ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ལྷུག་རྩོམ《ས་ལ་ཟགས་པའི་སིལ་ཏོག》བཀླགས་པའི་མྱོང་ཚོར།

ཟི་ལིང་། དབང་མོ་མཚོ།

《ས་ལ་ཟགས་པའི་སིལ་ཏོག》ཅེས་པའི་ལྷུག་རྩོམ་འདིས《ཕ་ཡུལ་གྱི་རྡང་ལ་བབས་པའི་སྐད་ཆ》(ཀླུ་འབུམ་ཚེ་རིང་གིས་བརྩམས།2021ལོའི་ཟླ8པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས)ཞེས་པའི་རྩོམ་དེབ་འདིའི་མདུན་བསུས་ཡོད་པ་ཡང་དཀར་ཆག་གི་གོ་རིམ་སྒྲིག་སྟངས་གློ་བུར་ཞིག་མིན་པར། རྩོམ་པ་པོས་རང་གི་ཡིད་ལ་བརྣགས་པའི་བརྗོད་གཞི་གལ་ཆེན་ཞིག་བསམ་གཟས་ནས་ཀློག་པ་པོའི་མིག་ལམ་དུ་མྱུར་བ་ཉིད་དུ་བསྟར་འདོད་པ་རྩོམ་གྱི་བརྗོད་གཞི་དང་ཞིབ་ཕྲའི་ནང་དོན་སོགས་ལས་ཤེས་ཐུབ་སྟེ།

ལྷུག་རྩོམ་འདི་རྩོམ་པ་པོ་རང་ཉིད་དངོས་སུ་བརྒྱུད་པའི་དོན་དག་ཅིག་རྩོམ་གྱི་བརྗོད་གཞིར་བཀོད་ཐོག རྩོམ་གྱི་མི་སྣ་གཙོ་བོ་ཨ་མ་སྨན་ཁང་ལ་སོང་ནས་སྨན་བཅོས་བྱེད་པའི་བརྒྱུད་རིམ་ཆ་ཚང་དང་། ཨ་མའི་མི་ཚེའི་ཆེས་མཐའ་མཇུག་གི་རྫོགས་རིམ་སོགས་མི་རིགས་ཀྱི་སྲོལ་རྒྱུན་དང་འབྲེལ་ཏེ་ངོ་སྤྲོད་བགྱིས་ཤིང་། ཟུར་ཕྱོགས་གཞན་ཞིག་གི་སྣེ་མོར་འཇུས་ཏེ་ད་ལྟའི་སྤྱི་ཚོགས་ཀྱི་མཁའ་དབུགས་དང་མིའི་བསམ་པའི་འཁྱེར་སོ་སོགས་དམར་རྗེན་དུ་མཚོན་པ་དེས། ཀློག་པ་པོའི་སེམས་ཀྱི་དང་བ་འདྲེན་ཅིང་གནས་ལུགས་ལ་བདེན་དཔང་བསྩལ་ཡོད།

འཚོ་བ་ནི་རྩོམ་རིག་གི་འབྱུང་ཁུངས་ཡིན་པའི་རྩ་བའི་རྩ་དོན་རྒྱུན་འཁྱོངས་སྒོས། རི་གྲོང་གི་མི་ཕལ་བ་ཞིག་གི་སེམས་ཁམས་རྨང་དུ་བྱས་ཐོག དངོས་བྱུང་ཇི་བཞིན་དུ་ཚིག་གི་ཕྲེང་བར་བརྒྱུ་བར་གཞོལ་བ་ལས། ཀློག་མཁན་ལ་མཆི་མ་སློང་བའི་ཟོལ་བཅོས་ཀྱི་ཚིག་སྦྱོར་ཉི་ཚེ་བ་དག་སྤོང་ཅི་ཐུབ་བྱས་ཡོད་པས། ཀློག་པའི་ཚེ་ན་བདེན་སྣང་འགོག་མེད་དུ་སྟེར་ཞིང་། མ་བུའི་བར་གྱི་བརྩེ་སེམས་དྭངས་མོ་རྩོམ་གྱི་གོང་འོག་བར་གསུམ་ལ་ཤོག་བུ་སྣུམ་གྱིས་ཟིན་པ་བཞིན་འོད་ཀྲིག་གེར་ཁྱབ་ཡོད།

མི་རིགས་ཤིག་གི་ཁྱད་ཆོས་མངོན་པར་གསལ་བའི་འཇིག་རྟེན་ལྟ་ཚུལ་གྱིས་རྩོམ་གྱི་བརྗོད་གཞི་ལ་རིན་ཆེན་ཕྲ་ཡིས་བརྒྱན་པ་བཞིན་མིག་ལ་མཛེས་ཤིང་ཞེ་ལ་མཐུན། ཨ་མ་ལོ་ལོན་ལ་བཟོད་བསྲན་དཀའ་བའི་གློ་ནད་ཀྱིས་ཟུག་གཟེར་རེ་རེ་ལངས་དུས། མྱུར་དུ་ཤི་སོང་ན་སྙམ་པའམ། ཡང་ན་བུ་བུ་མོ་དག་ལ་དཀའ་ལས་བརྒྱབ་སོང་བསམ་པ་དེས། མོའི་བདག་བས་གཞན་གཅེས་ཀྱི་བསམ་པ་བླ་ན་མཐོ་བ་དེ་མཚོན་ཞིང་། ད་དུང་འཆི་བ་མི་རྟག་པའི་འཇིག་རྟེན་གྱི་ཆོས་ཉིད་ལ་ངེས་ཤེས་ཟབ་མོ་ཞིག་གིས་འཆི་བ་ལ་འཇིགས་སྣང་མེད་པ་དང་། འཆི་ཁར་འཇིག་རྟེན་ལ་ཞེན་ཆགས་མེད་པར་ཡོད་ཚད་ལག་ནས་གཏོང་བའི་བོད་མིའི་སེམས་ཁམས་དེ་ཡང་གསལ་པོར་བསྟན་ཡོད།

གཞན་ད་དུང་མི་རིགས་ཤིག་ལ་ཡན་གར་མངའ་བའི་སྲོལ་རྒྱུན་གྱི་ཆོ་ག་སྤེལ་ལུགས་རྩོམ་གྱི་བརྗོད་གཞི་དང་སྦྲགས་ནས་ཀུན་ལ་མཚམས་སྦྱར་ཞིང་། ཆོ་གའི་གོ་རིམ་རེ་རེ་ཁྲོད་ནས་མི་རིགས་གང་དེའི་སྣོད་བཅུད་ཀྱི་ལྟ་བ་སྟེ། ས་ཆུ་མེ་རླུང་ནམ་མཁའ་བཅས་ཀྱི་འབྱུང་བ་ལྔ་བོ་དང་མིའི་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་གཉིས་གཅིག་ལ་གཅིག་བརྟེན་གྱི་སྐྱེ་ཁམས་མ་ལག་འཁོར་སྐྱོད་ཀྱི་སྤྱི་འགྲོས་དེ་ཡང་གནས་ལུགས་དང་མཐུན་པར་གོ་བརྡ་རུ་སྤྲད་ཡོད།

གཞན་རྩོམ་པ་པོས་དངོས་སུ་བྱུང་བ་གང་ཇི་བཞིན་དུ་སྨྱུག་ཁ་ནས་ལུད་རྒྱུ་གང་།བརྗོད་འདོད་ཤུགས་དྲག་གིས་བསླངས་པའི་དང་པོའི་ཀུན་སློང་རྨ་མེད་དེ་ཡིན་པ་སེམས་སུ་སིམ་འགྲོ་བའི་བབ་ཆགས་པའི་ཚིག་སྦྱོར་དག་གིས་ར་སྤྲད་ཡོད་ལ། མ་རྒན་མལ་སར་ལྷུང་བ་ནས། བུ་ཕྲུག་ཚོས་ཇི་ལྟར་བདག་སྐྱོང་བྱེད་ཚུལ་ནི་དངོས་སུ་མིག་གིས་མཐོང་བ་ལྟ་བུའི་རྒྱུས་ཡོད་ཀྱི་ཚོར་སྣང་ཆེས་ཆེར་སྐྱེ་བར་བྱེད་འོང་། མ་བུ་ཕན་ཚུན་ལ་འཁྲེང་བའི་བརྩེ་སེམས་དང་།བོད་མིའི་རྒྱུད་ལ་གནས་པའི་བྱམས་དང་སྙིང་རྗེ།རྒན་བཀུར་ཆུང་བྱམས་ཀྱི་གུས་ལུགས་དང་།དྲིན་བྱས་དྲིན་དུ་ཚོར་ཏེ་བྱས་པ་གཟོ་བའི་ཚུལ་སོགས་མ་བཅོས་ཇི་བཞིན་དུ་མཚོན་རྒྱུ་གསར་རྩོམ་གྱིས་ཁུར་དུ་བཞེས་ཏེ། རྩོམ་གྱི་གོང་འོག་བར་གསུམ་ནས་ཡང་དང་ཡང་དུ་གླེང་ཡོད་ལ། དེར་ཡང་འདི་ལྟར་བྱ་དགོས་ཞེས་ངོམ་ཆོས་དང་སྒམ་ཚུགས་ཀྱི་སྐུལ་ཚིག་མེད་ན་ཡང་། རྗེས་རབས་ཀུན་ཡ་རབས་ཀྱི་ལམ་དུ་འཇུག་པར་སློབ་གསོའམ་སྐུལ་ལྕག་གི་ནུས་པ་ཞིག་ཀྱང་རང་བཞིན་གྱིས་ཐོན་ཡོད་འདོད།།