ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞི་ཅིན་ཕིང་གིས་ཧུའུ་ནན་ཡུའེ་དབྱང་གྲོང་ཁྱེར་ཧྭ་རུང་རྫོང་ཐོན་ཀྲོའུ་ཡོན་ཏུང་ཐིང་མཚེའུ་ཡི་ཆུ་རགས་ཤོར་བར་མཛུབ་སྟོན་གལ་ཆེན་གནང་སྟེ།

ནུས་ཤུགས་ཡོད་རྒུས་རྒུད་སྐྱོབ་བྱ་བ་ལེགས་པོར་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།

ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་།

​ཟླ7པའི་ཚེས5ཉིན་གྱི་ཕྱི་དྲོར། ཧུའུ་ནན་ཡུའེ་དབྱང་གྲོང་ཁྱེར་ཧྭ་རུང་རྫོང་ཐོན་ཀྲོའུ་ཞང་ཐོན་པེ་སྡེ་བའི་ཐོན་ཀྲོའུ་ཡོན་ཏུང་ཐེན་མཚེའུ་ཡི་ཆུ་རགས་ཤོར་ནས་ཐོན་ཀྲོའུ་ཡོན་ཆུས་བསྣུབས་པ་དང་། ས་དེའི་གནོད་ཐེབས་མང་ཚོགས་བདེ་འཇགས་ངང་གནས་སྤར།

ཉེན་ཁའི་གནས་ཚུལ་དེ་བྱུང་རྗེས། ཕྱི་རྒྱལ་དུ་འཚམས་འདྲིར་ཕེབས་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་མཛད་པར་མ་ཟད་མཛུབ་སྟོན་གལ་ཆེན་གནང་ནས། ཧུའུ་ནན་ཡུའེ་དབྱང་གྲོང་ཁྱེར་ཧྭ་རུང་རྫོང་ཐོན་ཀྲོའུ་ཡོན་ཏུང་ཐིང་མཚེའུ་ཡི་ཆུ་རགས་ཤོར་བར་དུས་ཐོག་ཏུ་གནས་སྤོར་དང་བཀོད་སྒྲིག་འོས་འཚམ་བྱས་ཏེ་ཉེན་ཁ་མྱུར་སྐྱོབ་བྱ་བ་སྤེལ་བ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོབ་ཏན་ཏིག་བྱེད་པ། རྒྱལ་ཁབ་ཞོད་འགོག་ཐན་སེལ་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་བྱ་བའི་ཚན་ཆུང་མངགས་ནས་མཛུབ་སྟོན་བྱ་བར་ཤུགས་སྣོན་དགོས་ཚུལ་གསུངས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་རྒྱལ་ཁྱོན་ཡོངས་ནས་ཆུ་ལོག་ཆེ་བའི་དུས་སྐབས་གཙོ་བོར་སླེབས་པ་ནས་བཟུང་། ས་ཆ་ཁག་ཅིག་ལ་ཆར་བ་ཆེན་པོ་བབས་པ་དང་ཆར་བ་འབབ་པའི་དུས་ཡུན་རིང་བར་མ་ཟད། ཞོད་འགོག་གི་རྣམ་པ་དེ་ཛ་དྲག་ཆེ་བ་དང་། ལྷག་པར་དུ་ཆུ་རགས་ལ་དུས་ཡུན་རིང་པོར་ཆུ་ཤུགས་ཐེབས་ན་སྦུག་འཕྱུར་སོགས་ཀྱི་ཉེན་ཁའི་གནས་ཚུལ་འབྱུང་སླ་བས་ཉེན་ཁའི་རྐྱེན་ངན་འབྱུང་ཚད་ཅུང་ཟད་ཆེ། འབྲེལ་ཡོད་ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་སོ་སོས་མྱུར་དུ་མི་སྣ་རྩ་འཛུགས་བྱས་ཏེ་ཞོད་འགོག་ཉེན་སེལ་གྱི་བྱ་བ་སྒྲུབ་པ་དང་། ཆུ་རགས་ལ་སྐོར་ཞིབ་དང་ཉེན་ཁར་ཞིབ་བཤེར་བྱེད་པར་ཤུགས་བསྣན་ཏེ། ཉེན་ཁའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་བཅད་དེ་ཞོད་འགོག་བདེ་འཇགས་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། ཉེན་སེལ་ཐག་གཅོད་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབ་པ་དང་། ཉེན་ཁའི་གནས་ཚུལ་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པ། གནོད་འཚེ་ཐེབས་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། དེ་དང་ཆབས་ཅིག་ཆུ་རགས་དང་ཆུ་རགས་ཀྱི་སྐོར་ཞིབ་འགོག་སྲུང་ལ་ཤུགས་སྣོན་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ཞིབ་བཤེར་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས། རྒྱལ་ཁབ་ཞོད་འགོག་ཐན་སེལ་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་སྔོན་བརྡའི་ཉེན་བརྡ་གཏོང་བ་དང་། གྲོས་མོལ་ཞིབ་འཇུག་དང་བརྡར་ཤ་གཅོད་པར་ཤུགས་བསྣན་ནས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཞོད་འགོག་ཉེན་སེལ་གྱི་བྱ་བ་སོ་སོ་ཡག་པོར་བསྒྲུབ་པར་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཏེ། ཆུ་ལོག་ཆེ་བའི་དུས་ཚིགས་བདེ་འཇགས་ངང་སྐྱེལ་ཐུབ་པར་འགན་ལེན་ནུས་ལྡན་བྱེད་དགོས།

ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་ནས། རྒྱལ་ཁབ་ཞོད་འགོག་ཐན་སེལ་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། ཆུ་བེད་པུའུ། འཕྲལ་བསྟུན་དོ་དམ་པུའུ་བཅས་ཀྱིས་བྱ་བའི་ཚན་ཆུང་ཡུལ་དངོས་སུ་མངགས་ནས་བྱ་བར་མཛུབ་སྟོན་བྱས། ཧུའུ་ནན་ཞིང་ཆེན་དང་ཡུའེ་དབྱང་གྲོང་ཁྱེར་གྱི་ཏང་སྲིད་འགན་འཁུར་བློ་མཐུན་གྱིས་ཡུལ་དངོས་སུ་ཉེན་སེལ་རོགས་སྐྱོབ་བྱ་བར་བཀོད་འདོམས་བྱས་ནས། ད་ལྟ་འབྲེལ་ཡོད་བྱ་བ་སྒྲུབ་བཞིན་པའི་སྒང་རེད། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།