ཞི་ཅིན་ཕིང“ཧྲང་ཧའེ་མཉམ་ལས་རྩ་འཛུགས+”དང་ཨ་སི་ཐ་ནའི་རྩེ་གྲས་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
ས་དེའི་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་ཨ་སི་ཐ་ནའི་རྩེ་གྲས་ཚོགས་འདུར་ཞུགས་པར་མ་ཟད། ཁ་ཡིག་ལ《ལག་རྡང་སྦྲེལ་ནས་སྔར་ལས་མཛེས་སྡུག་ལྡན་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་གཞིས་བསྐྲུན་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་ཐོག་དང་པོར“ཧྲང་ཧའེ་མཉམ་ལས་རྩ་འཛུགས+”ཡི་རྣམ་པས་རྩེ་གྲས་ཚོགས་འདུ་འཚོགས་པ་ཡིན་ལ། གྲོགས་པོ་བཟང་པོ་དང་ཟླ་གྲོགས་གསར་པ་མང་པོ་གཅིག་ཏུ་འཛོམས་ནས་ཇུས་ཆེན་ལ་མཉམ་དུ་གྲོས་མོལ་བྱས་པ་དེས། དུས་རབས་གསར་པའི་གནས་བབ་འོག་རྩ་འཛུགས་འདིའི་ལྟ་ཚུལ་ལ་དགའ་བསུ་ཆེན་པོ་ཐོབ་ཅིང་། ཁོངས་མིའི་རྒྱལ་ཁབ་ཀྱི་གྲོགས་པོ་གནམ་འོག་ཀུན་ལ་ཁྱབ་པ་གསལ་བཤད་བྱས་ཡོད།
ད་ལྟ། འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འཕོ་འགྱུར། ལོ་རྒྱུས་ཀྱི་འཕེལ་འགྱུར་བཅས་སྔར་མ་བྱུང་བའི་རྣམ་པ་ལྟར་འགྱུར་ལྡོག་འབྱུང་བཞིན་ཡོད། མིའི་རིགས་ཀྱི་དཔལ་ཡོན་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་པ་དང་མཉམ་དུ། བདེ་འཇགས་མིན་ལ་བརྟན་བརླིང་མིན་པ། གཏན་འཁེལ་མིན་པ་བཅས་ཀྱི་རྒྱུ་རྐྱེན་མང་པོ་འབྱུང་གིན་འདུག འགྱུར་ལྡོག་འདིར་ཁ་གཏད་ལེགས་པོ་འཇལ་དགོས་ན། གཙོ་བོ་ནི་འགྱུར་ལྡོག་ངོས་ཟིན་པའི་བློ་གྲོས་དང་། འགྱུར་ལྡོག་ཐག་གཅོད་པའི་ཐབས་ལམ། འགྱུར་ལྡོག་ལ་གདོང་གཏོད་པའི་བློ་སྤོབས་བཅས་ཡོད་དགོས། ང་ཚོས་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཐོག་མཐའ་བར་གསུམ་དུ་ཧྲང་ཧའེ་ཡི་སྙིང་སྟོབས་གཙོ་བོར་འཛིན་ཞིང་། བློ་བརྟན་འགྱུར་མེད་སྒོས་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་ལ། ས་གནས་རང་གི་དངོས་ཡོད་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པ་དང་། སྔར་ལས་མཛེས་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་གཞིས་མཉམ་དུ་བསྐྲུན་ཏེ། རྒྱལ་ཁབ་སོ་སོའི་མི་དམངས་བདེ་བར་གནས་ཤིང་ལས་ལ་བརྩོན་པ་དང་། བདེ་སྐྱིད་ལྡན་པར་བྱེད་དགོས།
ཞི་ཅིན་ཕིང་གིས་གྲོས་གཞི་ལྔ་བཏོན་པ་སྟེ།
གཅིག མཐུན་སྒྲིལ་ཡིད་རྟོན་གྱི་ཐུན་མོང་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དགོས། “ཧྲང་ཧའེ་སྙིང་སྟོབས”དེ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དང་གཅིག་རྒྱུན་གཅིག་འཛིན་བྱེད་པ་ནི། རྩ་འཛུགས་འདིའི་ཐུན་མོང་གི་རིན་ཐང་ཡིན་པས། སྔར་ལས་གཙིགས་འཛིན་དང་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་བྱེད་དགོས། ང་ཚོས་ཕན་ཚུན་གྱིས་རང་བདག་གིས་གདམ་ག་བྱེད་པའི་འཕེལ་རྒྱས་བགྲོད་ལམ་ལ་བརྩི་མཐོང་བྱེད་པ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོར་རྒྱབ་སྐྱོར་བྱེད་ཅིང་། འཐབ་ཇུས་འབྲེལ་འདྲིས་བརྒྱུད་དེ་འགལ་བ་སེལ་བ། ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱེད་པ་དང་། ཕན་ཚུན་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་ཀྱིས་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། དུས་ཐོག་ཏུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྲིད་ཏང་གླེང་སྟེགས་འཚོགས་པའི་གྲོས་གཞི་བཏོན་པ་ཡིན།
གཉིས། ཞི་བདེ་ལྷིང་འཇགས་ཀྱི་ཐུན་མོང་ཁྱིམ་གཞིས་བསྐྲུན་དགོས། རྒྱལ་ཁབ་སོ་སོ་བདེ་འཇགས་ཡིན་ཚེ། ད་གཟོད་ཚང་མ་བདེ་འཇགས་ཡིན། བདེ་འཇགས་མཉམ་ལས་ནང་རྐྱེན་གྱི་ཐབས་ལམ་འཐུས་ཚང་དུ་གཏོང་བ་དང་། མགྱོགས་མྱུར་སྒོས་བདེ་འཇགས་འཇིགས་སྐུལ་དང་འགྲན་སློང་ལ་གདོང་གཏོད་པའི་ཕྱོགས་བསྡུས་ལྟེ་གནས་དང་དེའི་ཁོངས་གཏོགས་ལས་ཁུངས་འཛུགས་པ། དུག་འགོག་ལྟེ་གནས་འཛུགས་པ་དང་། གསང་འཕྲིན་བརྗེ་རེས་ལ་ཤུགས་སྣོན་པ་བཅས་བྱས་ཏེ། མཉམ་འབྲེལ་འགུལ་སྐྱོད་སྤེལ་དགོས། ཀྲུང་གོས“2024ལོའི་འཇིགས་སྐུལ་ལ་རྒོལ་བའི་མཉམ་ལས”དང་མཉམ་འབྲེལ་འཇིགས་རྒོལ་དངོས་སྦྱོང་སོགས་ཀྱི་བྱ་འགུལ་ལེགས་པོར་བསྒྲུབ་དགོས། ཨ་ཧྥུ་ཧན་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མཐུན་སྦྱོར་མཉམ་ལས་ནང་རྐྱེན་སོགས་ཀྱི་སྟེགས་བུའི་ནུས་པ་འདོན་སྤེལ་བྱས་ཏེ། ཨ་ཧྥུ་ཧན་དེ་ཞི་བདེ་བསྐྱར་སྐྲུན་གྱི་བགྲོད་ལམ་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས།
གསུམ། དར་རྒྱས་གོང་འཕེལ་གྱི་ཐུན་མོང་གི་ཁྱིམ་གཞིས་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས2025ལོ་ནི“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ལོ”རུ་གཏན་འཁེལ་བྱེད་པའི་གྲོས་གཞི་བཏོན་པ་དང་། ཕྱོགས་སོ་སོ་དང་མཉམ་དུ་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་འགུལ་སྐྱོད་དོན་ཚན་བརྒྱད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་ཅིང་། ཞིང་ལས་དཔེ་སྟོན་རྟེན་གཞི་དང་། ས་གནས་དཔལ་འབྱོར་ཉོ་ཚོང་དཔེ་སྟོན་ཁུལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གསར་གཏོད་རྟེན་གཞི་སོགས་ཀྱི་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ་ཁུལ་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོས་བྱང་སྐར་ལམ་སྟོན་མ་ལག་བེད་སྤྱད་དེ། རྒྱལ་སྤྱིའི་ཟླ་བའི་གོ་ལའི་ཚན་རིག་ཞིབ་འཇུག་ས་ཚིགས་འཛུགས་སྐྲུན་ནང་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གཞི་གྲངས་སློབ་གསོའི་མནའ་འབྲེལ་འཛུགས་པའི་གྲོས་མགོ་བཏོན་ཞིང་། རྩ་འཛུགས་རྒྱལ་ཁབ་དག་ལ་གཞི་གྲངས་ལག་རྩལ་གསབ་སྦྱོང་མི་གྲངས་འདོན་སྤྲོད་བྱེད་པའི་རེ་འདུན་བཅངས་ཡོད། རྩ་འཛུགས་འདིའི་བཅོས་སྐྱོང་མ་ལག་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། འཁོར་སྐྱོད་ཕན་ནུས་མཐོར་འདེགས་གཏོང་དགོས།
བཞི། འཆམ་མཐུན་མཛའ་བརྩེའི་ཐུན་མོང་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཆམ་མཐུན་མཛའ་བརྩེའི་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་དམངས་ཁྲོད་ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། མུ་མཐུད་དུ་སྲོལ་རྒྱུན་གསོ་རིག་གླེང་སྟེགས་དང་། དམངས་ཁྲོད་མཛའ་བརྩེའི་གླེང་སྟེགས། ན་གཞོན་གྱི་བསམ་ཚུལ་བརྗེ་རེས་སྒར་གཞི། ན་གཞོན་འཕེལ་རྒྱས་གླེང་སྟེགས་སོགས་བྱ་འགུལ་གྲགས་ཅན་ལེགས་པོར་སྤེལ་དགོས། ཕྱོགས་སོ་སོ་ཆིང་ཏའོ་ལྗང་མདོག་འཕེལ་རྒྱས་གླེང་སྟེགས་དང་བུད་མེད་གླེང་སྟེགས་ལ་ཧུར་ཐག་གིས་ཟབ་ཞུགས་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། མ་འོངས་པའི་ལོ5ཡི་རིང་ལ། ཀྲུང་གོ་ཕྱོགས་ཀྱིས་རྩ་འཛུགས་རྒྱལ་ཁབ་ལ་ན་གཞོན1000ཀྲུང་གོར་ཡོང་ནས་བརྗེ་རེས་བྱེད་པའི་སྐལ་གྲངས་མཁོ་འདོན་བྱ་རྒྱུ་ཡིན།
ལྔ། འདྲ་མཉམ་དྲང་གཞག་གི་ཐུན་མོང་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དགོས། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་མཉམ་དུ་དར་སྤེལ་གཏོང་བ་དང་། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་ཅིང་། གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱེད་པ་དེ་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་སྟེ། ཞི་བདེའི་མཚལ་ཡིག་དང་། འཕེལ་རྒྱས་ཀྱི་མཚལ་ཡིག བདེ་འཇགས་ཀྱི་མཚལ་ཡིག་དང་། བཅོས་སྐྱོང་གི་མཚལ་ཡིག་བཅས་མེད་པར་བཟོ་བར“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྟོབས་ཤུགས”ལེགས་སྐྱེས་སུ་འབུལ་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཐུན་སྒྲིལ་མཉམ་ལས་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་བགྲོད་ལམ་སྟེང་གི་ཉམས་མྱོང་བཟང་པོ་ཡིན་ལ། འཐབ་ལམ་གསར་པའི་སྟེང་གི་འགྱུར་ལྡོག་ཐག་གཅོད་པ་དང་རྣམ་པ་གསར་པ་གཏོད་པའི་དགོས་ངེས་ཀྱི་གདམ་ག་ཡིན། ཨ་སི་ཐ་ནའི་རྩེ་ཚོགས་འཚོགས་རྗེས། ཀྲུང་གོས་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྩ་འཛུགས་འདིའི་གྲོགས་པོ་རྣམས་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་བྱེད་པ་དང་། “ཧྲང་ཧའེ་ཡི་སྙིང་སྟོབས”ཁས་ལེན་པའི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་མང་པོ་མཉམ་དུ་ལག་རྡང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་མདུན་ལམ་སྔར་ལས་འོད་སྟོང་འཕྲོ་བར་བྱེད་དུ་འཇུག་འདོད་ཡོད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུ་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད་ཅིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཨུ་རུ་སུ་དཀར་པོའི་ཙུང་ཐུང་ལུའུ་ཁ་ཧྲེན་ཁོ་དང་། ཅི་ཨེར་ཅི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུ། ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན། ཐ་ཅི་ཁོ་སི་ཐན་གྱི་ཙུང་ཐུང་ལ་ཧོ་མེང་། ཝུའུ་ཙི་པིའེ་ཁོ་སི་ཐན་གྱི་ཙུང་ཐུང་སྨི་ཨེར་ཅི་ཡུའེ་ཡེ་ཧྥུ། དབྱི་ལང་གི་ལས་ཚབ་ཙུང་ཐུང་མུའུ་ཧོ་པེ་ཨེར་དང་རྒྱ་གར་གྱི་འཐུས་ཚབ། ལྟ་རྟོག་རྒྱལ་ཁབ་མོང་གོལ་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ། ཀྲུའུ་ཞི་རྒྱལ་ཁབ་ཀྱི་སྐུ་མགྲོན་ཨ་སའེ་པེ་ཅང་དང་། ཁ་ཐར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཐུར་ཁེ། ཐུའུ་ཁོའུ་མན་སི་ཐན་བཅས་ཀྱི་མགོ་ཁྲིད་མི་སྣ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་འགན་འཁུར་པ་གྲོས་ཚོགས་སུ་ཞུགས།
རྩེ་གྲས་ཚོགས་འདུ་མ་འཚོགས་པའི་སྔོན་ཏག་ཏག་ཏུ། ཞི་ཅིན་ཕིང་ཐའོ་ཁ་ཡེ་ཧྥུ་ཡིས་ཚོགས་ཞུགས་འཐུས་ཚབ་ཚོགས་པའི་ཚོགས་གཙོ་རྣམས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པའི་ནང་ཞུགས་པར་མ་ཟད་མཉམ་དུ་འདྲ་པར་བསྐྱོན།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱ་འགུལ་ལ་ཞུགས། །
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།