མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་གསུམ་པ་གཟབ་རྒྱས་ངང་མགོ་བརྩམས་པ།
ཁྲེན་ཀང་གིས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་ཕུལ།
ཟླ7པའི་ཚེས6ཉིན་གྱི་སྔ་དྲོར། 2024ལོའི“ཀྲུང་གོའི་བཟོ་ཚོང་དངུལ་ཁང་རྟགས་མ”ཡི་མཚོ་སྔོན་པོ་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲན་སྡུར་སྐབས་ཉེར་གསུམ་པ་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་མགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་ཕུལ།
ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་ཝེ་ཏུང་དང་། ལིའུ་ཐུང་ཏེ། ཧོ་ལུའུ་ཁྲུན། ཝང་ཧའེ་ཧུང་། ཝང་ཀྲེན་ཁྲང་། རྣམ་རྒྱལ། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ལྕགས་རྟ་གྲི་རྩལ་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་སུན་ཝེ་རྨིན། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གི་ན་གཞོན་ལུས་རྩལ་ལེ་ཚན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་མ་ཀྲེང་། ཀྲུང་གོ་བཟོ་ཚོང་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཀྲེང་རྨིན་བཅས་མགོ་རྩོམ་པའི་མཛད་སྒོར་ཞུགས།
ཝུའུ་ཞའོ་ཅུན་གྱིས་ཤིས་ཚིག་འབུལ་སྐབས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ས་ཡ་དྲུག་གི་ཚབ་བྱས་ནས། སྐུ་མགྲོན་དང་ལུས་རྩལ་པ། རྩལ་ཁྲིད་པ། ཤན་འབྱེད་པ། གསར་འགྱུར་ལས་རིགས་ཀྱི་གྲོགས་པོ་རྣམས་ལ་དགའ་བསུ་ཞུས་ཤིང་། རྒྱལ་སྤྱིའི་ལྕགས་རྟའི་མནའ་འབྲེལ་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་། སྤྱི་ཚོགས་ལས་རིགས་ཁག་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་བཅས་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ལོ་ངོ23གྱི་རིང་ལ། མཚོ་སྐོར་འགྲན་སྡུར་གྱིས་ཐོག་མཐའ་བར་གསུམ་དུ་ལྗང་མདོག་དང་། མི་ཆོས། འཆམ་མཐུན། ཉམས་ལེན་བཅས་ཀྱི་བརྗོད་དོན་གཞིར་བཟུང་སྟེ། སྔར་ལས་མགྱོགས་པ་དང་། སྔར་ལས་མཐོ་བ། སྔར་ལས་ངར་ཤུགས་ལྡན་པ་བཅས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཤིང་། ཆེད་ལས་ཅན་དང་། ཁྲོམ་ར་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་གནས་མཚམས་རྒྱུན་འཁྱོངས་བྱས་པ་དང་། ལུས་རྩལ་འགྲན་སྡུར་གྱི་ཐོད་བརྒལ་བྱེད་ཕོད་པའི་རིན་ཐང་གི་འཚོལ་སྙེག་བརྒྱུད་སྒྲོག་བྱས་ལ། མཐོ་སྒང་གི་བུ་ཕྲུག་རྣམས་ཀྱི་སྔོན་ཐོན་བརྩོན་ཕོད་པའི་དུས་རབས་ཀྱི་རྣམ་པ་མངོན་ཞིང་། མིང་གྲགས་དང་མཚན་སྙན་གྲགས་རྒྱུན་ཆད་མེད་པར་ཇེ་ཆེ་དང་། ཤུགས་རྐྱེན་ཐེབས་ཚད་དང་བརྒྱུད་སྒྲོག་བྱེད་ཚད་ཉིན་རེར་རྒྱ་ཁྱབ་ཏུ་ཕྱིན་ཏེ། འཛམ་གླིང་གཞུང་ལམ་ལྕགས་རྟ་འགྲན་སྡུར་གྱི་ཟོང་རྟགས་གྲགས་ཅན་ཏུ་གྱུར་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ལུས་རྩལ་འགྲན་སྡུར་དེ་སྐྱེ་ཁམས་སྲུང་སྐྱོབ་དང་། རིག་གནས་ཡུལ་སྐོར། བརྗེ་རེས་མཉམ་ལས་བཅས་ལ་མཉམ་འདྲེས་གཏིང་ཟབ་འབྱུང་བར་ཡར་སྐུལ་བྱས་ཏེ། ཧུར་ཐག་སྒོས་མཚོ་སྐོར་ལྕགས་རྟ་འགྲན་སྡུར་དེ་མཐོ་ཚད་གསར་པར་བསྒྲུབ་པ་དང་དེར་ནང་དོན་གསར་པ་བསྩལ་དགོས། འགྲན་སྡུར་ལ་བརྟེན་ནས། ཚང་མར་རིའི་རྒྱལ་བོ་དང་ཆུའི་འབྱུང་ཁུངས་ཏེ་རབ་མཛེས་མཚོ་སྔོན་གྱི་སྒེག་ཉམས་ཚོར་དུ་བཅུག་སྟེ། མཉམ་དུ་གཙང་གསུམ་འབྱུང་ཡུལ་གྱི་དབྱར་གཞུང་གི་རྨི་ལམ་ཞིང་ཁམས་ལ་བསྙེག་ཏུ་འཇུག་དགོས། འགྲན་སྡུར་བརྒྱུད་དེ། ཚང་མར་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་བྱེད་པའི་འཕེལ་རྒྱས་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་བཅུག་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་དགོས། འགྲན་སྡུར་ལ་བརྟེན་ནས། ཚང་མར་ལྕགས་རྟའི་ལུས་རྩལ་གྱི་འགྲོས་ཚད་དང་ངར་སེམས་ཉམས་ལེན་བྱེད་དུ་འཇུག་ཅིང་། ལུས་རྩལ་གྱི་ཚོགས་འདུ་གཟབ་རྒྱས་དང་མི་དམངས་ཀྱི་དུས་ཆེན་གྱི་སྣང་ཚུལ་མཉམ་དུ་བསྐྲུན་དགོས། ཚང་མས་ལྗང་མདོག་ཐཱན་ཉུང་གི་ལུས་རྩལ་བྱ་འགུལ་བརྒྱུད་ནས། རང་བྱུང་སྐྱེ་ཁམས་དང་འདྲེས་སུ་འཇུག་པ་དང་། མཐོ་སྒང་གི་རིག་གནས་རྒྱུས་ལོན་བྱེད་ཅིང་། ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས།
མགོ་རྩོམ་པའི་མཛད་སྒོའི་སྟེང་རྒྱལ་སྤྱིའི་ལྕགས་རྟའི་མནའ་འབྲེལ་གྱི་ཀྲུའུ་ཞི་ཏ་ཝེ·ལ་ཕ་ཏིས་ཨན་གྱི་རྟེན་འབྲེལ་ཤིས་ཚིག་བསྒྲགས། ཁོས་བཤད་རྒྱུར། ལོ་ངོ་ཉི་ཤུ་ལྷག་གི་རིང་ལ། མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་གྱིས་ཀྲུང་གོའི་མཚོ་སྔོན་གྱི་རབ་མཛེས་ལམ་ཐིག་བརྒྱུད་དགོས་པས་ལྕགས་རྟའི་འགྲན་ཞུགས་པ་དང་ལྟད་མོ་པར་རེ་སྒུག་དང་སྤྲོ་བས་ཁེངས་ཡོད་ཅིང་། འགྲན་སྡུར་བདེ་བླག་ངང་བསྡུས་པ་དང་རྣམ་པ་ཧ་ཅང་ལེགས་པར་བརྟེན། རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་མནའ་འབྲེལ་ལས་རིགས་ཀྱི་མུ་འབྲེལ་འགྲན་སྡུར་གཙོ་བོ་ཞིག་ཏུ་གྱུར་ཡོད། སྲོལ་རྒྱུན་གྱི་ལ་འགོར་འགོ་བའི་རིགས་ཀྱི་ལྕགས་རྟ་འགྲན་སྡུར་ཞིག་ཡིན་པའི་ཆ་ནས། ཐེངས་འདིའི་འགྲན་ཞུགས་པ་རྣམས་མཚོ་ངོས་ལས་མཐོ་ཚད་སྨི3906ལྷག་གི་མཐོ་ཚད་ལ་འགོ་དགོས་ཤིང་། དེ་ནི་འགྲན་ཞུགས་པ་ཚང་མར་མཚོན་ནས་བཤད་ན་འགྲན་རྩོད་ཆེན་པོ་ཞིག་ཡིན་པ་སྨོས་མ་དགོས་ཏེ། འགྲན་སྡུར་ལ་ལྟ་བར་དགའ་བའི་མི་རྣམས་ཀྱིས་ལྕགས་རྟ་འགྲན་སྡུར་གྱི་ལྟད་མོ་གྱ་ནོམ་པ་ཞིག་ལ་མྱོང་རོལ་ཐུབ་ངེས་རེད།
མགོ་རྩོམ་པའི་མཛད་སྒོའི་སྟེང་། གླིང་ཆེན་བཞི་ནས་ཐོན་པའི་རྒྱལ་ཁབ13དང་། ལྕགས་རྟའི་རུ་ཁག22ཀྱི་འཐུས་ཚབ་པ་རྣམས་ལྕགས་རྟར་ཞོན་ནས་སྟེགས་བུའི་སྟེང་དུ་བུད་པ་དང་། ཡུལ་དངོས་ནས་དགའ་འབོད་ལྷང་ལྷང་སྒྲོག་གིན་འདུག ལུས་རྩལ་པའི་འཐུས་ཚབ་པ་དང་ཤན་འབྱེད་པའི་འཐུས་ཚབ་པས་དམ་བཅའ་བཞག་པ་དང་། དེའི་རྗེས་སུ་རིག་རྩལ་གྱི་ལྟད་མོ་ངོ་མཚར་བ་ཞིག་འཁྲབ་སྟོན་བྱས། །