ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

བལ་དང་ཁུལ་རྩིད་ལ་བརྟེན་ནས་སྡེ་དམངས་ཕྱུག་པོར་གྱུར་བ།

ཟླ་ལྔ་པའི་ཟླ་མགོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ལྷོ་མཐའི་ཁུལ་གྱི་རྨ་ཆུའི་མགོ་ཁུངས་ཁུ་ནུ་སྡོད་ཁུལ་དུ་སོང་བ་ན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་གནས་སྤོར་སྡོད་ཁུལ་དུ། ནམ་རྒྱུན་ས་རུབ་ནའང་ད་དུང“ཁྲོག་ཁྲོག ཁྲོག་ཁྲོག”ཅེས་པའི་འཁེལ་འཐག་གི་སྒྲ་ཐོས་ཐུབ་སྟེ། མ་གཞི་དེ་ནི་མཚོ་ཁྲི་སྡེ་བའི་སྡེ་དམངས་ལག་བཟོས་སྤྱི་ཕན་ཚོང་ཁང་གི་འཁོར་ཁང་དུ་ཕྲུག་དང་འཁེལ་འཐག་དངོས་རྫས་འཐག་པ་ལས་བྱུང་བ་རེད།

འཁོར་ཁང་དུ་གྲལ་འགྲིག་པའི་འཁེལ་འཐག་འཕྲུལ་ཆས་ཀྱི་སྟར་ཕྲེང་མང་པོ་བསྒྲིགས་ཡོད་ལ། སྐྲ་ལ་སེ་མདའ་ལྷུང་བའི་རྒན་པ50ལྷག་གིས་དལ་བྲེལ་རན་པའི་ངང་ནས་སྤུ་འབྲེག་པ་དང་། སྐུད་པ་བརྒྱུ་བ། ཚོས་ཁ་སྒྱུར་བ། འཚེམ་བཟོ་བྱེད་པ་སོགས་ལས་བགོས་མངོན་གསལ་དང་རང་འགན་རང་འཁུར་གྱིས་ལས་ཀ་བྱེད་བཞིན་འདུག སྤྱིར་ན་ཚེ་ཡི་ཕྱེད་ཀ་ཡོལ་བའི་ཁོ་ཚོས་ད་དུང་ཡང་ཉིན་མཚན་གཉིས་ཀར་ངལ་རྩོལ་བྱེད་བཞིན་ཡོད་ནའང་། ཁོ་ཚོའི་གདོང་གི་འཛུམ་མདངས་ལས་ལས་ཀ་དེར་བཟུང་བའི་སྤྲོ་དགའ་དང་རྒྱུན་འཁྱོངས་མཐོང་ཐུབ།

ཆུ་དམར་ལེབ་རྫོང་མཚོ་ཁྲི་སྡེ་བ་ནི་རྒྱལ་ཁབ་སྤྱི་གླིང་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་དུ་གནས་པ་དང་། 2006ལོ་ནས་བཟུང་། རྒྱལ་ཁབ་ཀྱིས་བཏོན་པའི་སྐྱེ་ཁམས་གནས་སྤོར་གྱི་སྲིད་ཇུས་དང་དུ་བླངས་ཏེ། གནས་འདིའི་འབྲོག་པ་རྣམས་ཀྱིས་འདྲིས་ཤིང་ལོབས་ལ་མི་རབས་མང་པོར་སྐྱེ་འཕེལ་བྱེད་སའི་ཕྱུགས་ར་བསྐྱུར་ནས། རྨ་ཆུའི་མགོ་ཁུངས་ཀྱི་ཁུ་ནུ་སྡོད་ཁུལ་དུ་གནས་སྤོར་བྱས་པ་རེད།

འབྲོག་པ་རྣམས་གནས་སྤར་མོད། འོན་ཀྱང་མི་འདི་རྣམས་ཀྱི་འཚོ་བ་ཇི་ལྟར་བདེ་འགོད་བྱེད་དམ། ཆུ་དམར་ཞང་ཏང་ཨུ་དང་སྲིད་གཞུང་གིས་གནས་སྤོར་ཐུབ་པ་དང་གནས་སྡོད་བྱེད་ཐུབ་པ། ལས་ཞུགས་བྱེད་ཐུབ་པ་བཅས་ཀྱི་རིག་ལམ་ལྟར། གཅིག་བསྡུས་འཆར་འགོད་དང་མཉམ་དུ་ཤུགས་འདོན། བབ་བསྟུན་ཇུས་བསྟར་བཅས་བྱས་ཏེ། 2016ལོར་ཞིང་ཕྱུགས་ཅུས་བརྒྱུད་ནས་དབུལ་སྐྱོར་མ་དངུལ་སྒོར་ཁྲི25བསྡུ་རུབ་བྱས་པ་དང་། མཚོ་ཁྲི་སྡེ་བའི་སྡེ་དམངས་ལག་བཟོས་སྤྱི་ཕན་ཚོང་ཁང་བཙུགས་ཏེ། ལག་བཟོས་འཁེལ་འཐག་བྱས་པའི་བོད་ལུགས་ལག་གདུབ་དང་། སྐེ་དཀྲིས། སྐ་རགས་སོགས་གཙོར་བྱས་པའི་འཁེལ་འཐག་ཐོན་རྫས་ཕྱིར་འཚོང་བྱས་པས། བལ་དང་ཁུལ་རྩིད་སྒོར་མོར་བསྒྱུར་བ་དངོས་གནས་མངོན་འགྱུར་བྱུང་།

རིག་ལམ་ནི་ཡོད་པར་གྱུར་མོད། འོ་ན་ཐོན་རྫས་རྣམས་ཇི་ལྟར་སྔར་ལས་རྒྱ་ཆེ་བའི་ཁྲོམ་རར་ཕྱིར་འཚོང་བྱེད་དམ། “ཚོང་རྟགས་གཅིག་དང་དྲ་ཐོག་ཚོང་ཁང་གཅིག་ལ་བརྟེན་ནས། དངོས་རྫས་བཟང་པོ་འདི་དག་ས་ཁྱབ་རྡོ་ཁྱབ་ཏུ་འགྱུར་བར་བྱས་ཏེ། རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ཕྱིར་འཚོང་བྱེད་ཆོག”མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱི་ལིན་ཆོན་ནི་དྲ་རྒྱའི་ཕྱིར་འཚོང་ལ་ཤིན་ཏུ་རྒྱུས་མངའ་ཟབ་སྟེ། ལོ་མང་པོའི་སྔོན་ལ་བྱ་བའི་དགོས་དབང་གིས་མཚོ་ཁྲི་སྡེ་བ་དང་ལས་ཀྱིས་འབྲེལ་དགོས་བྱུང་ཞིང་། མོའི་མཛུབ་སྟོན་དང་སྣེ་ཁྲིད་འོག་ཏུ་ཐོན་ལས་ཕྱིར་འཚོང་གི་རིག་ལམ་ཡུན་གྱིས་ཇེ་གསལ་དུ་གྱུར་ལ། འཛད་སྤྱོད་པའི་དགོས་མཁོའི་སྐུལ་ཁྲིད་ལ་བརྟེན་ནས་རྣམ་པ་སྣ་ཚོགས་པའི་བོད་ལུགས་འཁེལ་འཐག་གི་ཟབ་སྦྱོང་ལ་ཤུགས་བསྣན་པ་དང་། དྲ་ཐོག་དང་དྲ་ཐོག་མ་ཡིན་པའི་འཛད་སྤྱོད་པའི་ཉར་མཛོད་བསྐྲུན་ཞིང་། དོན་དངོས་ཐོག་ཟོང་རྫས་འཚོང་ལམ་ཕྱེ་བས་ཕྱིར་འཚོང་ཡོང་འབབ་མཐོར་འདེགས་ཐུབ་པ་བྱུང་།

“ལོ་ངོ་མང་པོའི་རིང་གི་ཁེ་གཉེར་བརྒྱུད་ནས། ད་ལྟ་མཚོ་ཁྲི་སྡེ་བའི་ལག་བཟོས་དངོས་རྫས་རྣམས་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ཕྱིར་འཚོང་བྱས་ཡོད་ལ། པེ་ཅིན་དང་ཧྲང་ཧེ། ཀོང་ཀྲིག་སོགས་ལྟ་བུའི་གྲོང་ཁྱེར་ཆེན་པོའི་མངགས་ཐོ་ཤིན་ཏུ་མང་པོ་ཡོད་པར་མ་ཟད། ལན་རེར་འདོན་སྤྲོད་ཀྱིས་དགོས་མཁོ་སྐོང་ཐུབ་ཀྱིན་མེད་དེ། ད་ལྟ་ཡོང་འབབ་མང་ཆེ་ཤོས་ནི་དྲ་རྒྱར་གཅིག་བསྡུས་བྱས་ཡོད། ཟླ་ངོ་གཅིག་གི་ཆེས་མང་བའི་མངགས་ཐོ་ལ་ཁྲི1ལྷག་འདུག 2021ལོའི་ལོ་ཧྲིལ་པོའི་ཡོང་འབབ་རྐྱང་བ་དེ་སྒོར་ཁྲི14རུ་སླེབས་ཡོད། མཚམས་ལན་རེར་ང་གཅིག་པུས་མགོ་ཡང་ཐོན་གྱིན་མེད་པས། ངེས་པར་དུ་སློབ་གྲོགས་སམ་བཟང་ས་བོས་ནས་རོགས་རམ་བྱེད་དུ་བཅུག་པ་ཡིན”ཞེས་མཚོ་ཁྲི་སྡེ་བའི་སྡེ་དམངས་ལག་བཟོས་སྤྱི་ཕན་ཚོང་ཁང་དྲ་ཐོག་ཚོང་ཁང་གི་འགན་འཛིན་པ་པདྨ་ལྷ་སྐྱིད་ཀྱིས་སྤྲོ་ཉམས་ཀྱིས་བཤད།

མཚོ་ཁྲི་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས“ཏང་ཀྲི་པུའུ+རྟེན་གཞི+སྟེགས་བུ+ཁྱིམ་ཚང”གྱི་ཐོན་ལས་འཕེལ་རྒྱས་གཏོང་ཐབས་སྤྱད་ནས། དབུལ་ཐར་གཏན་འཇགས་མིན་པའི་ཁྱིམ་ཚང་དང་གློ་བུར་དཀའ་ངལ་ཚབས་ཆེན་བྱུང་བའི་ཁྱིམ་ཚང57ལ་སྣེ་ཁྲིད་དེ། ནུས་ལྡན་སྒོས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་། སྡེ་བ་ཐུན་མོང་གི་དཔལ་འབྱོར་ཡང་ཁ་ཡར་ལ་བསྐོར།

རིན་ཆེན་ནི་ཕན་འབྲས་ཐོབ་མཁན་གྲས་ཀྱི་གཅིག་ཡིན། ཁོ་ཚང་གི་ཁྱིམ་དུ་ན་ཚོད80བརྒལ་བའི་ཨ་མ་རྒན་མོ་ཞིག་ཡོད་ལ། ཁྱིམ་གྱི་ཡོང་འབབ་གཙོ་བོ་ནི་རྩྭ་སའི་ཁ་གསབ་རོགས་དངུལ་ཏེ་ལོ་གཅིག་ལ་སྒོར3000ལའང་མི་འབུད། འོན་ཀྱང་ཁོ་ལས་སྣོན་འཁོར་ཁང་དུ་ཡོང་བ་ནས་ཆེས་སྤྱིར་བཏང་གི་འབྲོག་པ་ཕལ་བ་ཞིག་ནས་ཕྲུག་འཐག་པའི་བཟོ་བ་བྱང་མ་ཞིག་ཏུ་གྱུར་པའི་བར་དུ་ལོ་གཉིས་ཀྱི་དུས་ཚོད་ཀྱང་མ་དགོས།

ལག་རྩལ་བྱང་ཆུབ་པ་དང་བསྟུན་ནས། ད་ལྟ་ཟླ་རེར་སྒོར2000གི་གླ་ཕོགས་ལས་གཞན། ད་དུང་ལོ་མཇུག་ཏུ་ཁེ་སྤོགས་མ་དངུལ་བགོ་རྒྱུའང་ཡོད་པས། འཚོ་བའི་ཆུ་ཚད་དབྱར་གྱི་ཆུ་གཏེར་བཞིན་ཡར་ནས་ཡར་ལ་རྒྱས་ཡོད། “ཏང་གི་བྱམས་སྐྱོང་ཡོད་པའི་དྲིན་ལ། ལག་བཟོས་འཁེལ་འཐག་ལག་རྩལ་གྱིས་ང་ལ་དཔལ་འབྱོར་གྱི་ཕན་ཁེ་བསྐྱལ་བར་མ་ཟད། ད་དུང་ང་ལ་གཏན་འཇགས་ཀྱི་ལས་གནས་ཤིག་ཀྱང་སྤྲད་བྱུང་བས། ད་ལྟ་ངས་རང་གི་ལག་ཟུང་ལ་བརྟེན་ནས་རང་གི་ཨ་མ་གསོ་སྐྱོང་ཐུབ་པས། སེམས་ལ་དཔའ་གདེང་ཞིག་སྐྱེས་ཡོད། རྗེས་ཕྱོགས་ངས་སྔར་བཞིན་ལས་ཀ་ཧུར་ཐག་གིས་ལས་ནས་སྒོར་མོ་མང་ཙམ་བསགས་རྗེས་རང་ཉིད་ཀྱིས་བོད་ལུགས་ལག་བཟོས་དངོས་རྫས་ཀྱི་བཟོ་ཁང་ཆུང་ངུ་ཞིག་ཕྱེ་འཆར་ཡོད། འདི་ནི་རང་ཉིད་ཀྱི་མ་འོངས་པའི་དམིགས་འབེན་ཞིག་ཡིན”ཞེས་རིན་ཆེན་གྱི་གདོང་ལ་སྤྲོ་ཉམས་དོད་ཅིང་འཛུམ་པའི་མིག་ལ་རེ་བའི་འོད་ཅིག་འཁྱུག་བཞིན་དེ་ལྟར་བཤད།

ད་སྐབས། ལག་གདུབ་རེ་རེ་དང་སྐེ་དཀྲིས་རེ་རེ། སྐ་རགས་རེ་རེ་་་་་ བོད་ལུགས་ཀྱི་ཁྱད་ཆོས་དམིགས་སུ་མངའ་ཞིང་མི་རིགས་ཀྱི་ཁྱད་གཤིས་རབ་ཏུ་ལྡན་པའི་ལག་བཟོས་དངོས་རྫས་འདི་དག་ནི། དྲ་རྒྱ་བརྒྱུད་ནས་མི་ཁྱིམ་ཁྲི་སྟོང་དུ་སྐྱོད་ཀྱིན་ཡོད་ལ། ཞིང་ཆེན་ཕྱི་ཡི་ཁྲོམ་རར་ཕྱིར་འཚོང་བྱེད་བཞིན་ཡོད། ཡོང་འབབ་མང་དུ་འཕར་བ་དང་འཚོ་གནས་ཁོར་ཡུག་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་མཚོ་ཁྲི་སྡེ་བའི་འབྲོག་པ་མང་ཚོགས་རྣམས་ཀྱི་མཉམ་དུ་ཕྱུག་འགྱུར་ཡོང་བའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་ནས་ཇེ་བརྟན་དུ་གྱུར་ཡོད། །