ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

བྱིས་པའི་དཔེ་ཀློག་གི་མོས་པ་བསྐྱེད་ཐབས།

བོད་གཞུག་སྐྱིད་ཀྱིས་སྒྱུར་སྒྲིག་བྱས།

(2022ལོའི་ཟླ6པའི་ཚེས3ཉིན་གྱི་པར་ངོས19པར་མཐུད་པ།)

23.ཀློག་འདོན་གྱི་དབང་ཆ་བྱིས་པར་སྤྲོད་དགོས། བྱིས་པས་དཔེ་ཆ་གང་འདྲ་ཞིག་ཀློག་འདོད་པ་དང་། གང་ནས་ཀློག་པ། ཀློག་འདོན་བྱེད་རོགས་སུ་ཞིག་དགོས་པ། ཀློག་འདོན་དུས་སུ་ཟ་འདོད་པའི་ཞོར་ཟས་བྱིས་པ་རང་ལ་འདེམས་སུ་འཇུག་དགོས། བྱིས་པས་རང་དབང་ངང་གདམ་གསེས་བྱས་ཆོག་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཁྱིམ་ཚང་ནང་དུ་དཔེ་ཆ་མང་པོ་ཡོད་དགོས། དཔེ་ཆ་ལེགས་པོ་མང་དུ་ཡོད་དགོས། བྱིས་པ་མང་པོ་དགའ་བའི་དཔེ་ཆ་དང་བྱིས་པར་འཚམ་པའི་དཔེ་ཆ་མང་དུ་ཡོད་དགོས།

24.དུས་ཚོད་བཙལ་ནས་ཀློག་འདོན་བྱེད་དགོས། དཔེ་ཀློག་ནི་གནོན་ཤུགས་སུ་གྱུར་ན་མི་འགྲིག་སྟེ། དཔེ་ཀློག་ནི་ཟས་སྐོམ་ནང་བཞིན་འཚོ་བའི་ཆ་ཤས་ཤིག་ཡིན། ཡིན་ཡང་ཁྱིམ་བདག་མང་པོས་དཔེ་ཀློག་གི་ཁེ་ཕན་རང་བཞིན་གཙིགས་སུ་བཟུང་དྲགས་ཏེ། བྱིས་པའི་དཔེ་ཀློག་དང་སྐད་ཡིག་གི་རྒྱུགས་འབྲས་གཉིས་ལ་མཚུངས་རྟགས་བརྒྱབ་ཡོད།འདི་ལྟར་སོང་ན་བྱིས་པའི་དགའ་སྤྲོའི་ངང་རང་འགུལ་གྱིས་ཀློག་འདོན་བྱེད་ཐུབ་བམ། བྱིས་པ་མང་པོས་ཀློག་འདོན་བྱེད་ཁོམ་མེད་ཟེར། སྤྱིར་དུས་ཚོད་ནི་རང་ཉིད་ཀྱིས་བཙལ་ནས་ཡོང་དགོས་པ་ཞིག་ཡིན། དཔེར་ན་ནངས་དགོང་སློབ་གྲྭར་འགྲོ་བའི་ལམ་དུ། སྒེར་འཁོར་རམ་ཡང་ན་སྤྱི་སྤྱོད་རླངས་འཁོར་སོགས་དང་།ལས་བྱ་འབྲི་བའི་བར་སྐབས་སོགས། གང་ལྟར་ཁྱོད་ཀྱིས་ཀློག་འདོད་ན་དུས་ཚོད་འདང་ངེས་ཡིན། ཁྱེད་ཀྱིས་ཤེས་དགོས་པ་ཞིག་ལ་ལོ་རིམ་གསུམ་པ་ནས་བཟུང་། བྱིས་པའི་ལས་བྱ་མང་དྲགས་ནས་ངོ་མ་དཔེ་ཆ་ལྟ་ཁོམ་མེད་པའི་དུས་ཚོད་ཀྱང་ཡོད་སྲིད།

25.དཔེ་ཆ་སྣ་མང་ལ་ལྟ་ཀློག་བྱེད་དགོས། བྱིས་པ་མང་པོར་འབྲེལ་འདྲིས་བྱས་ན་ལ་ལ་ཆུང་དུས་ནས་ཀོང་ཇོའི་སྐོར་གྱི་དེབ་ལ་དགའ་ཞིང་། ཐ་ན་ལོ་རིམ་གཉིས་པ་གསུམ་པར་བུད་ནའང་བཀླག་བྱའི་དཔེ་བྱང་ཁྲོད་ན་ཀོང་ཇོའི་དཔེ་ཚོགས་ཁོ་ན་ལས་མེད། དེ་ནི་ཅི་འདྲའི་སྐྱི་གཡའ་བ་ཞིག་རེད་ཨང་།བྱིས་པ་དཔེ་ཆ་སྣ་ཁ་གཅིག་ལ་དགའ་མོས་ཤིན་ཏུ་ཆེ་ནའང་ཕ་མས་སྣེ་ཁྲིད་བྱེད་དུས།བྱིས་པ་དང་མཉམ་དུ་དཔེ་སྣ་མང་པོར་ཕྱོགས་ན། མ་འོངས་པར་དཔེ་ཆའི་ནང་དོན་ལ་གོ་བ་ལེན་སྟངས་དང་། རྩོམ་འབྲི་སོགས་ལ་རོགས་རམ་ངེས་ཅན་ཐེབས་པར་མ་ཟད། བྱིས་པའི་དཔེ་ཆ་སྣ་མང་ཀློག་པ་དང་བསྟུན་ནས་བྱིས་པས་རང་གི་དུས་སྐབས་གང་འདྲའི་ནང་དུ་དཔེ་ཆ་གང་ལ་དགའ་བའི་ཁ་ཕྱོགས་རྙེད་ཐུབ།

26.རོལ་དབྱངས་ནི་ཀློག་འདོན་གྱི་གྲོགས་པོ་བཟང་པོ་ཡིན།བྱིས་པས་དཔེ་ཀློག་བྱེད་དུས་ཁོ་ཚོའི་ཉན་འདོད་པའི་གླུ་དབྱངས་གང་རུང་ལ་ཉན་ཆོག་སྟེ།བྱིས་པས་རང་ཉིད་དགའ་བའི་དཔེ་ཆའི་ནང་དོན་དེ་གླུ་དབྱངས་སམ།གར་ཆུང་གང་རུང་དུ་བསྒྱུར་ནས་རང་ཉིད་དགའ་བའི་རྣམ་པ་གང་རུང་གི་ལམ་ནས་འཇུག་ཆོག་པ་ཡིན།

27.ཕ་མ་མང་པོ་བྱིས་པར་དམིགས་འབེན་འཛུགས་རྒྱུར་དགའ་ལ། བྱིས་པར་རེ་བ་འདོན་རྒྱུའང་མང་།འོན་ཀྱང་རང་ཉིད་ལ་དེ་འདྲའི་དང་དོད་མི་བྱེད།བྱིས་པ་དང་མཉམ་དུ་ཀློག་འདོན་བྱེད་སྐབས་སམ་ཡང་ན་བྱིས་པ་དང་མཉམ་དུ་དོན་བྱ་གང་ཞིག་སྒྲུབ་དུས། བྱིས་པར་དམིགས་ཡུལ་འཛུགས་ན།ཕ་མ་རང་ཉིད་ཀྱིས་ཀྱང་དམིགས་ཡུལ་འཛུགས་དགོས།བྱིས་པའི་དཔེ་ཀློག་གི་དམིགས་ཚད་ལ་ཁྱོད་ཀྱིས་ཞིབ་བཤེར་བྱེད་ན།ཁྱོད་ཀྱི་དཔེ་ཀློག་གི་དམིགས་ཚད་དེ་ཡང་བྱིས་པས་ཞིབ་བཤེར་བྱེད་དགོས།འདི་ལྟར་འདྲ་མཉམ་དྲང་བདེན་གྱིས་ཕན་ཚུན་ལ་ལྟ་རྟོག་དང་མཐོར་འདེགས་གཏོང་ཐུབ་ན་ཅི་འདྲའི་བཟང་།

28.འཚོ་བ་དང་དཔེ་ཀློག་མཉམ་བསྲེས་བྱེད་པ།གལ་ཏེ་ཁྱོད་དང་བྱིས་པ་གཉིས་ཀྱིས་སྤྱི་གླིང་དང་འབྲེལ་བའི་དཔེ་ཆ་ཞིག་ཀློག་པར་བྱ་ན།ཁྱོད་ཀྱིས་བྱིས་པ་ཁྲིད་ནས་སྤྱི་གླིང་དུ་སོང་ནས་དངོས་སུ་ས་གནས་རྟོག་ཞིབ་དང་།ཁྱོད་ཀྱིས་ཤེས་པའི་སྤྱི་གླིང་ནང་གི་ཤེས་བྱ་མང་པོ་ཕྱོགས་བསྒྲིགས་བྱས་ཏེ་བྱིས་པར་བཤད་ཐུབ་ན།རྣམ་པ་དེ་ནི་ཀློག་འདོན་ཁོ་ན་མིན་པར་ཕ་བུ་མ་བུའི་བར་གྱི་བརྩེ་བའི་སློབ་གསོའི་རྣམ་པ་དངོས་དེ་མ་ཡིན་ནམ།ཁྱོད་ཀྱིས་ཚོད་ལྟ་བྱེད་འདོད་དམ།ཨ་ཐང་ཆད་པར་མ་སྐྲག ཙག་ཙིག་ལས་ལ་མ་སུན། སུན་སྣང་ཆེ་བའི་ཀློག་འདོན་ལ་བྱིས་པའང་ཞེད་སྣང་མེད་ན།ཁྱོད་སྐྲག་དགོས་དོན་ཡོད་དམ།

29.འཚོ་བའི་ཁྲོད་ཀྱི་ཀློག་དེབ་མེད་པའི་ཀློག་འདོན་གྱི་རྣམ་པ།དཔེ་ཆ་མེད་ན་ཀློག་འདོན་ཇི་ལྟར་བྱ། དོན་གྱིས་འཚོ་བའི་ཁྲོད་ན་ཤེས་བྱ་གང་སར་ཁྱབ་ཡོད་ཅེས་ཁྱོད་ཀྱིས་སྨྲ་སྲིད་པ་བཞིན། དབྱར་ཁའི་ས་སྲོད་དུས་སུ།ཁྱོད་དང་བྱིས་པ་གཉིས་ར་སྐོར་ནང་དུ་འཆམ་འཆམ་བྱེད་དུས།ཁྱོད་ཀྱིས་བྱིས་པར་གནས་དེ་ནས་ཐོས་པའི་སྒྲ་ཐམས་ཅད་ཐོ་འགོད་བྱེད་དུ་བཅུག་ཆོག་ལ།ཡི་གེ་མི་ཤེས་ན་རི་མོར་བཀོད་ཆོག་པའི་གསལ་འདེབས་ཀྱང་བྱ་རུང་།འདི་ནི་རོལ་རྩེད་ཅིག་ཡིན་ལ། སྒྲ་དང་འབྲེལ་བའི་ཀློག་འདོན་ཞིག་ཀྱང་ཡིན།ཐེངས་སྔོན་མར་སྤྱི་གླིང་ལ་འགྲོ་བའི་ཐབས་བཞིན། ཁྱོད་ལ་དཔེ་ཆ་མེད་ནའང་ཀློག་འདོན་བྱེད་ཐུབ་ངེས་ཡིན།

30.རབ་ཡིན་ན་བྱིས་པ་གཅིག་པུ་ཁྱིམ་དུ་བཞག་ནས་དཔེ་ཆ་ཀློག་ཏུ་མ་བཅུག་ན་བཟང་།ཁྱིམ་བདག་མང་པོས་བྱིས་པར་དཔེ་ཆ་མང་པོ་བྱིན་ན་ད་གཟོད་ཀློག་རྒྱུ་རེད་འདོད་ཀྱིན་ཡོད་མོད།དེ་ལྟར་མ་ཡིན། དེ་ནི་ཚོང་བདག་གིས་ཁྱོད་རང་ལས་ཀ་ལས་སར་ཐོན་ཡོད་དུས་སེམས་ཤུགས་བརྒྱ་ཆའི་བརྒྱ་ལས་ཀའི་སྟེང་དུ་བཀོལ་རྒྱུ་རེད་སྙམ་པ་དེ་དང་འདྲའོ།།

31.བྱིས་པའི་བརྙན་འཕྲིན་ལ་བལྟ་རྒྱུ་དང་རོལ་རྩེད་རྩེ་བའི་དུས་ཚོད་གཏན་འཁེལ་བྱེད་དགོས།དུས་ཚོད་མང་ཆེ་ཤོས་ཀློག་འདོན་ཁོ་ནར་བཀོལ་ན་བྱིས་པ་སུན་སྣང་སྐྱེ་ངེས།ཁྱིམ་བདག་གི་ཁ་པར་ཐང་ལ་བཞག་ནས།བྱིས་པ་དང་མཉམ་དུ་དཔེ་ཀློག་གི་མགོ་བརྩམས་པ་ནི་བྱིས་པའི་འཚར་ལོངས་ཁྲོད་ཀྱི་གོ་རིམ་གལ་ཆེན་ཞིག་ཡིན།

32.བྱིས་པར་འཚམ་པའི་དཔེ་ཆ་གདམ་གསེས་བྱེད་དགོས་ཏེ། དཔེ་ཆ་བྱིས་པའི་བློ་དང་འཚམ་ན་ཀློག་འདོན་གྱི་གྲོགས་སུ་འགྲོ་ལ། བྱིས་པར་སྤྲོ་བ་བསྐྱེད་པ་དང་།ཀློག་པར་མོས་པ།ཡི་གེ་ངོས་འཛིན་ལ་དཀའ་ཁག་མེད་པ།རིག་པས་འཆུམས་པ་སོགས་ཀྱི་དགེ་མཚན་ཆེ། གལ་ཏེ་ཁྱོད་ཀྱིས་བྱིས་པར་དཔེ་ཆ་ཉོས་མ་མྱོང་ན།དྲ་ངོས་ནས་དཔེ་ཆའི་མིང་བྱང་མང་པོར་ཟུར་བལྟ་བྱས་ཆོག གལ་ཏེ་བྱིས་པའི་དཔེ་ཀློག་མང་པོ་བྱས་ཡོད་ན།བྱིས་པ་ཀློག་སྤྲོ་བའི་དགའ་ཕྱོགས་དེ་བཟུང་ནས་དཔེ་ཀློག་གི་རྣམ་པ་འཕེལ་རྒྱས་སུ་བཏང་ན་ཆོག་གོ།

33.བྱིས་པ་དང་མཉམ་དུ་བྱེད་སྒོ་མང་དུ་སྤེལ་བ།འཚོ་བའི་ཁྲོད་ཀྱི་གླེང་གཞི་ཆེ་ཤོས་དེ་དཔེ་ཆ་དང་འབྲེལ་བ་ཡོད་པར་བྱས་ནས།བྱིས་པ་དང་མཉམ་དུ་དཔེ་ཀློག་གི་ནང་དོན་ཁ་བརྡ་བྱེད་པ་དང་།བྱིས་པར་ཀློག་འདོན་གྱི་ཚོར་བ་དང་།དཔེ་ཀློག་གིས་ཁོ་ཚོར་སྦྱིན་པའི་དགའ་སྐྱོ་ཆགས་སྡང་གི་ཉམས་མྱོང་རོལ་མྱོང་བྱེད་དུ་འཇུག་དགོས།ལབ་གླེང་ཇི་ལྟར་མང་ན་དགའ་ཞེན་དེ་ལྟར་ཆེ།

34.བྱིས་པ་སྐྱེས་མ་ཐག་ནས་དཔེ་ཆ་འདོན་པའི་མགོ་རྩོམ་ཆོག སློབ་ཆུང་མཐར་ཕྱིན་རག་བར་དུ་ལོ་བཅུ་གཉིས་ཡོད་ལ། གལ་ཏེ་ཁྱེད་ཀྱིས་ཉིན་རེར་སྐར་མ་བཅུ་ལ་དཔེ་ཀློག་རྒྱུན་སྐྱོང་ནུས་ན།ལོ་བཅུ་གཉིས་ཀྱི་ནང་དུ་བྱིས་པ་དང་མཉམ་དུ་དཔེ་ཆ་སྟོང་ཕྲག་ཁ་ཤས་བཀླགས་ཐུབ་ངེས་ཡིན།

35.ཁྱོད་ཀྱིས་བྱིས་པར་དཔེ་གཡོར་འཛིན་ཡིག་ཡོད་པར་བྱ་དགོས།སློབ་གྲྭའི་དཔེ་མཛོད་ཁང་ངམ།སྡེ་ཁུལ་གྱི་དཔེ་མཛོད་ཁང་།ཡང་ན་དཔེ་མཛོད་ཁང་ཆེ་ཤོས་སམ་རིས་སྒྲུང་སྣ་མང་ས་གང་ཡིན་ཡང་ཆོག བྱིས་པར་དཔེ་གཡོར་འཛིན་ཡིག་ལས་པ་ནི་ཁྱིམ་བདག་གིས་བསམ་བློ་དང་ལག་ལེན་གཉིས་ཀྱི་སྟེང་ནས་བྱིས་པའི་དཔེ་ཀློག་ལ་ཁས་ལེན་དང་སྐུལ་མ་བྱེད་སྟངས་ཤིག་ཡིན།

36.བྱིས་པའི་མུ་འབྲེལ་དཔེ་ཚོགས་ཤིག་བཀླགས་ཚར་ན།བྱིས་པ་དང་མཉམ་དུ་གབ་ཚིག་དང་རོལ་རྩེད། གནའ་གཏམ་བཅས་ཀྱི་ལམ་ནས།ཉིན་རེར་བྱེད་སྒོའི་རྣམ་པ་ཞིག་གཏན་འཁེལ་གྱིས་དཔེ་ཀློག་ཁྲོད་ཀྱི་ནང་དོན་ལ་རོལ་མྱོང་བྱེད་དགོས།

37.ཁྱིམ་ནས་བྱིས་པར་དཔེ་ཀློག་གི་གསོལ་སྟོན་ཆུང་ངུ་ཞིག་བཤམ་ཆོག་སྟེ།བྱིས་པ་དགའ་བའི་སྤྲི་གོར་དང་།དབུགས་ལྒང་རྣམ་པ་སྣ་ཚོགས་ཉོས་ཏེ།ཁྱིམ་ཚང་གི་འགྲུལ་ཁང་དང་ས་གདན་སྟེང་ནས།གྲོགས་པོ་ཆུང་ཆུང་འགའ་ཤས་མགྲོན་འབོད་དང་།ཡང་ན་བཟའ་ཚང་གང་བོས་སྐྱིད་སྐྱིད་བྱས་ཆོག བྱིས་པ་འདི་ལྟ་བུའི་མཁའ་དབུགས་ལ་ཤིན་ཏུ་དགའ་བས་ཁྱོད་ཀྱིས་ཀྱང་འདི་ལྟ་བུའི་སྤྲོ་སྣང་ལ་ཚོད་ལྟ་བྱོས་དང་།

38.བྱིས་པར་ཚན་རིག་ཤེས་བྱའི་སྐོར་གྱི་དཔེ་ཆའང་མཚམས་སྦྱོར་བྱེད་དགོས་ཏེ།བྱིས་པ་མང་པོ་གནའ་གཏམ་ལ་ཉན་རྒྱུར་དགའ་ཞིང་།བདེན་དགེ་མཛེས་གསུམ་གྱི་ནུས་པར་ཕྱོགས་སླ།མཇུག་ལེགས་པའི་གཏམ་རྒྱུད་ཀྱིས་བྱིས་པར་སེམས་འགུལ་ཐེབས་ཤིང་།ངོ་མཚར་ཆེ་བའི་གནའ་གཏམ་གྱིས་བྱིས་པར་དགའ་སྤྲོ་བསྐྱེད་སྲིད།ཡིན་ཡང་ཚན་རིག་ཤེས་བྱའི་སྐོར་གྱི་དཔེ་ཆའང་ཅིས་ཀྱང་དགོས་ངེས་ཡིན་ཏེ།དེ་དག་ལས་བྱིས་པས་ཤེས་བྱ་མང་པོ་གསོག་ཐུབ།རང་ཉིད་ཀྱི་ལུས་ཕུང་ངོས་འཛིན་ཐད་ནས་མགོ་བརྩམས་པ་དང་།གོ་ལ་གཞན་པ་དང་།སྐར་མའི་ཁྱིམ་རྒྱུད་ཀྱི་འཆར་རྟོག་ཐད་ཀྱི་རིས་སྒྲུང་མང་པོའང་གསོག་ཉར་བྱེད་དགོས།

39.ཀློག་འདོན་ནི་ལོངས་སྤྱོད་ཅིག་ཡིན་པས་བྱིས་པར་བཙན་ཚུགས་ཀྱིས་དཔེ་ཆ་སྣ་མང་ལ་བལྟ་རུ་འཇུག་པ་མི་འོས།དཔེ་ཆ་མང་ཆེ་ཤོས་ཀློག་པ་པོ་སྒེར་བའི་ཀློག་འདོན་གྱི་ཚོར་བ་དང་བསམ་འཆར་ཡིན་པས་ཁྱོད་ཀྱི་བྱིས་པར་འཚམ་པའི་ངེས་པ་མེད།གལ་ཏེ་ཁྱོད་ལ་དུས་ཚོད་ཡོད་པ་དང་།བྱིས་པ་ལའང་སུན་སྣང་མེད་ན།ཁྱོད་ཀྱིས་བྱིས་པར་དཔེ་ཆ་ཀློག་པ་དང་།ཡང་ན་བྱིས་པ་དང་མཉམ་དུ་ཀློགས་དང་།མཇུག་འབྲས་མི་འདྲ་བ་ཡོད་སྲིད། (མུ་འགོད།)