བློ་སེམས་གཅིག་ལ་གཏད་མི་ཐུབ་ཅིང་སློབ་སྦྱོང་ལ་བཀག་རྒྱ་ཡོད་པའི་བྱིས་པ་།
བློ་སེམས་གཅིག་ལ་གཏད་མི་ཐུབ་པའི་ འགུལ་མང་བྱིས་པ།
བློ་སེམས་གཅིག་ལ་གཏད་མི་ཐུབ་ཅིང་གནས་གཅིག་ནས་འདུག་མི་ཐུབ་པའི་རིགས་ལ་ངག་རྒྱུན་དུ་འགུལ་མང་ཟེར། ཕྱི་ཚུལ་ནས་བལྟས་ན་མི་ཤེས་པར་སྦས་ཤུགས་ཡོད་པའི་རིགས་ཤིག་ཡིན། དེར་གཤམ་གྱི་ཁྱད་ཆོས་འགའ་ལྡན།
(གཅིག) འགུལ་རྒྱུ་མང་བ།
འགུལ་སྐྱོད་བྱེད་ཚད་མང་ལ་གནས་གཅིག་ནས་འདུག་མི་ཐུབ་པར་མཛུ་གུ་དང་རྐང་པ་འགུལ་བ། འཛིན་གྲྭའི་ནང་དུ་སུན་སྣང་ཆེན་པོ་སྐྱེས་པ་དང་ཁ་ལོག་རྒྱག་པ། སློབ་ཁང་ནང་དུ་ཡར་འགྲོ་མར་འགྲོ་བྱས་ནས་ལྷིང་འཇགས་ཀྱིས་སྡོད་མི་ཐུབ་པ། སྐབས་ལ་ལར་ཅི་ཡིན་འདི་ཡིན་མེད་པར་གྲལ་མཚེས་ལ་ཐུབ་ཚོད་དང་གཞན་གྱི་དངོས་པོར་གང་འདོད་དུ་རེག་པ་སོགས་བྱེད།
(གཉིས) བློ་སེམས་གཅིག་ལ་གཏད་མི་ཐུབ་པ།
བློ་སེམས་གཅིག་ལ་གཏད་མི་ཐུབ་པའི་འགུལ་མང་བྱིས་པས་མཉམ་འཇོག་བྱེད་པའི“གཏིང་ཚད”དང“ཟབ་ཚད”“རྒྱུན་སྐྱོང་ཚད”བཅས་ཀྱི་ཐད་ནས་སྤྱིར་བཏང་གི་མིའི་ཚད་གཞིར་སླེབས་དཀའ་བས། སློབ་ཁྲིད་སྐབས་སུ་སེམས་གནད་ལ་འབབ་མི་ཐུབ་ལ་སློབ་སྦྱོང་ཡང་གཞན་གྱི་རྗེས་ལ་ལུས་འགྲོ། ཁོ་ཚོར་ཕྱི་ཚུལ་ནས་བལྟས་ན་སྤྱང་གྲུང་ལྡན་མོད་རྒྱུགས་འབྲས་མི་ལེགས་པས། མི་རྣམས་ཀྱིས་བརྩོན་པ་ཆེར་བསྐྱེད་མ་བྱས་པར་འདོད་ཀྱིན་ཡོད། བློ་སེམས་གཅིག་ལ་གཏད་མི་ཐུབ་པའི་འགུལ་མང་བྱིས་པས་ཕྱི་རོལ་ཡུལ་གྱི་སྣང་ཚུལ་དང་ལེན་བྱེད་སླ་བས་རྒྱུན་པར་སེམས་ལ་དྲན་རྒྱུ་མང་བ་རེད། རྒྱུན་པར་སློབ་ན་སོན་སྐབས་སློབ་སྦྱོང་ལ་ཤུགས་རྐྱེན་ཆེན་པོ་ཡོད་པས། ད་གཟོད་ཁྱིམ་བདག་གིས་བློ་སེམས་གཅིག་ལ་གཏད་མི་ཐུབ་པའི་གནད་དོན་ཡིན་པ་ཤེས་ཐུབ་པ་དང་། གནད་དོན་འདིས་དར་མའི་དུས་སྐབས་ཀྱི་བར་ལ་ཤུགས་རྐྱེན་ཐེབས།
བློ་སེམས་གཅིག་ལ་གཏད་མི་ཐུབ་པ་གཙོ་བོ་
ཕྱོགས་བཞི་ནས་མངོན།
1. གདམ་གསེས་རང་བཞིན་གྱིས་བློ་སེམས་གཅིག་ལ་གཏད་པ། བློ་སེམས་དམིགས་འབེན་ག་གེ་མོ་གཙོ་བོ་གཅིག་ལ་གཏད་ནས་ཉེ་འཁོར་གྱི་འབྲེལ་མེད་ཆ་འཕྲིན་སྣང་མེད་དུ་འཇོག་པ།
2. དབྱེ་ཕྲལ་རང་བཞིན་གྱིས་བློ་སེམས་གཅིག་ལ་གཏད་པ། དུས་ཚོད་གཅིག་གི་ནང་དུ་བཀའ་བརྡ་མང་པོ་བསྡུ་ལེན་དང་བྱ་བ་འགའ་ལེགས་པོར་སྒྲུབ་ཐུབ་པ།
3. བརྗེ་སྤོར་རང་བཞིན་གྱིས་བློ་སེམས་གཅིག་ལ་གཏད་པ། བྱ་བ་གཅིག་སྒྲུབ་བཞིན་པའི་སྒང་ལ་མགྱོགས་མྱུར་ངང་བྱ་བ་གཞན་ཞིག་སྒྲུབ་ཐུབ་པ་དང་། བློ་ཐག་རྦད་ཆོད་ཀྱིས་ཐེ་ཚོམ་མེད་པར་ཕན་ཚུན་ལ་བརྗེ་སྤོར་བྱེད་ཐུབ་པ།
4. རྒྱུན་བསྲིངས་ནས་བློ་སེམས་གཅིག་ལ་གཏད་པ། དུས་ཚོད་རིང་པོར་བྱ་བ་གཅིག་ལ་གདོང་གཏད་ནས་འདུག་ཐུབ་པ་དང་། ཕྱི་རོལ་ཡུལ་གྱི་ཤུགས་རྐྱེན་མི་ཐེབས་པ།
(གསུམ) གཞན་གྱི་དོ་ཁུར་ལ་རེ་བའི་བྱ་སྤྱོད་ཡོད་པ།
འཛིན་གྲྭའི་ནང་རྒྱུན་པར་སྐད་སྒྲ་སྒྲོག་པ་དང་འགུལ་སྐྱོད་མང་བ། བཞད་གད་སློང་བ་དང་རྩེད་མོ་རྩེ་བ་སོགས་བྱས་ནས་དགེ་རྒན་གྱི་དོ་ཁུར་ལ་རེ་བ་དང་། རང་ཉིད་གཞན་གྱི་ཐུགས་ཁུར་བྱ་ཡུལ་དུ་འགྱུར་འདོད་པ།
(བཞི) ཧོལ་རྒྱུགས་བྱེད་པ།
ཅི་འདོད་གང་འདོད་བྱེད་ལ་བྱ་བ་གང་སྒྲུབ་པར་སྔོན་ལ་བསམ་གཞིགས་མི་གཏོང་བ། མི་དང་བྱ་བ། དངོས་པོ་གང་ཞིག་རང་གི་བློ་ཡིད་དང་མི་འཚམས་ཚེ་གཏོར་བརླག་གཏོང་བའི་བྱ་སྤྱོད་ཡོད་པ། དགའ་སྐྱོ་ངེས་མེད་ཡིན་ལ་སེམས་ལ་གཡོ་འཁྱོམ་ཆེ་བ།
སློབ་སྦྱོང་ལ་བཀག་རྒྱ་ཡོད་པའི་བྱིས་པ།
སློབ་སྦྱོང་གི་བཀག་རྒྱ་ནི་འབྲི་ཀློག་ཉན་རྩིས་སོགས་ཀྱི་གོམས་གཤིས་དང་བེད་སྤྱོད་ལ་མངོན་གསལ་གྱིས་དཀའ་ཁག་ཡོད་པར་ཟེར་བ་ཡིན། སློབ་སྦྱོང་གི་བཀག་རྒྱ་དང་འགྲོགས་ནས་བཀག་རྒྱ་གཞན་ཡང་ཡོད་སྲིད་ལ། དཔེར་ན། ཚོར་བའི་བཀག་རྒྱ་དང་རིག་ནུས་ཞན་པ། སེམས་ཁམས་ཀྱི་བཀག་རྒྱ་དང་། ཡང་ན་ཁོར་ཡུག་གིས་བསླངས་པའི་བཀག་རྒྱ་སྟེ། རིག་གནས་ཀྱི་ཤུགས་རྐྱེན་ཐེབས་པ་མ་འགྲིག་པ་དང་། སློབ་ཁྲིད་བྱེད་ཐབས་མ་འགྲིག་པ་ལས་བྱུང་བའི་བཀག་རྒྱ། སློབ་སྦྱོང་གི་བཀག་རྒྱར་རྒྱུན་པར་འཕེལ་རྒྱས་རང་བཞིན་གྱི་སློབ་སྦྱོང་གི་བཀག་རྒྱ་དང་སྦྱོང་ཚན་རང་བཞིན་གྱི་སློབ་སྦྱོང་གི་བཀག་རྒྱ་གཉིས་ཡོད་དེ། དེ་ལས་སྔོན་མ་ལ་དཔེར་ན། བློ་སེམས་གཅིག་ལ་གཏད་མི་ཐུབ་པའི་ཞན་ཆ། ཚོར་ཤེས་ཀྱི་ཞན་ཆ། མཐོང་ཚོར་མཐུན་སྦྱོར་ནུས་པའི་ཞན་ཆ། ཡིད་འཛིན་ནུས་པའི་ཞན་ཆ་སོགས་འདུ་ལ། རྗེས་མ་ལ། དཔེ་ཀློག་ནུས་པའི་ཞན་ཆ། འབྲི་སྦྱོང་ནུས་པའི་ཞན་ཆ། གྲངས་རིག་གི་ཞན་ཆ་སོགས་འདུ།
སློབ་སྦྱོང་གི་བཀག་རྒྱ་ལ་གཤམ་གྱི་ཁྱད་ཆོས་འགའ་ཡོད་པ་སྟེ།
(གཅིག) མཐོང་ཚོར་ནུས་པའི་གནད་དོན།
ཡི་གེ་དང་མཐོང་ཚོར་གྱིས་མཐུན་སྦྱོར་བྱས་ནས་གྲུབ་པའི་བྱ་དངོས་མགྱོགས་མྱུར་གྱིས་གཏན་འཁེལ་བྱེད་མི་ཐུབ་ལ། དུས་ཚོད་རིང་པོ་འགོར་ན་ད་གཟོད་མཐོང་ཚོར་ལ་མངོན་པ་གཏན་འཁེལ་བྱེད་ཐུབ། བྱིས་པ་ལ་ལ་ཉན་པའི་ཐབས་ཀྱི་སློབ་སྦྱོང་བྱེད་ཐབས་ལ་དགའ་བ་དང་། མཐོང་ཚོར་རང་བཞིན་གྱི་སློབ་སྦྱོང་བྱ་འགུལ་དང་རོལ་རྩེད་ལ་མི་དགའ། རི་མོ་འབྲི་སྐབས་བྱིས་པ་ལ་ལས་ཚོན་མདངས་མང་པོ་གཏོང་བ་དང་གསར་གཏོད་ཀྱི་སྤོབས་པ་ཆེ། ཡིན་ཡང་། རྒྱུན་པར་མདོག་མཚར་པོས་ཚོན་གྱི་སྡེབ་ཁ་སྒྲིག་པ་ལས་འཚོ་བའི་ཁྲོད་ཀྱི་རྒྱུན་མཐོང་གི་ཁ་དོག་སྤྱོད་པ་ཉུང་། བྱིས་པའི་མིག་གི་མཐོང་ནུས་ལ་གནད་དོན་མེད་པ་ཐག་གཅོད་བྱེད་ཐུབ་མོད། འོན་ཀྱང་། རྒྱུན་པར་མིག་འཕུར་བ་དང་གསེག་བལྟ་བྱེད་པ། མགོ་འཁྱོག་པ། མགོ་ན་བ་དང་མགོ་ཡུ་འཁོར་བ། ཡང་ན། དཔེ་ཀློག་སྐབས་སུ་དཔེ་དེབ་དང་རྒྱང་ཐག་རིང་དྲགས་པ་དང་ཉེ་དྲགས་པ། བརྡ་རྟགས་དང་ཡི་གེ་མཉམ་བསྲེས་བྱེད་པ། དཔེ་ཀློག་དང་སྒོ་སམ་ལ་ཡི་གེ་འབྲི་བར་དཀའ་ཁག་ཡོད་པ། དྲང་ཐིག་གཅིག་གི་སྟེང་ནས་ཡི་གེ་འབྲི་དཀའ་བ་སོགས་ལ་ཁྱིམ་བདག་དང་དགེ་རྒན་གྱིས་མཉམ་འཇོག་བྱེད་དགོས།
(གཉིས) རྣ་དབང་གི་ནུས་པར་གནད་དོན་ཡོད་པ།
སྒྲ་ལ་དབྱེ་ཞིབ་དང་སྒྲ་ཐག་གཅོད་པའི་ནུས་པ་ཅུང་ཞན་པ། ཉན་ཚོར་ལ་ཡིད་འཛིན་མི་བཟང་བ། བྱིས་པ་ལ་ལ་ཁེར་རྐྱང་གིས་བསམ་གཞིགས་གཏོང་བར་དགའ་བ་དང་། གཞན་གྱིས་ཁ་བརྡ་བྱེད་པར་མཉམ་མི་འཇོག་པ། འཛིན་གྲྭའི་བགྲོ་གླེང་ལ་ཞུགས་པར་མི་དགའ་བ། སྐབས་ལ་ལར་ཁྱིམ་བདག་དང་དགེ་རྒན་གྱི་དྲི་བར་ལན་གང་འདོད་དུ་འདེབས་པ། ཡང་ནས་བསྐྱར་དུ་གསལ་བཤད་བྱེད་དགོས་པའི་རེ་བ་འདོན་པ། ཉན་ཚོར་ཐད་ཀྱི་གནད་དོན་ལས་གཞན་ད་དུང་། དུས་རྒྱུན་གྱི་འཚོ་བའི་ཁྲོད། བརྙན་འཕྲིན་ལ་བལྟ་བ་དང་རོལ་དབྱངས་ལ་ཉན་སྐབས་སྒྲ་ཆེ་བ། ཁ་བརྡ་བྱེད་སྐབས་ལན་རེར་སྐད་གདངས་མཐོ་ལ་ལན་རེར་སྐད་གདངས་དམའ་བ། སྐབས་རེར་སྒྲ་གཅིག་ལ་སེམས་འཁོར་བ། སྒྲ་ཐོས་མ་ཐག་ལག་པས་རྣ་ཁ་གཅོད་པ། ངག་འཁྲོལ་དཀའ་བ་སོགས་ཀྱི་གནས་ཚུལ་ཡོད་ཚེ་ཁྱིམ་བདག་དང་དགེ་རྒན་གྱིས་མཉམ་འཇོག་བྱེད་དགོས།
(གསུམ) བློ་རྩེ་གཅིག་ལ་གཏད་མི་ཐུབ་པའི་གནད་དོན།
བློ་སེམས་གཅིག་ལ་གཏད་མི་ཐུབ་པ་དང་གཏད་དྲགས་པ་གང་ཡིན་རུང་སློབ་སྦྱོང་ལ་ཤུགས་རྐྱེན་ཐེབས་ངེས།
1. བློ་རྩེ་གཅིག་ལ་གཏད་མི་ཐུབ་པ།
བྱིས་པ་ལ་ལ་རྩེད་གཡེང་ལ་དགའ་བས་བློ་རྩེ་གཅིག་ལ་གཏད་མི་ཐུབ་ལ། དཔེ་ཆར་ལྟ་སྐབས་འཛེར་སྒྲས་ཤུགས་རྐྱེན་ཐེབས་སླ། སློབ་ཁྲིད་དང་འབྲེལ་བ་མེད་པའི་ཕྱི་རོལ་ཡུལ་གྱི་འཛེར་སྒྲ་ཆེ་དྲགས་ན་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་མི་ཐུབ། ལས་བྱ་བྲིས་ན་དལ་བ་དང་སྒེར་ཚུགས་ཀྱིས་ལེགས་འགྲུབ་བྱེད་མི་ཐུབ་པས་དུས་ཡུན་རིང་པོར་ཁྱིམ་བདག་གིས་རོགས་རམ་བྱེད་དགོས། སློབ་སྦྱོང་ལ་དཀའ་ཁག་ཡོད་པས་དོགས་ཟོན་ཇེ་ཆེར་འགྲོ་ལ་དགའ་སྐྱོ་ཆགས་སྡང་ངེས་མེད་ཡིན།
2. བློ་སེམས་གཅིག་ལ་གཏད་དྲགས་པ།
བྱིས་པ་ལ་ལ་བསླབ་དེབ་སྟེང་གི་གྲངས་ཀར་བལྟ་བར་དགའ། དཔེར་ན། ཤོག་ལྷེའི་ཨང་གྲངས་ལ་བལྟ་བ་ལས། བསླབ་དེབ་ཀྱི་ནང་དོན་དངོས་གཞི་ལ་དོ་སྣང་མི་བྱེད་པ་ལྟ་བུ། ནང་དོན་གཙོ་བོ་བསྐྱུར་ནས་ཞིབ་ཆ་ཕལ་བ་གཙོ་བོར་འཛིན།
(བཞི) ཡིད་འཛིན་ནུས་པའི་གནད་དོན།
ཡིད་འཛིན་ནུས་པ་དང་ཡིད་འཛིན་གྱི་ཐབས་ཇུས་ཐད་ལ་ཞན་ཆ་ཡོད་པ་ནི་སློབ་སྦྱོང་ལ་དཀའ་ཁག་ཡོད་པའི་མཚོན་རྟགས་ཤིག་ཡིན། བྱིས་པ་ལ་ལས་བསམ་བཞིན་དུ་ལས་བྱ་བརྗེད་པ་དང་མ་བྲིས་པ་མིན་པར། བྱིས་པ་འདི་དག་ལ་ཐོས་ཚོར་དང་མཐོང་ཚོར་གྱི་ཐད་ལ་ཡིད་འཛིན་གྱི་དཀའ་ཁག་ཡོད་པས་ཡིན། ཡིད་འཛིན་གྱི་དཀའ་ཁག་ཡོད་པས་དེ་རིང་བསླབ་ན་སང་ཉིན་བརྗེད་འགྲོ། ཐ་ན་ཐོས་པའི་གྲངས་ཀ་དང་མིང་ཚིག ཁ་བརྡ་སོགས་བསྐྱར་ཟློས་ཀྱང་བྱེད་དཀའ།
(ལྔ) བར་སྟོང་དང་དུས་ཚོད་གཏན་འཁེལ་བྱེད་དཀའ་བ།
བྱིས་པ་འདི་དག་ལ་དུས་ཚོད་ཀྱི་འདུ་ཤེས་མེད་ཅིང་དེའི་དོན་སྙིང་མི་ཤེས་པས་རྒྱུན་པར་ཕྱི་འབྱོར་སྔ་ལོག་བྱེད། བར་སྟོང་གཏན་འཁེལ་གྱི་ནུས་པ་ཡང་ཞན་པས་རྒྱུན་པར་ཆ་རྒྱུས་ཡོད་པའི་ཁོར་ཡུག་ཏུ་ཡང་མགོ་འཁོར་འགྲོ ཆེ་ཆུང་དང་རིང་ཐུང། ཡང་ལྕི་སོགས་ལ་བརྡར་ཤ་གཅོད་སྐབས་ཧེ་བག་ཅུང་ཆེ་ཞིང་། ཁ་ཕྱོགས་དང་གཡས་གཡོན་གྱི་དབྱེ་བ་དགར་དཀའ་འོ། །