ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཝུའུ་ཞའོ་ཅུན་གྱིས་ཞུན་ཧྭ་རྫོང་དུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྐབས་ནན་གྱིས་བསྟན་དོན།

དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་འགན་འཁྲི་ཕྲག་ཏུ་ལེན་དགོས།

ཝུའུ་ཞའོ་ཅུན་གྱིས་ཞུན་ཧྭ་རྫོང་དུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྐབས་ནན་གྱིས་བསྟན་དོན།

ཟླ6པའི་ཚེས8ཉིན།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྐབས་ནན་གྱིས་བསྟན་དོན།བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་དགོས་ལ།སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་ལེན་པའི་ཁྲོད་ནས་བསམ་བློ་དང་འདོད་བློ་དང་འགུལ་སྐྱོད་བཅས་གཅིག་གྱུར་ཡོང་བར་བྱེད་པ་དང་། དངོས་འབེབས་ནན་ཏན་དང་ཞིབ་ཚགས་བྱེད་པའི་ཁྲོད་ནས་ཁ་ཕྱོགས་དང་ལས་འགན་དང་བྱེད་ཐབས་བཅས་གསལ་པོ་ཡོང་བར་བྱེད་པ། སྣེ་ཁྲིད་དཔེ་སྟོན་བྱེད་པའི་ཁྲོད་ནས་གོང་བུར་འགྲིལ་ཤུགས་དང་རྩ་འཛུགས་ནུས་ཤུགས་དང་འཐབ་འཛིང་ནུས་ཤུགས་བཅས་ཇེ་དྲག་ཏུ་གཏོང་བ།དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལག་ལེན་ཁྲོད་འགན་འཁྲི་ཕྲག་ཏུ་ལེན་པར་འབད་པ་བཅས་བྱས་ཏེ།བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས།

ཁྲ་ཧན་ཏུའུ་སི་ཞང་གི་ཧུང་ཀོང་སྡེ་བ་རུ། ཝུའུ་ཞའོ་ཅུན་གྱིས་གཞི་རིམ་ཏང་ཡོན་དང་ལས་བྱེད་པ།མང་ཚོགས་བཅས་ཀྱི་འཐུས་མི་དང་མཛའ་བརྩེའི་ངང་གླེང་མོལ་བྱས་པར་མ་ཟད།ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དོན་སྙིང་གལ་ཆེན་དང་བརྗོད་དོན་གཙོ་ཐིག འབད་བརྩོན་དམིགས་འབེན། ལས་འགན་གཙོ་བོ་སོགས་ལ་དམིགས་ནས་སྒྲོག་འགྲེལ་བྱས། ཁོས་བཤད་རྒྱུར།ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུ་ནི་ཞིང་ཆེན་ཏང་ཨུའི་སྙན་ཞུ་ཡིན་ལ།ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་སྙན་ཞུའང་ཡིན་པས།ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་འདོད་བློ་མཚོན་ཡོད། ང་ཚོ་ངེས་པར་དུ་དེའི་ནང་དུ་ཞུགས་པ་དང་འགན་འཁྲི་ཕྲག་ཏུ་བླངས་ནས། དོན་དངོས་དང་འབྲེལ་ནས་སློབ་པ་དང་གནད་དོན་ལ་དམིགས་ནས་སློབ་དགོས་ལ། སྙན་ཞུའི་ནང་་གནད་དོན་ཐག་གཅོད་བྱེད་པའི་ལངས་ཕྱོགས་དང་ལྟ་བ།བྱེད་ཐབས་སོགས་འཚོལ་དགོས་པ་དང་།འབད་བརྩོན་དམིགས་འབེན་ལ་དམིགས་ནས་དཀའ་སྤྱད་སྙིང་རུས་བྱས་ཏེ།ཐོན་ལས་འཕེལ་རྒྱས་ཐད་ནས་ཐོད་བརྒལ་སྔར་ལས་ཆེན་པོ་འཚོལ་བ་དང་།སྐྱེ་ཁམས་སྲུང་སྐྱོབ་ཐད་ནས་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པ།བརྗེ་རེས་མཉམ་འདྲེས་ཐད་ནས་ཡར་རྒྱས་སྔར་ལས་ཆེན་པོ་མངོན་པ།དམངས་ལ་བདེ་སྐྱིད་སྐྲུན་པའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པ།ཏང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་ཐད་ནས་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བ་བཅས་བྱེད་དགོས།

དཔལ་འབྱོར་རྨང་གཞི་བརྟན་བརླིང་དུ་གཏོང་བའི་འགག་སྒྲོལ་དམག་འཐབ་ལེགས་པོར་རྒྱག་པར་ཝུའུ་ཞའོ་ཅུན་གྱིས་ཐུགས་ཁུར་ཆེན་པོ་བྱེད་ཀྱིན་འདུག ཁོ་རང་སྔ་གཞུག་ཏུ་ཧྭ་ཆིན་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་དང་ཨའེ་མའེ་ཨེར་དབྱི་སི་ལན་ཟས་རིགས་གསར་སྤེལ་ཚད་ཡོད་ཀུང་སི།ལི་ལི་ཁང་སྐྱེ་ཁམས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་བཅས་སུ་སོང་ནས་ཁེ་ལས་བདག་གཉེར་དང་ཐོན་རྫས་གསར་སྤེལ།ཐོན་ལས་སྦྲེལ་ཐག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད།དམངས་གཉེར་ཁེ་ལས་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། དཀའ་ཁག་དང་གནད་དོན་ཡུལ་དངོས་ནས་མཐུན་སྦྱོར་ཐག་གཅོད་བྱས། ཁོས་བཤད་རྒྱུར། དེང་སྐབས་དམངས་གཉེར་ཁེ་ལས་ཁ་ཤས་སུ་འཕྲད་པའི་དཀའ་ཁག་ནི་དོན་དངོས་ཡིན་ལ།དེ་ནི་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་དང་མདུན་སྐྱོད་ཁྲོད་ཀྱི་དཀའ་གནད།འཚར་ལོངས་ཁྲོད་ཀྱི་སྡུག་བསྔལ་བཅས་རེད།ང་ཚོས་ངེས་པར་དུ་ཡིད་ཆེས་བརྟན་པོ་ཡིས།ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱེད་རྒྱུ་དེ་ཐོན་སྐྱེད་གསོ་སྐྱོང་དང་ཁེ་ལས་འཕེལ་རྒྱས་གཏོང་བར་ཟུང་འབྲེལ་བྱེད་པ་དང་། སྤུས་ཀ་ཇེ་མཐོ་དང་གཞི་ཁྱོན་ཇེ་ཆེ། ཁྱུ་ཚོགས་འཕེལ་རྒྱས། ཆས་རྟགས་སྐྲུན་པ་བཅས་ཀྱི་སྟེང་དུ་ནུས་ཤུགས་བཏོན་ནས། ཁྱད་ལྡན་ཐོན་ལས་ཀྱིས་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་ཁེ་ལས་འཕེལ་རྒྱས་ཀྱིས་ཐོན་ལས་སྤུས་འདེགས་ཡོང་བར་སྐུལ་ཁྲིད་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཁེ་ལས་ལ་རོགས་སྐྱོར་དང་དཀའ་ཁག་སེལ་རོགས་བྱེད་པའི་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་།རྒྱུ་རྐྱེན་གཙོ་བོ་མཁོ་སྤྲོད་འགན་སྲུང་བྱེད་པར་ཤུགས་བསྣན་ནས།ཁེ་ལས་བཅོས་བསྒྱུར་དང་འཕེལ་རྒྱས་གཏོང་བར་སྔར་ལས་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་པ་དང་།དམངས་གཉེར་དཔལ་འབྱོར་གྱི་གསར་སྐྲུན་མགོ་ཁུངས་སྔར་ལས་ལང་ལོང་འཕྱུར་ཞིང་།དམངས་གཉེར་དཔལ་འབྱོར་གྱི་གསར་སྐྲུན་གསོན་ཤུགས་སྔར་ལས་རྒྱས་སུ་འཇུག་དགོས།

ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་དྲིལ་སྒྲོག་བྱེད་པ་དང་ཟུང་དུ་སྦྲེལ་ཏེ། ཝུའུ་ཞའོ་ཅུན་ད་རུང་ཟ་ལར་སྲང་གྲོང་རྡལ་ཐུའོ་ལུང་ཏུའུ་སྡེ་བ་དང་རྨ་ཆུ་ཚོད་སླེ་ཐོན་ལས་གླིང་དུ་སོང་ནས།སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་དེང་རབས་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱས། ཁོས་བཤད་རྒྱུར། ཞིང་སྡེའི་ཐུན་མོང་རྒྱུ་ནོར་དང་ཐོན་ཁུངས།དངུལ་རྩ་སོགས་ཀྱི་རྒྱུ་རྐྱེན་བེད་སྤྱོད་ནུས་ལྡན་བྱེད་པ་དེ་སྒྲོག་གུ་ལྟ་བུ་བྱེད་པ་དང་། ས་བབ་དང་བསྟུན་ནས་ཐོན་ཁུངས་བེད་སྤྱོད་ནུས་ལྡན་དང་མཉམ་བསྲེས་བདག་གཉེར་བྱེད་པ་སོགས་ཐུན་མོང་དཔལ་འབྱོར་གྱི་གྲུབ་སྟངས་མང་པོ་འཚོལ་ཞིབ་བྱས་ཏེ།ཞིང་སྡེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་གསོན་ཤུགས་གསར་པ་སྣོན་དགོས། དེང་རབས་ཞིང་ལས་སྒྲིག་བཀོད་ལག་རྩལ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།རྣམ་པ་གསར་པའི་ཞིང་ལས་བདག་གཉེར་བྱེད་པོ་ཤུགས་ཆེན་པོས་གསོ་སྐྱོང་བྱེད་པ།ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ལྗང་མདོག་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱི་ཆས་རྟགས་སྐྲུན་པ།ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ་དང་གསུམ་པ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ་བཅས་ཀྱིས། ཞིང་པའི་ཡོང་སྒོ་འཕར་བ་དང་ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱེད་དགོས། །