན། ངའང་སུ་ཞིག་གིས་བསམ་བཞིན་བགོས་པའམ་སྟབས་འགྲིག་པ་གང་ཡིན་མ་ངེས་ཏེ་མེ་ཏོག་མཚོ་མོ་དང་ཚན་ཁག་གཅིག་ཏུ་བགོས་འདུག མོས་སྡུད་མ་ཞིག་བཟུང་ནས་ཧ་ཅང་ཞིབ་ཚགས་ཀྱིས་ཁ་བ་ཕྱགས་ཤིང་ངས་ནི་ཤེད་ཤུགས་ཡོད་དགུ་བཏོན་ནས་ཁངས་སྤུངས་རེ་རེ་ཁེམ་གྱིས་སྡོང་རྩར་བསྐྱལ་ནས་དཔའ་རྟགས་ཤིག་ངོམས་ཅི་ཐུབ་བྱས་པ་ཡིན་ལ། ཡུད་ཙམ་ནས་སློབ་གྲོགས་ཤིག་གིས་ང་རང་བརྗེས་པ་ན་ངའི་སྟོབས་ཤུགས་ཡོད་ཚད་ཕལ་ཆེར་ཟད་ལ་ཉེ་བས།མྱུར་མོར་ལམ་འགྲམ་ཞིག་ལ་རྐུབ་སྟེགས་བྱས་ནས་ངལ་གསོ་དུས།ངའི་སྒལ་གཞུང་དང་མཆན་ཁུང་བཅས་པར་རྔུལ་ཆུས་བརླན་ཞིང་ངོ་གདོང་ཧྲིལ་པོ་ཚ་ལམ་ལམ་བྱེད་ཀྱིན་འདུག་ནའང་། མེ་ཏོག་མཚོ་མོ་ཡིས་ད་དུང་ཞིབ་ཚགས་དང་བྱང་ཆ་ལྡན་པའི་ངང་ནན་ཏན་གྱིས་ཁ་བ་གཙང་ཕྱགས་བྱེད་ཀྱིན་འདུག་ལ།མོའི་མཁུར་ཚོས་ཀྱི་ངོས་སུ་དམར་མདངས་ཆགས་ཤིང་ཟ་འགྲམ་ན་རྔུལ་ཆུའི་ཐིགས་པ་ཆུང་ངུར་འཛུམ་པ་ནི་སྔར་ལས་ཀྱང་ཡིད་སེམས་ཀྱི་དྲན་པ་བརྐུ་བྱེད་ཅིག་ཏུ་གྱུར་འགྲོ།སློབ་གྲོགས་ཚོས་རྩེད་ཞོར་དགོད་ཞོར་ལ་ཁ་བ་དེད་ནས་སྡོང་བོ་རེ་རེའི་རྩ་བར་སྤུངས་ཏེ་དཀར་ཕུང་ཕུང་དུ་འདུག་ཅིང་། གློ་བུར་གར་ཡོང་མི་ཤེས་པའི་རླུང་བུ་འཇམ་པོ་ཞིག་གིས་སྡོང་བོའི་ཡལ་ག་དལ་བུར་བསྒུལ་བ་ན་སྲིབ་ངོས་ཀྱི་ཡལ་གར་ཐོགས་པའི་ཁ་བའི་འདབ་མ་རྣམས་ལྷབ་ལྷུབ་ངང་འོག་གི་སློབ་མ་རྣམས་ཀྱི་མགོ་དང་སྐེད་ཁུག ས་གཞི་བཅས་ལ་འཐོར་བས་སློབ་རའི་ཁོར་ཡུག་ལ་སློབ་གྲོགས་ཚོའི་རྩེད་དགོད་ཀྱི་སྒྲ་དབྱངས་སྙན་མོ་ཞིག་གིས་ཁྱབ་སོང་། ང་རང་ལམ་འགྲམ་དེར་ཙོག་པུར་བསྡད་ནས་སྡོང་རའི་ཡུལ་ལྗོངས་ལ་གཡེང་། སྡོང་བོ་རྣམས་ནི་རྩ་བ་ས་གཞིའི་གཏིང་ལ་ནུབ་ཀྱང་རྩེ་མོ་བར་སྣང་དབྱིངས་སུ་སྙེག་པའི་སྙིང་སྟོབས་འཆང་མཁན་ཞིག་སྟེ། ཚང་ཚིང་དུ་སྐྱེས་པའི་སྡོང་བོ་རྣམས་ནི་ཕྱི་བལྟས་ཀྱིས་ཁེར་རྐྱང་དང་རང་ཚུགས་ཀྱིས་འགྲེངས་ནས། ཁ་ཆར་བུ་ཡུག་གི་རྡུང་རྡེག་བཟོད་སྒོམ་གྱིས་སྐྱེལ་མཁན་ཞིག་ཡིན་པར་རློམ་ནའང་། ཕྱི་རུ་མི་མངོན་པའི་ས་གཞིའི་བརླན་བཤེར་གྱི་རུམ་ཁོང་དུ་བརྐྱངས་པའི་རྩ་ལག་ཉིང་ལག་ནི་ཀུན་དང་འབྲེལ་ཞིང་སྦྲེལ་ནས་ཡོད་པ་ཞིག་ཡིན་པས། མི་ཚོགས་ཀྱི་འདུ་འཛི་རབ་ཏུ་རྒོད་ཅིང་མི་རེ་རེ་ནི་ཁེར་རྐྱང་ཡིན་པ་བདེན་དུ་ཆུགས་ཀྱང་། མི་མངོན་པའི་དབྱིངས་སུ་འཛིང་ཞིང་བསྣོལ་བའི་ལས་དང་སྨོན་ལམ་གྱི་ཐ་གུ་ནི་སུས་ཀྱང་ཆོད་ཐབས་མེད་པ་ཞིག་རེད་ཨང་། ངས་ནི་དེ་ལྟར་སེམས་ཀྱིན་སྡོང་བོའི་འོག་ཏུ་ཁ་བ་གཙང་ཕྱགས་བྱེད་ཀྱིན་པའི་ང་ཚོའི་ཚོ་ཆུང་ནང་གི་མེ་ཏོག་མཚོ་མོ་ལ་ལྟ་དུས། ང་ཚོའི་འཛིན་གྲྭའི་ནང་གི་འདྲེ་མགོ་རྡོ་ཟེར་བའི་པྲ་ཆལ་སྤྲེའུ་འདྲ་བ་ཞིག་ཡོད་པ་དེས་མོའི་སློབ་ལྭའི་གོང་བའི་ནང་ལ་ཁ་བ་རྡོག་པོ་ཞིག་བཙན་གྱིས་བརྫངས་ཏེ་སྡོང་བོའི་བར་གསེང་བསྐོར་ནས་བྲོས་སོང་བ་དང་། མེ་ཏོག་མཚོ་མོས་ཅུང་ཟད་སུན་སྣང་དང་དོགས་མི་བདེ་བའི་ཉམས་ཀྱིས་ཁ་བ་དེ་ཕྱིར་ལེན་པར་འབད་ཀྱིན་འདུག་པས། ངས་ཀྱང་མིག་གི་གཏད་ཡུལ་བརྗེས་ཏེ་ཞེ་ནས་མོའི་ལུས་པོའི་ཕྱི་ནང་གི་གནས་གང་ཞིག་བརླན་ཡོད་དམ་སྙམ་ནས་སེམས་ཁྲལ་ལྟ་བུའི་འཆར་ཡན་སྣ་ཚོགས་བྱས།

འཛིན་གྲྭའི་སློབ་གྲོགས་རྣམས་ཀྱི་ཐབས་དང་ཤེས་རབ་ལ་བསྟེན་ནས་སློབ་གསེང་ལུས་སྦྱོང་གི་དུས་ཚོད་དང་ཐུན་གསུམ་པའི་ཕྱེད་ཀ་ནི་ཁ་བ་གཙང་ཕྱགས་ཀྱི་ལས་ལ་འབད་ནས་འདས་སོང་ལ། ཐུན་གཅིག་འདི་ལྟར་བསྐྱལ་ཐུབ་སོང་བ་ནི་ང་རང་ཐེ་བའི་སློབ་གྲོགས་རེ་གཉིས་ལ་མཚོན་ན་དོན་བཟང་རྟས་མི་ཁུག་པ་ཞིག་ཡིན་པས། དགའ་ཡང་དགའ་ལ་སྤྲོ་ཡང་སྤྲོའོ།།

ཐུན་བཞི་པའི་ཚོགས་བརྡ་གྲག་མ་ཐག དགེ་རྒན་སྟོབས་ལྡན་ཁྲིད་སྟེགས་སུ་སླེབས་ཤིང་ཧ་ཅང་གཟབ་ནན་གྱིས་འཛིན་གྲྭའི་ནང་ཡོངས་ལ་མིག་བཤེར་ཞིག་བྱས་རྗེས“དེ་རིང་ང་ཚོའི་ཁྲིད་བྱའི་སློབ་ཚན་ནི་སློབ་ཚན་བདུན་པ་སྟེ་ཧྥ་རན་སིའི་རྩོམ་མཁན་གྲགས་ཅན་ཏུའུ་ཏེ་ཡིས་བརྩམས་པའི《མཇུག་མཐའ་སློབ་ཐུན་གཅིག》ཅེས་པ་འདི་རེད” ཅེས་སློབ་ཚན་གྱི་ཁ་བྱང་དེ་ཡིག་གཟུགས་གྲ་དག་ལ་ནན་ཏན་གྱིས་སྒོ་སམ་གྱི་དཀྱིལ་དབུས་སུ་བྲིས་པ་དང་།“སློབ་ཚན་འདི་ནི་ཧྥ་རན་སིའི་ཨར་ས་སི་ས་ཆ་ཕུ་རུ་སེན་གྱི་དམག་གིས་བཙན་བཟུང་བྱས་རྗེས།དགེ་སློབ་ཚོས་ཧྥ་རན་སིའི་སྐད་ཡིག་གི་མཇུག་མཐའི་སློབ་ཐུན་གཅིག་བྱས་པའི་རྣམ་པ་དེ་བུ་ཆུང་ཧྥི་ལང་ཧྲི་ཡི་ངག་སྒོ་བརྒྱུད་ནས་ཞིབ་འབྲི་བྱས་པ་ཞིག་རེད”ཅེས་སློབ་ཚན་གྱི་ལོ་རྒྱུས་རྒྱབ་ལྗོངས་སྐོར་ཞིག་ངོ་སྤྲད་རྗེས།སློབ་ཁྲིད་དངོས་ལ་དྲངས་སོང་། ངས་རྒྱུན་ལྡན་དུ་ཡང་བླ་འཁྱམས་སོང་བ་བཞིན་སློབ་ཁྲིད་གང་ལའང་བློ་སེམས་རྩེ་གཅིག་གིས་མཉན་མྱོང་མེད་པར། ཚོགས་བརྡ་གྲག་མ་ཐག་ནས་རྣམ་ཤེས་ནི་སྤང་ལ་ཡན་པའི་རྟ་ཕོ་བཞིན་གང་སར་འཁྱམས་ནས། གྲོལ་བརྡ་གྲག་དུས་མ་གཏོགས་ཕྱིར་སློབ་ཁང་དུ་སླེབས་མྱོང་མེད་པས། དགེ་རྒན་ཚོས་ཀྱང་ལུས་པོ་སློབ་ཁང་དུ་ལུས་ཀྱང་སེམས་པ་རྒྱ་སྲང་དུ་ཤོར་བའི་སློབ་མ་མདོ་མེད་ཅིག་ཏུ་བརྩིས་ཡོད་དེ། འཛིན་གྲྭའི་ནང་གི་ཨུ་ཐུག་ཐབས་ཟད་ཀྱི་ཚེ་ཐར་གཅིག་པུའང་ང་རང་ཡིན། ཐོག་མར་ཁ་བ་གཙང་ཕྱགས་སྐབས་ཀྱི་རྩེད་དགོད་སྣ་ཚོགས་ཀྱི་འཕྲོ་ལ་གཡེང་ཞིང་། དེ་ནས་ཕྱི་རོལ་གྱི་སྡོང་ར་དང་བཅས་པའི་ཁ་བའི་འཇིག་རྟེན་དེ་དྲན་པའི་ཁྲོད་དུ་བསུས་ནས། གཉིད་ལྕོག་རྒྱག་པའི་ངན་གོམས་དེ་ཡང་བརྗེད་པར་གྱུར། དེ་ནས་ངའི་དྲན་པ་རྐུ་བའི་སློབ་གྲོགས་མེ་ཏོག་མཚོ་མོ་ནི་ངའི་མདུན་གྱི་གྲལ་ཤར་གཉིས་པ་ཡིན་པས། མོའི་རྒྱབ་གཟུགས་ལ་བལྟས་ཏེ་ཁོམ་དྲག་པའི་སེམས་པ་རི་ལ་གཏོང་རྒྱུ་ནི་ང་ལ་དབང་བའི་བདེ་སྐྱིད་ཀྱི་ཉི་ཟེར་ཉག་གཅིག་ཡིན། མེ་ཏོག་མཚོ་མོས་མཚམས་ཤིག་ལ་གྲལ་མཚེས་གསར་བུ་སྣང་མཐོ་དེ་དང་ཅི་ཞིག་རྣ་ཤུབ་བྱས་རྗེས་མུ་མཐུད་ནས་མགོ་བོ་དགྱེ་སྟེ་ཁྲིད་སྟེགས་དང་སྒོ་སམ་ལ་ལྟ་ཞོར་ཟིན་བྲིས་འདེབ་ཅི་ཐུབ་བྱེད་ཀྱིན་འདུག མོའི་གནག་སྣུམ་གྱི་སྐྲ་ལོ་རིང་བོ་ནི་དྲང་ལ་ལྡེམ་པའི་ངང་རྒྱབ་ཏུ་དཔྱངས་འདུག་ཅིང་། མགོ་བོ་དགྱེ་སྒུར་དང་བསྟུན་ནས་མོའི་དག་གཙང་གི་སློབ་ལྭའི་སྟོད་གོས་ཀྱི་དཀར་ཆ་ཟུར་གསུམ་སྣོལ་སའི་སྲུབས་ཀ་བརྒལ་ཏེ། སྨུག་མདོག་གི་རྦབ་ཆུ་ཞིག་གཡང་གཟར་ལས་འབབ་པ་ལྟར། མོའི་རྒྱབ་གཞུང་ནས་ཐུར་དུ་ཤམ་བུར་སྐྱོད་ཀྱིན་འདུག གློ་བུར་དུ་ངའི་གདོང་བའི་ཁུག་ལ་ས་སྨྱུག་གམ་དངོས་པོ་ཆུང་ངུ་ཞིག་གིས་ཐག་སེ་བཏང་བྱུང་བས། མྱུར་མོར་ཞེད་སྣང་དྲག་པོས་ཁྲིད་སྟེགས་སུ་ལྟ་དུས། དགེ་རྒན་སྟོབས་ལྡན་གྱིས་ང་ལ་ཁྲོ་ཉམས་ཀྱིས་བལྟས་ཏེ། “བུ་ཆུང་ཧྥུ་ལང་ཧྲི། ཁྱེད་ཀྱི་སྐད་ཡིག་ནི་མེ་ཏོག་མཚོ་མོའི་སྐྲ་ལོའི་ནགས་གསེབ་ནས་བོར་སོང་བ་ཡིན་ནམ”ཟེར། ང་རང་སྐྲག་སྣང་གིས་ཡར་ལངས་ཞོར་དཔེ་ཆའི་ཁ་འབྱེད་ཅི་ཐུབ་བྱས་པ་ཡིན་ལ། ནམ་རྒྱུན་ལྟར་ན་ང་རང་འདི་འདྲའི་གནས་ཚུལ་ལ་འཕྲད་ཐེངས་རེ་རེར། སློབ་གྲོགས་ཚོ་ཧབ་ཆ་དིར་རེར་འགྲོ་བས་དགེ་རྒན་གྱིས་སྐད་ཅོར་བརྒྱབ་སྟེ་འགོག་དགོས་མོད། དེ་རིང་ནམ་རྒྱུན་དང་མི་འདྲ་བར་སློབ་གྲོགས་རེ་རེའི་མིག་ཟུང་གིས་འཚེར་སྣང་དང་བཅས་ང་ལ་སྡང་མིག་ཙམ་མམ་ལྐོག་ལྟ་རེ་བྱས་རྗེས་ཧ་ཅང་ལྷིང་འཇགས་ཀྱིས་འདུག་པས། ང་རང་དོགས་མི་བདེ་བ་ཞིག་བཟོས་སོང་ལ། མེ་ཏོག་མཚོ་མོའང་དེ་བཞིན་ཡིན་ངེས། དེའི་རྗེས་ལ་དགེ་རྒན་ནི་རྒྱ་སྟག་ངར་མ་བཞིན་ངའི་སྟེང་ལ་མཆོངས་ནས་ཡོང་ངེས་ཡིན་སྙམ་ཡོད་མོད། དེ་རིང་བློ་ཡིད་ལས་འདས་པ་ཞིག་ལ་དེའང་བྱུང་མ་སོང་། དགེ་རྒན་གྱིས“འུ་ཚོས་མཉམ་དུ་མཇུག་གི་ཚན་པ་ཐུང་ངུ་འདི་ལ་མཉམ་དུ་བལྟ”ཞེས་མུ་ནས་སློབ་ཁྲིད་ཀྱི་འཕྲོ་བསྐྱངས། ངས་ཡུན་གྱིས་ལྐོག་ནས་དགེ་རྒན་ལ་ལྟ་དུས། དེ་རིང་ནི་ནམ་རྒྱུན་དང་མི་འདྲ་བར་དགེ་རྒན་གྱིས་ནན་ཏན་དང་བརྩེ་སེམས་ལྡན་པའི་ངང་སློབ་ཚན་གྱི་ཐ་སྙད་རེ་རེ་དང་ཡིག་འབྲུ་རེ་རེ་ཡི་མདུད་པ་གྲོལ་གྱིན་གསལ་དག་སྙན་གསུམ་གྱིས་ཀློག་གིན་འདུག་ལ། ཁོང་གི་མཆུ་འདབས་ཀྱི་གཡས་གཡོན་གཉིས་སུ་ཝུ་བ་དཀར་སོབ་སོབ་ཅིག་ཆགས་ནས། ཐར་ཐོར་དུ་སྐྱེས་པའི་ཁ་སྤུ་དེ་ཚོའང་ཅུང་ཟད་བརླན་འདུག་ཅིང་། ཟ་འགྲམ་དང་དཔྲལ་ངོས་སུ་རྔུལ་ཆུའི་ཐིགས་པ་ཆུང་ངུ་མང་པོ་འོད་ཀྱིག་ཀྱིག་གིས་འཛུམ་ཞིང་སྐྲ་འདབས་བརླན་འདུག ཁོང་གི་སྐད་མགོ་སྔར་ལས་ཀྱང་མཐོ་ལ་བརྗིད་པས། ཁོང་གི་ཉམས་འགྱུར་དེས་སློབ་གྲོགས་ཚོར་ཡིད་འགུལ་ཐེབས་པའམ་འཇིགས་སྣང་བསླངས་པ་གང་ཡིན་མ་ངེས་ཀྱང་། མིག་ཟུང་རེ་རེ་བརླན་བཤེར་གྱིས་ཟིན་ནས་གཡོ་བ་མེད་པར་ཕྱོགས་གཅིག་ཏུ་བལྟས་ནས་འདུག་ཅིང་། བློ་རྩེ་གཅིག་སྒྲིམ་གྱིས་སྒོ་སམ་སྟེང་གི་ཡི་གེ་རེ་རེ་ཟིན་བྲིས་སུ་འདེབ་པ་ལས། གློ་ལུ་ཙམ་གྱི་སྒྲ་ཡང་གོ་རྒྱུ་མི་འདུག དགེ་རྒན་གྱིས“དེ་རིང་སློབ་ཚན་གྱི་ནང་དོན་སྤྱི་ཁོག་ལ་ཚིག་འགྲེལ་ཙམ་བྱས་ཟིན། སང་ཉིན་ང་ཚོས་མཉམ་དུ་སློབ་ཚན་དབྱེ་ཞིབ་བྱེད། དེ་ལས་གཞན་ཁྱེད་ཚོས་སློབ་ཚན་འདི་དང་འབྲེལ་བའི་བརྗོད་པ་ཐུང་ངུ་རེ་ཕྲིས་དང་།སང་ཉིན་སློབ་ཁྲིད་སྐབས་ཞིབ་བཤེར་བྱེད”ཅེས་བཤད་རྗེས། གྲོལ་བརྡ་བཏང་བྱུང་།ཉིན་གུང་གི་ཉི་མ་དྲོ་སྐྱིད་ལྡན་པ་ཞིག་ཡིན་པས། ངས་རྩལ་སྦྱོང་ར་བར་སྐོར་བ་ཞིག་བརྒྱབ་མོད། རྩེད་རོགས་དང་རྩེད་ཆས་ང་ལ་འཕྲོད་པ་ཞིག་མི་འདུག སློབ་གྲྭའི་ར་སྐོར་ཕྱི་ཡི་སྲང་ལམ་གྱི་ཟ་ཁང་རེ་རེ་ནས་མཆེད་པའི་གླུ་སྐད་སྙན་མོ་ཡིས་སྔོ་ཚོད་ཀྱི་དྲི་མ་སྟུག་པོ་ཞིག་ཁྱེར་ནས་སླེབས་ཡོང་བས། ང་རང་སློབ་གྲྭའི་ར་སྐོར་ལས་མཆོངས་ཏེ་སྲང་ལམ་ཧྲིལ་པོར་སྐོར་ཉུལ་ཞིག་བྱས་ན་བསམས་མོད། ཨམ་ཕྲག་སྟོང་བ་ཡིན་པས་དེ་ཡང་ཕན་མེད་གནོད་མང་གི་ལས་ཀ་ལྷག་མ་ཞིག་ཡིན་པ་ཤེས། དེ་ནས་ཅི་བྱེད་འདི་བྱེད་མེད་པར་ཡར་མར་ལ་ཁ་གཡེང་མིག་གཡེང་བྱེད་ཞོར་སློབ་ཁང་ནང་ལ་སླེབས་པས། སློབ་ཁང་ན་མེ་ཏོག་མཚོ་མོ་གཅིག་པུས་ཅི་ཞིག་འབྲི་བཞིན་འདུག ང་རང་དགའ་ལ་ཐེ་ཚོམ་གྱིས་གདུང་ནའང་རྐང་བ་གཉིས་ཀ་དགེ་རྒན་སྟོབས་ལྡན་ལ་འཕྲད་པ་ལྟར་ངའི་ངག་བཀོད་ལ་མི་ཉན་པར་ལས་ཀྱི་རླུང་གིས་རྒྱབ་ནས་དེད་པ་ལྟར་གྱུར། མོའི་ཉེ་གམ་བརྒྱུད་ནས་ང་རང་གི་འདུག་གནས་སུ་འགྲོ་སྐབས། མོས་མདུན་གྱི་ཤོག་བུ་དེ་ལག་གཡོན་པའི་གྲུ་མོས་མནན་ཅིང་མགོ་བོ་དགྱེས་ཏེ་འཛུམ་ཙམ་གནང་སོང་བས། ང་ནི་ཅི་འདི་མེད་པར་ལུས་ཕུང་ཧྲིལ་པོར་ཚ་ལམ་ལམ་བྱེད་ཀྱང་ཅི་ཡང་མ་བྱུང་བའི་ཁུལ་གྱིས་ཨུ་ཚུགས་ནན་ཏན་བྱས་ཏེ་ཡུན་གྱིས་རང་གི་འདུག་གནས་སུ་བསྡད། མགོ་བོ་ཅོག་ཙེ་ལ་བསྙེས་ནས་གཉིད་ཐུན་གཅིག་བླངས་ན་བསམས་མོད། བློ་འཚབ་དང་དགའ་སྣང་། ད་དུང་ཅི་ཞིག་བཤད་འདོད་ཀྱི་ཐེ་ཚོམ་སྣ་ཚོགས་ཀྱིས་སེམས་ཁ་བདེ་ལ་འབབ་ཐུབ་ཀྱིན་མི་འདུག

ཡུད་ཙམ་གྱི་རྗེས་ནས་ངའི་ལག་པ་ཡང་མོར་སྒུལ་གྱིན་སྐད་ངག་འཇམ་པོ་ཞིག་གིས་ང་རང་འབོད་བཞིན་འདུག་སྟེ། མགོ་བོ་དགྱེས་ནས་ལྟ་དུས་མ་གཞིར་མེ་ཏོག་མཚོ་མོ་ངའི་མིག་མདུན་དུ་ལངས་འདུག་པས། རྨི་ལམ་མམ་མངོན་སུམ་གང་ཡིན་ལ་ཐེ་ཚོམ་གྱི་དཔྱངས་ཐག་མ་ཆོད་པར་ཡོད་དུས། མོའི་འདྲོགས་ལ་དགའ་བའི་རི་དྭགས་ལྟ་བུའི་མིག་ཟུང་གིས་ཐད་ཀར་ངའི་གདོང་ལ་ལྟ་མི་ཕོད་པར་མདུན་ཅོག་གམ་རྐུབ་སྟེགས་གང་རུང་ལ་དམིགས་མེད་དུ་ལྟ་ཞོར། ངག་འཁྲོལ་མི་འཁྲོལ་གྱིས“ངས······ ངས་ཁྱོད་ལ་ཅིག་སྟེར།ཁྱེད་ཀྱིས་གཞན་སུ་ལའང་བསྟན་མི་ཆོག”ཟེར། ངས་ཅི་བཤད་འདི་བཤད་མེད་པར“ཡ་ཡ་ཡ”ཞེས་ལན་བཏབ་པ་ན། མོས་འཇམ་ཞིང་མཉེན་ལ་རློན་བག་ཆགས་པའི་ལག་ཟུང་གིས་ངའི་ལག་པ་གཡས་པ་བཟུང་ཞིང་ལག་གཡོན་པས་ལྟེབ་ཆགས་བཏང་བའི་ཤོག་བུ་ཞིག་ངའི་ལག་མཐིལ་དུ་བཞག་སྟེ་སྤར་ཁ་བསྡམས་པ་དང་། མོའི་ངོ་གདོང་ནི་དམར་པོ་དམར་རྐྱང་དུ་གྱུར་འདུག་ཅིང་། མྱུར་མོར་ཁ་ཕྱིར་འཁོར་ནས་སྒོ་ཁར་གཟས་ཏེ་བྲེལ་འཚུབ་ཀྱིས་སོང་བས། ང་ནི་བློ་ཡིད་ལས་འདས་པའི་མོའི་བྱེད་སྟངས་དེར་ཧ་ལས་པར་མ་ཟད། གནོན་མི་ཐུབ་པའི་སེམས་ཀྱི་དགའ་ཚོར་གང་དེས་ཐོག་གིས་བརྒྱབ་པ་ལྟར་སྤྱི་གཙུག་ནས་རྐང་མཐིལ་བར་སྦྲིད་གྱི་ལེར་བཏང་བས། ཡུན་རིང་ལ་སྨྲ་བ་འགག་ཅིང་ཧད་དེ་ལུས་སོང་།

ཡུད་ཙམ་ནས་དྲན་པ་རྙེད་དུས་མེ་ཏོག་མཚོ་མོ་ཡང་སློབ་ཁང་དུ་མི་སྣང་ལ། ང་རང་གཅིག་པུ་སློབ་ཁྲིད་སྐབས་དགེ་རྒན་གྱི་ཆད་པར་ཐོགས་པ་བཞིན་ཀེར་རེར་འགྲེངས་འདུག དེ་ནས་རྔམས་སྟབས་ཀྱིས་སྒོ་དང་སྒེའུ་ཁུང་སོགས་ལ་མིག་ཉུལ་བྱེད་ཞོར། མོས་ང་ལ་སྤྲད་པའི་ཤོག་ལྷེ་དེའི་ལྟེབ་ཆགས་བཤིག་མགོ་བརྩམས། ཤོག་ལྷེ་དེ་མེ་ཏོག་མཚོ་མོ་དང་ངེད་གཉིས་ཀྱིས་སྔ་གཞུག་བྱས་ཏེ་སྤར་མོའི་ནང་བསྡམས་པས་ཡིན་ནམ། གང་ལྟར་བརླན་ཞིང་གཤེར་ནས་ལྟེབ་ཆགས་ཤོར་བའི་ཤུལ་རྗེས་དག་ཀྱང་གསལ་པོར་མངོན་པར་མ་ཟད། ཤོག་བུ་དེ་འཇམ་ཞིང་མཉེན་པར་གྱུར་འདུག་པས། ལྟེབ་ཆགས་རེ་རེ་བཤིག་དུས་སེམས་ཆུང་མ་བྱས་ན་རལ་སྐྱོན་འབྱུང་ཉེན་ཆེ་བ་ཞིག་རེད། དངོས་གནས་སྐབས་འདིར་དགའ་བའམ་སྐྲག་སྣང་གང་རུང་གིས་སྙིང་ཁམས་གཙེས་ཏེ་ལག་ཟུང་འདར་བ་ནི་དགེ་རྒན་སྟོབས་ལྡན་གྱིས་དཀྱིལ་རྒྱུགས་དང་མཇུག་རྒྱུགས་ཀྱི་རྒྱུགས་འབྲས་སྤྱི་སྡོམ་སྐབས། ངའི་མིང་ནས་བོས་ཏེ་རྒྱུགས་ཤོག་ལག་ཏུ་སྤྲོད་པའི་སྐབས་དང་འདྲ་བོ་འདུག ཁྱད་པར་དུ་བཤད་ལ་དགའ་བའི་སློབ་གྲོགས་འདྲེ་མགོ་རྡོ་སོགས་ཀྱིས་མཐོང་ན་ཅི་བྱ་བསམས་ནས་ཀྱང་རྐང་བས་ས་མི་ནོན་པའི་ཚོད་དུ་སླེབས་སོང་།

མེ་ཏོག་མཚོ་མོས་སྤྲད་པའི་ཤོག་ལྷེ་ཁ་གང་དེའི་ཁ་ཕྱེ་དུས། ཁ་བྱང་ལ《ཁྱེད་དང་ང》ཞེས་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀྱིས་བྲིས་འདུག་ལ། དེ་ནི་དེ་རིང་དགེ་རྒན་སྟོབས་ལྡན་གྱིས་སློབ་ཚན་གྱི་ཁ་བྱང་སྒོ་སམ་དུ་བྲིས་པ་བཞིན་ཡིག་གཟུགས་ལེགས་ལ་གྲ་དག་པ་ཞིག་རེད། དེའི་གཤམ་དུ་ཚོན་མདོག་གི་མེ་ཏོག་འདབ་མ་དྲུག་ཏུ་བཞད་པ་ཞིག་བྲིས་ཤིང་། ལོ་འདབ་འཁྲུངས་ཤིང་སྦོམ་ཕྲ་སྙོམས་པའི་གཞུང་རྟ་ནི་སྔོ་ལྡེམ་མེར་འཁྱིལ་བའི་མཚོའམ་མཚེའུ་ཞིག་གི་འཇིངས་སུ་ནུབ་འདུག་ལ། མཚོའམ་མཚེའུ་དེའི་ཆུ་གཉེར་གྱི་རླབས་རིས་ནི་མེ་ཏོག་གི་གཞུང་རྟ་ལ་བསྐོར་ནས་རིམ་གྱིས་གཅིག་རྒྱབ་གཅིག་གིས་མནན་ནས་མཐའ་ལ་རེག་པ་ཞིག་རེད། མེ་ཏོག་དེའི་སྟེང་ཕྱོགས་སུ་མཐོ་དམའ་རན་པའི་གཡུ་ཡི་སྦྲང་མ་གཉིས་འཕུར་ལྡིང་གི་གར་གྱིས་རྩེན་ཅིང་། འཕུར་བའི་ཁ་ཕྱོགས་ཀྱང་གཅིག་ཏུ་བྲིས་འདུག་ལ། དེ་ཡི་སྟེང་ཕྱོགས་སུ་གཡའ་དག་པའི་ནམ་མཁའ་སྔོན་པོའི་འོག་ཏུ་ཉི་མ་སེར་པོ་ཞིག་དང་སྤྲིན་དཀར་ཕང་ཕུང་དུ་གཡོ་བ་བྲིས་འདུག མེ་ཏོག་གི་གཡས་གཡོན་མདུན་རྒྱབ་ཏུ་མེ་ཏོག་ཆུང་ངུ་དང་རྩི་ཤིང་ལྡེམ་ལྡེམ་བྱེད་ཅིང་། རྒྱང་རིང་ན་སྔོ་ལྗང་གི་རི་བོ་རེ་འགའ་ཕྲེང་ལ་བསྒྲིགས་འདུག་པ་བྲིས་ཡོད་པས། ཞིབ་ལ་གསོན་ཉམས་ལྡན་པ་ཞིག་རེད་ཨང་། ངས་མྱུར་མོར་ཞིབ་ལྟ་ཞིག་བྱས་རྗེས་ཕྱིར་ཨམ་ཕྲག་ཏུ་བཅུག་ཀྱང་དེ་ནས་བློ་བདེ་དེ་ཙམ་མ་བྱུང་བས། ཕྱིར་ལག་པར་བླངས་ནས་ཞིབ་འདང་ཞིག་བརྒྱབ་རྗེས། དཔེ་ཁུག་གི་ནང་ཕྱོགས་ཀྱི་ཁུག་མར་བཅུག

མེ་ཏོག་མཚོ་མོའི་མེ་ཏོག་གི་རི་མོ་དཔེ་ཁུག་ཏུ་བཅུག་རྗེས་ང་རང་ཡར་ལངས་ཏེ། སྒེའུ་ཁུང་ཁར་ཕྱིན་པ་ན་སེམས་ཁམས་སྤྲོ་ཡལ་ལེ་འདུག་ཅིང་ལུས་ཁམས་ཀྱང་ཡང་སོར་ལྡན་པ་ཞིག་ཏུ་སྣང་། ངེད་འཛིན་གྲྭའི་སློབ་ཁང་ནི་སུམ་ཐོག་ན་ཡོད་པས། སྒེའུ་ཁུང་ལས་ཕྱི་རོལ་ལ་གཡེང་དུས་རྫོང་མཁར་ཧྲིལ་པོ་མཐོང་ཐུབ་པར་མ་ཟད། མཐའ་འཁོར་གྱི་རི་ཐང་གཉིས་ཀའང་ལག་མཐིལ་དུ་བླངས་པ་བཞིན་གསལ་པོར་མཐོང་ཐུབ། མདང་ནུབ་བབས་པའི་ཁ་བ་སྟུག་པོ་དེ་ཕལ་ཆེར་ཞུས་ཟིན་ནའང་རི་བོའི་རྩེ་མོར་དངུལ་དཀར་གྱི་ཅོད་པན་མནབས་འདུག་ཅིང་། ཉི་འོད་མི་འཕྲོ་སའི་སྲིབ་འཁྱག་དག་ན་ད་དུང་དཀར་ལམ་ལམ་ཆགས་འདུག སློབ་ཁྲིད་ཐོག་ཁང་གི་ཡང་ཐོག་གི་ཁ་བ་ཞུ་ནས་ཆུ་རུ་གྱུར་ཏེ་ཁང་བའི་བྱ་འདབ་ཀྱི་ཆུ་སྦུག་བརྒྱུད་ནས་ཕལ་ཆེར་ཐང་ལ་བབས་ཚར་བས། ད་ནི་ཆུ་ཐིགས་རེ་འགའ་ཆུ་སྦུག་གི་སྣེ་ན་ཡུན་གྱིས་སར་ཟགས་ཀྱིན་འདུག ཁ་བས་ས་རྡུལ་དང་བཅས་པའི་མི་གཙང་བ་མནན་ཅིང་དགུན་ཟླ་འབྲིང་པོའི་ས་གཞི་ཀུན་ལ་ཆུ་ཡིས་བྲན་ནས་བརླན་ཙར་ཙར་དུ་བཏང་བས། དབྱིག་འཛིན་མའི་བཞིན་རས་ལ་བྱི་དོར་ཐེངས་ཤིག་བྱས་ཏེ། དགུན་གྱི་བུ་མོས་དཔྱིད་ཀྱི་ན་ཆུང་སྦྲུམ་པའི་རེ་བའི་འོད་སྣང་བསྩལ་བྱུང་། ངས་འདི་ལྟར་བསམས་བྱུང་སྟེ། མེ་ཏོག་མཚོ་མོས་ང་ལ་ཕུལ་བའི་མེ་ཏོག་གི་ས་བོན་ཡང་དབྱིག་འཛིན་མ་མའི་རུམ་ཁོང་དུ་ཉར་ནས་ཁ་བའི་བརླན་བཤེར་དང་འཕྲད་དེ། དཔྱིད་ཀྱི་སྒེག་མོ་མི་ཡུལ་དུ་ཕེབས་དུས་སྲ་ཞིང་འཐུས་པའི་ས་ཤུན་རེ་རེ་བརྟོལ་ཏེ་མི་ཡུལ་གྱི་ལྟད་མོར་ཕེབས་ངེས་པར་མ་ཟད། གནས་འདིའི་ཆུ་ལུད་དྲོད་གསུམ་གྱིས་བསྐྱངས་པའི་འབྲས་བུ་རེ་རེའང་ཕྱིར་གནས་འདིའི་བརླན་བཤེར་གྱི་པང་དུ་ས་བོན་རྡོག་པོ་རེ་རེར་འགྱུར་བར་ཐེ་ཚོམ་བྲལ། དེ་ཡི་ཕྱིར་ན་དགེ་རྒན་སྟོབས་ལྡན་གྱི་མཆུ་འདབས་སུ་བཞད་པའི་ཝུ་བའི་མེ་ཏོག་དང་དཔྲལ་ངོས་སུ་འཛུམ་པའི་རྔུལ་ཆུའི་མུ་ཏིག་གི་དོག་པ་རེ་རེའི་བརླན་བཤེར་གྱིས་ཀྱང་མི་ཡུལ་དུ་མཐའ་དང་ཟད་དུ་མེད་པའི་ཆུ་ཡི་རླབས་རིས་བཞིན་གཅིག་རྗེས་གཅིག་གིས་མཐུད་པའི་ཡིད་འོང་དྲི་ཞིམ་གྱི་མེ་ཏོག་སྣ་མང་བཞད་དུ་འཇུག་ངེས་སྙམ།