ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

བསོད་ནམས་བསྟན་འཕེལ་གྱི་ལས་སྐྲུན་ཕྱུག་བསྒྱུར་ཐབས་ལམ།

“ཀུང་སིས་ལྕགས་ཀྲིན་དངོས་སུ་ཐོན་སྐྱེད་བྱས་ནས་ཟླ་གཅིག་ལྷག་མ་གཏོགས་འགོར་མེད་རུང་། སྐམས་ཤའི་ལྕགས་ཀྲིན་ཁྲི2ལྷག་གཅིག་ཀྱང་མ་ལུས་པར་བཙོངས་ཚར་བས། ཡོང་སྒོ་སྒོར་ཁྲི54ལྷག་ལ་སླེབས”ཞེས་པའི་སྐད་ཆ་འདི་བཤད་མཁན་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དབུལ་སྐྱོར་ཐོན་ལས་ར་བའི་སྦས་ཡུལ་ཁམས་མདོ་སྐྱེ་ཁམས་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་ཁུར་པ་བསོད་ནམས་བསྟན་འཕེལ་ཡིན་ལ། ཁོ་ནི་བསམ་ཕོད་པ་དང་སྒྲུབ་ཕོད་ཅིང་མཆོང་ཕོད་པའི་ཁམས་པའི་ཕོ་རྒོད་ཅིག་རེད།

ཀུང་སིའི་ཐོན་རྫས་གཙོ་བོ་ཐོན་སྐྱེད་བྱས་མ་ཐག་བཙོངས་ཚར་སོང་བས་བསོད་ནམས་བསྟན་འཕེལ་གྱི་སེམས་པ་སྐྱིད་པོ་བྱུང་ཡོད། ཁོས་དེར་བཤམས་ཡོད་པའི་སྐམས་ཤའི་ལྕགས་ཀྲིན་ཞིག་བླངས་ནས་ཁ་ཕྱེ་སྟེ“བྲོ་བ་ཞིག་མྱོངས་དང་། ཞིམ་པོ་ཡིན”ཟེར། ཤ་དྲི་འཐུལ་བའི་བྲོ་བ་དང་ཁ་ལ་ཞིམ་པའི་བྲོ་རྫས་བསྲེས་ཡོད་པས་ལྡད་ཀྱིན་ལྡད་ཀྱིན་ཇེ་ཞིམ་རེད། “ཞིམ་པོ་ཨེ་རེད། ང་ཚོའི་ཐོན་རྫས་ལ་གཅིག་ནས་ཟས་རིགས་བདེ་འཇགས་ཐད་ཀྱི་ཁག་ཐེག་ཡོད་ལ། གཉིས་ནས་ཤ་སྤུས་ཐད་ཀྱི་ཁག་ཐེག་ཡོད། དེ་ནས་འཛད་སྤྱོད་ཁྲོམ་རར་ཆེད་དུ་བརྟག་ཞིབ་དང་བྲོ་བར་ཞིབ་འཇུག་བྱས་རྗེས་བྲོ་རྫས་བསྲེས་ཏེ་མི་རྣམས་དགའ་བའི་མངར་མོ་དང་ཁ་ཚའི་རིགས་བཟོས་ཡོད་པས། ལྡད་ཀྱིན་ལྡད་ཀྱིན་སྐམས་ཤ་མངར་མོའི་བྲོ་བ་མྱོང་ཐུབ”ཅེས་པའི་སྐད་ཆར་མཉན་ན་བསོད་ནམས་བསྟན་འཕེལ་གྱིས་ལྕགས་ཀྲིན་ཐོན་རྫས་ཀྱི་ཤ་སྤུས་ནས་བྲོ་རྫས་བར་སེམས་ཤུགས་མང་པོ་ཞིག་བཏོན་ཡོད་པ་ཤེས་ཐུབ།

ལྕགས་ཀྲིན་ཐོན་སྐྱེད་བྱས་ཚུལ་གླེང་དགོས་ན། བསོད་ནམས་བསྟན་འཕེལ་གྱི་ལས་གཏོད་ཀྱི་གོ་རིམ་མི་གླེང་ཐབས་མེད་ཡིན། 2018ལོར། སི་ཁྲོན་ཞིང་ཆེན་དགེ་འོས་སློབ་ཆེན་ནས་སློབ་མཐར་ཕྱིན་པའི་བསོད་ནམས་བསྟན་འཕེལ་གྱིས་བྱ་བར་རྒྱུགས་སྤྲད་ནས་གཞན་གྱིས་ཡིད་སྨོན་འཆོར་བའི་བརྟན་འཇགས་ཀྱི་བྱ་བ་ཞིག་རྙེད་ཡོད་མོད། འོན་ཀྱང་བྱ་བ་བསྒྲུབས་ནས་ལོ་གཅིག་འགོར་རྗེས་ཁོ་ལས་ཁུངས་ནས་སྒོར་བུད་པ་རེད། “ངས་ཕ་ཡུལ་དུ་བྱས་རྗེས་ཙམ་འཇོག་བསམ་པ་ཡིན།”བསོད་ནམས་བསྟན་འཕེལ་གྱིས་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱས་ན་མི་སྒེར་གྱི་རིན་ཐང་མངོན་འགྱུར་བྱེད་ཐུབ་པར་མ་ཟད། ད་རུང་ཕ་ཡུལ་གྱི་ཐོན་ཁུངས་ལེགས་པོ་བེད་སྤྱད་དེ་རང་ཡུལ་མང་ཚོགས་ཀྱི་ལས་ཞུགས་ཡོང་འཕར་ལ་རོགས་རམ་བྱེད་པ་དང་། གྲོང་གསེབ་དར་སྤེལ་ལ་སྟོབས་ཤུགས་འདོན་ཐུབ་ཟེར།

2019ལོའི་ལོ་མཇུག་ཏུ། བསོད་ནམས་བསྟན་འཕེལ་གྱིས་ཀུང་སིའི་ལས་བཟོ་པ་རྣམས་ཁྲིད་དེ་ནང་ཆེན་རྫོང་དབུལ་སྐྱོར་ཐོན་ལས་ར་བ་རུ་གཞི་བཅོས། བརྩོན་པ་ཆེ་བའི་བསོད་ནམས་བསྟན་འཕེལ་གྱིས་ནུས་ཤུགས་གཙོ་བོ་སྐམས་ཤའི་ལྕགས་ཀྲིན་ཐོན་སྐྱེད་བྱེད་པའི་སྟེང་དུ་བཞག་སྟེ། གཅིག་ནས་ནང་ཆེན་རྫོང་གི་ནོར་གནག་ཐོན་ཁུངས་ཀྱི་དགེ་མཚན་བེད་སྤྱོད་གང་ལེགས་བྱེད་པ་དང་། ཐོན་ཁུངས་ཀྱི་དགེ་མཚན་དེ་དཔལ་འབྱོར་གྱི་དགེ་མཚན་དུ་བསྒྱུར་བར་བསམ་བློ་བཏང་། ཕྱོགས་གཞན་ཞིག་ནས་ཡུལ་ཁོངས་དེའི་ནོར་གནག་ཐོན་ལས་ཀྱི་འཕེལ་རྒྱས་སྔར་ལས་ཇེ་ཆེར་བཏང་སྟེ་ཁེ་ལས་ཀྱི་ཁེ་སྤོགས་དང་རོང་འབྲོག་པའི་ཡོང་སྒོ་སྤར་བར་བསམ་བློ་བཏང་།

གདོད་མའི་རྒྱུ་ཆ་ནས་ལས་སྣོན་བྱེད་པ་དང་དེ་ནས་ཕྱིར་བཙོང་བའི་བར་གྱི་ལོ་ངོ་འགར་འཕེལ་རྒྱས་བཏང་བ་བརྒྱུད། ཁེ་ལས་ཀྱི་སྐམས་ཤའི་ལྕགས་ཀྲིན་ཐོན་ལས་ཕྲེང་འབྲེལ་རིམ་བཞིན་གྲུབ་ཅིང་རྒྱུན་ལྡན་གྱི་ལམ་དུ་ཞུགས། ད་ལྟ། དགའ་ཡོད་པ་ནི་བསོད་ནམས་བསྟན་འཕེལ་གཅིག་པུ་མ་ཡིན་པར། ཀུང་སིས་རང་ཡུལ་གྱི་འབྲོག་པའི་ནོར་གནག་ཉོ་བ་དང་དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་མི་ལས་ཀར་ཞུགས་སུ་བཅུག་སྟེ་རང་ཡུལ་གྱི་མང་ཚོགས་ལ་ཕན་ངོ་མ་བཏགས་ཡོདཔ་དེ་རེད། “ད་ལྟའི་གནས་ཚུལ་ལ་བལྟས་ན། ང་ཚོས་ལོ་རེར་སྐམས་ཤའི་ལྕགས་ཀྲིན་ཏུན200ལས་སྣོན་བྱེད་ཐུབ་ལ། རིན་ཐང་སྒོར་ཁྲི2000བསྐྲུན་ཐུབ། སྐམས་ཤ་ཏུན300ལས་སྣོན་བྱེད་ཐུབ་ལ། ཡུལ་ཁོངས་ཀྱི་ནོར་གནག3000ཉོ་ཐུབ་པས་ནོར་གནག་གསོ་བའི་ཁྱིམ་ཚང300ལ་སྣེ་ཁྲིད་ཐུབ”ཅེས་བསོད་ནམས་བསྟན་འཕེལ་གྱིས་དེ་ལྟར་བཤད།

བཀྲ་ཤིས་ཆོས་འཚོ་བཟའ་ཟླ་གཉིས་ནི་བཟོ་གྲྭའི་ནང་གི་རླངས་བཙོ་བཟོ་པ་རེད། བཟའ་མི་བཅུ་ཕྲག་ཅིག་གི་འགྲོ་སྒོ་ཁོ་གཉིས་ལ་བརྟེན་ཡོད། བསོད་ནམས་བསྟན་འཕེལ་གྱིས་བཟའ་ཟླ་འདི་གཉིས་བཟོ་གྲྭར་བསྡུས་པར་མ་ཟད། རང་འགུལ་གྱིས་སྲིད་གཞུང་སྡེ་ཁག་ལ་འབྲེལ་གཏུག་རེ་ཞུ་བྱས་ཏེ། བཀྲ་ཤིས་ཆོས་འཚོ་བཟའ་མི་གང་པོ་མ་མཐའི་འགན་སྲུང་ཁྱིམ་ཚང་དུ་འཇོག་ཏུ་བཅུག་ཡོད། “བཟོ་གྲྭའི་ནང་དུ་ལས་ཚོགས་བྱས་རྗེས། ཀུང་སིས་ཆེད་དུ་གཞན་ཡུལ་གྱི་དགེ་རྒན་གདན་དྲངས་ནས་ང་ཚོར་ལས་ཀ་ལས་ཚུལ་ཁྲིད་ཀྱིན་ཡོད། ཟླ་རེར་ངེད་བཟའ་ཟླ་གཉིས་ལ་སྒོར3000ཙམ་གྱི་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པ་དང་། དེའི་ཁར་སྲིད་གཞུང་གི་མ་མཐའི་འགན་སྲུང་ཁྱིམ་ཚང་གི་ཁ་གསབ་ཡོད་པས། ད་ལྟ་ང་ཚོས་རྒན་པ་དང་བྱིས་པ་ཚོར་བདག་སྐྱོང་བྱེད་པར་སེམས་ཁྲལ་བྱེད་མི་དགོས།”ད་ལྟའི་འཚོ་བར་བཀྲ་ཤིས་ཆོས་འཚོ་བཟའ་ཟླ་གཉིས་ཀ་ཡིད་ཚིམས་ཡོད།

“ད་ལྟ་ང་ཚོར་བརྟན་འཇགས་ཀྱི་ལས་རྐང23ཡོད། གཙོ་བོ་རླངས་བཙོ་དང་ཁ་བཏུམ་པ། སྦྱོར་བ་སོགས་ཀྱི་ཐོན་སྐྱེད་བྱ་བ་གཉེར་དགོས། མི་རེའི་ལོ་རེའི་གླ་ཕོགས་སྒོར་ཁྲི3ལ་སླེབས། སྐམས་ཤའི་ལྕགས་ཀྲིན་གྱི་ལས་གཞི་ཡོངས་སུ་གྲུབ་རྗེས། གློག་རྡུལ་ཚོང་དོན་སྟེགས་བུར་བསྐྱོད་བསམ་པ་ཡིན། དྲ་དམངས་མང་བའི་སྟེགས་བུ་དང་དྲ་གྲགས་ལ་མཉམ་ལས་བྱས་ཏེ་ཕྱིར་འཚོང་གི་ཐབས་ལམ་སྔར་ལས་རྒྱ་བསྐྱེད་རྒྱུ་ཡིན། དེ་ལྟར་བྱས་ན་ནང་ཆེན་རྫོང་གི་སྤུས་ལེགས་སྐམས་ཤའི་ཟོང་རྟགས་ཀྱི་མིང་གྲགས་ཆེ་རུ་ཕྱིན་ཏེ། བརྟན་བརླིང་གི‘ནོར་གནག་ནས་ཐོན་རྫས་དང་དེ་ནས་ཚོང་ཁྲོམ’གྱི་ཐོན་ལས་ཕྲེང་འབྲེལ་ཆགས་ཐུབ”ཅེས་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ཐད་ནས་བསོད་ནམས་བསྟན་འཕེལ་གྱིས་རང་ཉིད་ཀྱི་འཆར་གཞི་བཀོད་ཡོད། །