ཕལ་པའི་འཇིག་རྟེན།
ཚུལ་ཁྲིམས་ཉི་འོད།
འབྲོག་ཁུལ་གྱི་རྣམ་པ་དང་ཁྱིམ་ཚང་གི་འཚོ་བར་གནམ་ས་བླ་འོག་བརྗེས་འདྲའི་འགྱུར་བ་འགྲོ་བཞིན་པའི་སྐབས། ཏག་ཏག་ཚེ་བརྟན་ནི་སྡུག་བསྔལ་གྱི་མཚོ་འཇིངས་སུ་བྱིང་།
ལོ་ངོ་བཅུ་དྲུག་གི་སློབ་གྲྭའི་འཚོ་བ་མཇུག་བསྒྲིལ་ཏེ་ཕ་ཡུལ་དུ་ལོག་དགོས་བྱུང་། ཁོའི་ལང་ཚོ་དང་དགའ་ཕྱོགས་མང་པོ་ཞིག་རང་དབང་མེད་པར་ཕྲོགས་པ་དང་། དཀའ་སྡུག་མང་པོ་ཞིག་བརྒྱུད་པ་དག་ལ་སྡུག་ཡུས་བྱ་ཡི་མེད་ལ། སྔོན་ཆད་ནས་དེ་རིང་ལ་ཐུག་གི་བར་དུ་དུད་ཁྱིམ་ཕལ་ཆེ་བས་བྱིས་པ་དག་སློབ་གྲྭར་སྐྱེལ་རྒྱུ་ནི་འོས་འགན་ཞིག་དང་། མ་འོངས་ཀྱི་རེ་བ་དང་ལྟོ་རྒྱབ་སྒྲུབ་བྱེད་ཀྱི་ཐབས་ལམ་ཉག་གཅིག་ཏུ་ངོས་འཛིན་བཞིན་ཡོད་མོད། ལྷག་པར་ཁོ་པའི་དུས་རབས་འདིར་ན་མཉམ་ཀུན་གྱི་ལམ་དང་གདམ་ག་ནི་གཅིག་མཚུངས་ཡིན་ལ། དེ་ནི་ལས་སམ་དགོས་པ་ཞིག་ལས་ཟློག་ཐབས་གཞན་གང་ཡང་མ་མཆིས་པས། སློབ་མ་ཡིན་ན་སློབ་མ་ཡིན་ཞོག་དེར་ཁོ་ལ་གཞན་པའི་སྡུག་ཡུས་ཅི་ཡང་མེད། ཁོ་ནི་འབྲོག་པ་དོན་གྲུབ་ཚང་གི་བུ་སྟེ། ཕ་ཡི་ལས་ཀ་རྒྱུད་འཛིན་བྱ་རྒྱུ་ནི་ཆོས་ཉིད་དམ་རྒྱུན་ལྡན་གྱི་དོན་ཞིག་ལས་མ་འདས།
ཡིན་ནའང་། ཁོའི་སྡུག་བསྔལ་སེལ་ཐུབ་ཀྱི་མེད། སྡུག་བསྔལ་དེ་དག་ནི་རང་རྒྱུད་དུ་བག་ལ་ཉལ་བའི་འདུན་པ་རྣོན་པོ་དེའམ། གཞོན་པ་ཕུགས་བསམ་ཅན་ཞིག་གི་གོ་རྟོགས་ཆེན་པོ་སད་ཡོད་སྙམ་པའི་སེམས་རྒྱུད་ནས་ཕྱུང་བ་ཞིག་ལོས་ཡིན། རེད། ལོ་ཚེས་ན་ཁོ་ནི་ཕོ་ལོ་ཉེར་གསུམ་ལ་སོན་ཡོད། འབྲོག་ཁུལ་ལ་མཚོན་ན་ལོ་ཚོད་འདི་ནི་རང་ཁ་རང་གསོ་བྱེད་ཐུབ་པའི་ཚད་ཅིག་ཡིན། ཡིན་ནའང་། ཁོ་ནི་ད་ལྟའང་རང་རྐྱ་མི་ཕེར་བའི་བྱིས་པ་ཞིག་དང་འདྲ་བར་ཁྱིམ་མི་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད། ཕ་མ་གཉིས་དང་ཕུ་བོ་ནི་ཁོ་ཚང་གི་ཁྱིམ་བདག་དང་ཁྱིམ་ཚང་གི་འགན་ལེན་གཅིག་ལྕོགས་བྱེད་མཁན་ཡིན་པས། ཁོས་ནི་དེ་ཚོས་བཞག་པའི་འཚོ་བའི་སྒྲིག་གཞི་ཞིག་ཏུ་རང་སྐལ་གྱི་ལས་ཀ་སྒྲུབ་བཞིན་ཡོད། ཁོ་ལྟ་བུ་རང་ཉིད་ནི་སྐྱེས་པ་ཕོ་ཞིག་ཡིན་པའི་འདུ་ཤེས་ཀུན་ནས་འཕྱུར་བའི་ན་གཞོན་ཞིག་ལ་མཚོན་ན། ཞེ་བློ་གཏིང་ནས་སྡུག་བསྔལ་གྱི་སྙིང་རླུང་འཚངས་ནས་ཡོད། དེ་ནི་ཁོས་ཁྱིམ་བདག་གི་དབང་ཆ་འཛིན་ཆེད་དུ་གཏན་ནས་མིན། “མིན། ཁྱིམ་ཚང་འདིའི་བཟའ་མི་ལས་ཨ་ཕ་དང་ཕུ་བོ་ནི་ཁྱིམ་བདག་གི་དབང་ཆ་འཛིན་འོས་པ་ཞིག་རེད། ” དྲང་མོར་བཤད་ན། ཁོས་ཁྱིམ་གྱི་དབང་ཆ་བཟུང་ནས་ཚོགས་པ་འདི་བཀོད་འདོམས་བྱས་ནའང་། ཁོས་ནི་དེ་ལྟར་བསྒྲུབ་མི་སྲིད་པ་ཡིན། དེར་བལྟས་ན། ཁོ་ནི་དངོས་ཡོད་ཀྱི་འཚོ་བ་འདི་ལས་ཐར་དཀའ་རྒྱུ་རེད། ཡིན་ནའང་། ཁོས་རང་སྟོབས་ཀྱིས་རང་ཉིད་ལ་དབང་བའི་འཚོ་བ་ཞིག་དངོས་གནས་རེ་སྙེག་བྱ་ཡི་ཡོད་ཨང་། འདི་ནི་ཁོས་གཏན་ནས་རང་གི་ཐོབ་ཐང་དང་གནས་བབ་ལ་བཅོས་བསྒྱུར་བྱ་འདོད་པ་ནི་ག་ལ་ཡིན། “མིན། འབྲོག་ལས་ལ་དཀའ་ཚེགས་ཆེ་ནའང་། ཁོ་སྐྱེས་པ་ཕོ་ཞིག་གི་ངོས་ནས་མི་ཚེའི་འཚོ་བ་སྐྱེལ་ཐུབ་ན། ཁོ་ནི་ཡིད་སེམས་གཏིང་ནས་བདེ་ངེས་ཡིན་ལ། སྡུག་བསྔལ་དང་བདེ་བ་གཟི་བརྗིད་དང་ངོ་ཚ་གང་ཡིན་རུང་། གང་ལྟར་རང་ཉིད་ཀྱིས་དང་ལེན་དང་མྱོང་དགོས་ལ་ཁོ་ཕྱོགས་སའི་འདུན་པའང་དེ་ལྟར་ལགས།
མ་གཞི་ང་ཚོས་རྟོགས་ཏེ། དེ་ལྟ་བུའི་འདུན་པ་ནི་ཁོར་སློབ་འབྲིང་མཐར་ཕྱིན་དུས་ནས་སྐྱེས་ཡོད་པ་ཞིག་ཡིན་ལ། ལོ་ཟླའི་འཕེལ་འགྲོས་དང་འཚོ་བའི་འགྱུར་བག་གི་ཁྲོད་ནས་ཁོའི་ནང་སེམས་ཀྱི་འདུན་པ་དེ་ཚ་རླབས་ཇེ་ཆེར་ཕྱིན་པ་ཙམ་མོ། ། དེ་ལྟར་ཡིན་ན། འབྲོག་པ་ལག་ལས་དང་སྟོབས་འབྱོར་ཅན་ཞིག་བྱས་ན། མིག་མདུན་གྱི་སྤྱི་ཚོགས་ཁོར་ཡུག་འདིར་རང་ཁ་རང་གསོ་དང་། ལས་ཀ་སྒྲུབ་ཡུལ་གྱི་སྐབས་ཕུན་ཚོགས་ཤིག་ལོས་ཡིན་ཏེ། བློ་ཁ་བསྒྱུར་ན་འཚོ་བ་བདེ་མོ་ཞིག་ནི་རོལ་ཐུབ་ཚོད་ཡིན། ལྷག་པར་ཁོ་ཚང་ལྟ་བུ་ཕྱུགས་ར་དེ་འདྲ་ཆེན་པོ་ཞིག་འཛུགས་ཐུབ་པའི་ནུས་པ་ཡོད་པའི་ཁྱིམ་ཚང་ལ། མདུན་གྱི་འཚོ་བ་ནི་ཆེན་པོར་བཤད་དགོས་དོན་མེད། ཁྱིམ་ཚང་ཕྱུག་པོར་འགྲོ་རྒྱུ་ནི་ད་ལྟའི་འབྲོག་ཁྱིམ་ཀུན་གྱི་འཚོ་བའི་ཁ་ཡིག་ཅིག་ཡིན་པས། གང་ལྟར་བཟའ་བཅའ་ཡོད། སྒོར་གཏོང་རྒྱུ་ཡོད། ལུས་ཕུང་བདེ་ཐང་དང་བུ་རྒྱུད་ཁ་འཛོམས་ཡིན་ན། མི་ཚེ་གཅིག་ལ་དེ་ལས་གཞན་པའི་རེ་འདུན་ཞིག་ལ་ཅི་ལ་ཡོད།
སུས་ཁྱོད་ལ་དཔེ་ཆ་དེ་དག་བཀླགས་སུ་བཅུག་སོང་། ཡང་འབྲོག་ཁུལ་གྱི་ཕྱི་ལོགས་སུ་འཇིག་རྟེན་ཆེན་པོ་ཞིག་ཡོད་པ་རྟོགས། གལ་ཏེ་ཁྱོད་ཆུང་དུས་ནས་ས་གནས་འདིར་ལས་ཀ་བྱེད་དུ་བཅུག་ཡོད་ན། ད་ལྟ་ཁྱོད་འབྲོག་ཁུལ་གྱི་མི་ཀུན་དང་འདུན་པ་གཅིག་ལོས་ཡིན། ལོ་དུ་མའི་རིང་གི་དཀའ་ངལ་བརྒྱུད་དེ་ཕྱུགས་ལས་ལ་འབད་ཡོད་ཚེ། ཕུ་བོ་དང་འདྲ་བར་བློར་འབབ་པའི་བག་མ་ལས་ཀ་ཅན་ཞིག་བསུས་ཏེ། བུ་རྒྱུད་སྐྱོང་ཞིང་འབྲོག་ཁྱིམ་ཕྱུག་པོ་ཞིག་ཆགས་ཡོད་ཤག་ཤག་རེད། མི་རུང་བ་ཞིག་ནི་ཁྱོད་ཀྱིས་ཤེས་པ་མང་དྲགས་སོང་། བསམ་གཞིག་བྱེད་རྒྱུ་མང་དྲགས་པས་ཉེ་འཁོར་གྱི་མི་གཅིག་གིས་ཀྱང་མི་རྟོགས་པའི་སྡུག་དང་དོགས་འཚེར་ཡོད། དེ་ལྟར་ཉེ་འཁོར་གྱི་མིས་ཁོའི་སྡུག་དང་དོགས་འཚེར་རྟོགས་ཀྱི་མེད་ནའང་། ཚེ་བརྟན་གྱིས་རང་ཉིད་ཀྱི་སྡུག་དང་དོགས་པ་ཕྱིར་མངོན་གྱིན་མེད། དུས་རྒྱུན་གྱི་འཚོ་བའི་ནང་གི་བྱ་དངོས་ཡོད་ཚད་ལ་གང་འཇོན་གྱིས་མངོན་ཡོད་རིང་ལུགས་པ་ཞིག་གི་རྣམ་འགྱུར་གྱིས་ལྟ་བཞིན་ཡོད།
ཐེ་ཚོམ་མི་དགོས་པ་ཞིག་ལ། ཚེ་བརྟན་ལ་མཚོན་ནས་བཤད་ན། སློབ་གྲྭ་ནས་སློབ་སྦྱོང་བྱེད་པ་དང་འབྲོག་ཁུལ་ནས་ཕྱུགས་ལས་གཉེར་བ་གཉིས་ལ་ཁྱད་པར་ཆེན་པོ་ཞིག་ཡོད་དེ། སློབ་གྲྭ་ནས་ངལ་རྩོལ་གྱི་སྡུག་མྱོང་མི་དགོས་ལ། ཁོམ་གསེང་གི་དུས་ཚོད་རེ་ཡོད་ན། དཔེ་ཀློག་ཐན་ཐུན་རེ་བྱས་ཆོག ལུས་འབྲོག་ཁུལ་ན་ཡོད་ཀྱང་ཁོའི་བསམ་པ་ནི་མཐའ་ཀླས་པའི་འཇིག་རྟེན་ཞིག་ནས་རང་དབང་གིས་འཚོ་ཆོག་ལ། དེང་སྐབས་ཉིན་གང་པོར་ཕྱུགས་ཁ་ནས་འཕག་འཚག་དང་ལུས་ཀྱི་དཀའ་ངལ་གྱིས་རྒྱུན་པར་དབང་པོའང་སྦྲིད་དེ་སྣང་བ་ཉབ་ཉོབ་ཏུ་བཏང་ཡོད་པས། སྐབས་རེར་བསམ་གཞིག་གི་སྒོ་མོ་ཀུན་ནས་བསྡམས་ཤིང་། དགོང་མོར་ཁྱིམ་དུ་ལོག་དུས་གནས་སྐབས་ཀྱི་རེ་འདུན་གཅིག་པུ་ནི་ལྕགས་ཐབ་ཀྱི་རྒྱུད་དུ་གཉིད་རྒྱུ་དེ་ཡིན་པ་ལས། ཐ་ན་མི་དྲན་དགུ་དྲན་བྱེད་པའི་སྟོབས་ཀྱང་མེད་ལ། རིག་གནས་ཅན་གྱི་ན་གཞོན་ཞིག་ལྷག་པར་བསམ་གཞིག་ལ་རབ་ཏུ་མོས་པ་ཡོད་མཁན་ཞིག རང་རྒྱུད་ནས་བསམ་བློ་བོར་བའི་འཚོ་བ་ནི་ཅི་འདྲའི་བརྗོད་དཀའ་བའི་སྡུག་བསྔལ་ཞིག་ཅི་ལ་མིན།
དེ་ཡང་སྐྱོན་མེད་རུང་། ཁོར་ཆེས་སུན་སྣང་དང་ཁམས་མི་དྭངས་པར་བྱེད་རྐྱེན་དེ་ཡང་སྔར་བཞིན་རང་ཉིད་ཀྱི་འདོད་པ་ལྟར་རང་གི་འཚོ་བ་བཀོད་སྒྲིག་བྱེད་མི་ཐུབ་པ་དེ་རེད། ལན་རེར་ཁོ་འབྲོག་སྡེའི་ཁེར་འདུག་བྱས་ཡོད་པའི་མི་རྐྱང་དག་ལ་ཡིད་སྨོན་རེ་འཆོར་བཞིན་ཡོད་ལ། ཉིན་གང་པོར་ཕྱུགས་ཁ་ནས་ཐང་ཆད་དེ་ཤི་མ་གསོན་དུ་གྱུར་ཀྱང་། དུས་ཅུང་ཡོལ་རྗེས་ཚར་སོང་བ་ཙམ་དུ་གཞན་མ་མཆིས་ལ། ལས་ཀ་གཞན་གང་བསྒྲུབས་ཀྱང་དེ་བཞིན་རང་གི་བཀོད་སྒྲིག་བྱ་ཆོག འོན་ཏང་དེ་ཚང་མ་ཚེ་བརྟན་གྱིས་མི་དོ་ཞིང་བཀག་རྒྱ་ཞིག་གིས་གཅུན་ནས་ཡོད། ཁོས་རང་ཉིད་ཀྱི་བྱ་སྤྱོད་ཨ་ཕ་དང་ཕུ་བོའི་རེ་བ་མི་སྟོང་བའི་སླད་དུ་གང་ནུས་ཀྱིས་ཁོ་ཚོའི་བློར་མཐུན་པ་ཞིག་ཏུ་བཅའ་བཞིན་ཡོད་ལ། དཀའ་ཁག་ཅུང་ཟད་རེར་འཕྲད་ཀྱང་ཁོས་བཟོད་བསྲན་ཅི་ཐུབ་དང་། རང་ཉིད་ཀྱིས་ཁྱིམ་འདིའི་འཚོ་བ་དང་ལེན་བྱ་དགོས། འབྲོག་ཁྱིམ་གྱི་འཚོ་བ་ཡང་རྙོག་དྲའི་འཕྲུལ་ཆས་ཤིག་ཏུ་གྲུབ་ནས་ཡོད།
རང་གཅིག་པུས་ལུག་ཁྱུའི་རྗེས་ནས་ངལ་གསོ་བྱེད་སྐབས། ཁོས་ལག་གཉིས་ལྟག་རྒྱབ་ཏུ་བཙུགས་ཤིང་རྐང་པ་གཅིག་ཐོག་ཏུ་གཅིག་བཞག་སྟེ་རྩྭ་ཐང་འདིར་གན་རྐྱལ་དུ་ཉལ་ནས། ཡུན་རིང་ལ་མཐོ་ལ་ཡངས་པའི་མཐིང་མདོག་གི་ནམ་མཁའི་སྤྲིན་དཀར་གྱི་རྒྱུ་བ་ལ་བལྟས་པ་ན། མིག་ཀོང་ལས་དབང་མེད་དུ་མཆི་མ་བརྡོལ་འོངས། རི་ཚོགས་ནི་ལྷིང་ཞིང་འཇགས་ལ་རྣ་ལམ་དུ་ཁྲག་རྩའི་འཕར་ལྡིང་བྱེད་པའི་སྒྲ་ཡང་ཐོས་པར་འདུག དེའི་ཚེ་ན། ཁོའི་ཕྱིར་དྲན་གྱི་བ་དན་སླར་ཡང་བསྒྲེངས་ཏེ་འདས་པའི་ལོ་ཟླར་ཕྱོགས་ཏེ་ཁ་ལོ་བསྒྱུར་མགོ་བརྩམས། རྫོང་མི་རིགས་སློབ་འབྲིང་དང་པོ། ཁུལ་མི་རིགས་མཐོ་འབྲིང་གཉིས་པ······དེའི་སྐབས་ཀྱི་ལྟོགས་ཏེ་ཁོག་པའི་ནང་ནས་སྒྲ་འབྱིན་པའི་ན་ཟུག་དང་། དགེ་རྒན་གྱིས་གཅར་རྡུང་། སློབ་གྲྭའི་སྒྲིག་ལམ་བཙན་པོ་སོགས་སྡུག་བསྔལ་བགྲང་གིས་མི་ལང་བ་དག་ད་ལྟ་དྲན་འཛིན་གྱི་སྣེ་མོར་ཐོགས་དུས། ཁོའི་བསམ་པར་དེའི་དུས་སྐབས་ཀྱི་བཀའ་བཀོད་དེ་ནི་སེམས་ཁྲལ་ཉུང་རུང་། གནོན་ཤུགས་ཀྱིས་བསྟབས་པའི་སྡུག་བསྔལ་ནི་ཉུང་ཉུང་ཞིག་ནི་ག་ལ་ཡིན། དེའི་དུས་ཀྱི་སློབ་གྲོགས་འགའ་ད་དུང་ཁོའི་དྲན་ངོས་ནས་ཡལ་མེད་ལ། ལྷུན་གྲུབ་དང་། མཚོ་མོ། བཀྲ་ཤིས་དཔལ་ལྡན། ཆོས་དབྱིངས་སྐྱིད། ད་ལྟ་ཁོ་ཚོ་རང་རང་གི་ལམ་དུ་སོང་ནས་རང་རང་གི་བྱ་བ་གཉེར་གྱིན་ཡོད་ལ། ལྷུན་གྲུབ་ཀྱིས་ད་སྐབས་ཁུལ་ཐོག་གི་སློབ་ཆུང་ཞིག་ཏུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད་ལ། བཀྲ་ཤིས་དཔལ་ལྡན་ནི་ཁོ་དང་འདྲ་བར་འབྲོག་ཁུལ་དུ་ལོག་སྟེ་ཕྱུགས་ལ་ལྟ་བཞིན་ཡོད་ཅིང་། གོ་ཐོས་སུ་ད་དུང་ཡང་མཐར་ཕྱིན་དཔང་ཡིག་ལ་བསྒུགས་ཏེ་བསྡད་ཡོད་སྐད། མཚོ་མོའི་གནས་ཚུལ་ནི་ཅུང་ཟད་ཙམ་ཡང་མི་ཤེས་ལ་སྔ་མོ་ནས་མོ་དང་འབྲེལ་བ་བཅད་ཟིན་པས་ཡིན། ཆོས་དབྱིངས་སྐྱིད་ཀྱིས་ན་ནིང་གསོ་རིག་འབུམ་རམས་པའི་མཚན་རྟགས་བླངས་ཡོད་ལ། ཁོས་ཆོས་དབྱིངས་སྐྱིད་དྲན་ཐེངས་རེར། ཁོའི་སེམས་ལ་སྐྱོ་བ་ལྷག་མ་ཞིག་ངང་ངམ་དུ་སྐྱེས་ཡོང་ཞིང་། དེ་ནི་ན་ནིང་ནས་བཟུང་མོས་ཁོ་ལ་ཡུན་གྱིས་འབྲེལ་བ་བཅད་སོང་བས་ཡིན། ཁོར་མཚོན་ན་འདི་ནི་མི་ཚེའི་ཐེམ་པ་གཅིག་བརྒལ་བའི་རྟགས་སུ་གྱུར། (འཕྲོ་མ་པར་ངོས14པར་གཟིགས།)