དུས་ཚོད་ཀྱི་བཞུར་རྒྱུན།
ཡུལ་ཧྲུའུ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ། དབང་ཆེན་སྒྲོལ་མ།
དུས་ཚོད་ནི་ལྷུང་ལྷུང་བཞུར་བའི་གཙང་བོ་ཆེན་པོ་ཞིག་དང་འདྲ་ཞིང་། ཆད་པ་མེད་པའི་བཞུར་རྒྱུན་ལ་བརྟེན་ནས་རྒྱ་མཚོ་ཆེན་པོའི་ནང་དུ་བཞུར་འགྲོ། དུས་ཚོད་ནི་འུར་འུར་ལྡིང་བའི་རླུང་བུ་ཆེན་པོ་ཞིག་དང་ཡང་འདྲ་སྟེ། དེ་མ་ཐག་ཏུ་གར་སོང་ཆ་མེད་དུ་གྱུར་འགྲོ་ལ། ང་ཚོ་ཡང་ཤེས་མེད་ཚོར་མེད་ཀྱི་ངང་ནས་ལོ་ངོ་དྲུག་གི་སློབ་ཆུང་མཐར་ཕྱིན་པར་མ་ཟད། ལོ་ངོ་དྲུག་གི་སློབ་འབྲིང་རིམ་པ་ཡང་མཐར་ཕྱིན་ལ་ཉེ།
དུས་ཚོད་ནི་གསེར་ལས་ལྷག་པའི་རིན་པོ་ཆེ་ཞིག་སྟེ།ང་ཚོས་ནམ་རྒྱུན་རིན་པོ་ཆེ་རུ་བརྩི་བཞིན་པའི་གསེར་དངུལ་གཡུ་བྱུར་ནི་སྒོར་མོ་མང་པོ་བྱིན་ནས་ཉོས་ཀྱང་ཆོག་མོད། དུས་ཚོད་ནི་ཇི་འདྲའི་རིན་པོ་ཆེ་མང་པོ་ཞིག་བྱུར་བུར་སྤུངས་ཏེ་ཉོ་བར་འདོད་ན་ཡང་ཉོ་ཐབས་མེད། དེའི་ཕྱིར། ང་ཚོས་རང་ཉིད་ད་དུང་ལོ་ན་གཞོན་ཞིང་དུས་ཚོད་མང་པོ་ཞིག་ཡོད་འདོད་པ་ནི།གནའ་མིའི་ངག་རྒྱུན་ལ། མི་བརྒྱ་ཡིས་རྟ་བརྒྱ་ལ་སྒ་བསྟོད་པ་ལ། མི་གཅིག་གིས་རྟ་གཅིག་ལ་སྒ་བསྟོད་པར་ཅི་འགོར་རམ་སྙམ་སྟེ་ངལ་གསོས་མཐར་ཀུན་གྱི་རྗེས་སུ་ལུས་པ་རེད་ཅེས་གྲགས་པ་དེ་དང་གཉིས་སུ་མེད།དེའི་ཕྱིར།ང་ཚོས་སློབ་དཔོན་མཆོག་སྲེད་ཀྱི《ཚིགས་སུ་བཅད་པ་བརྒྱ་པ》རུ ། བྱ་བ་ཟིན་ནམ་མ་ཟིན་ཞེས། །འཆི་བདག་སྡོད་པར་མི་འགྱུར་བས། །སང་གི་བྱ་བ་དེ་རིང་སྟེ། །ཕྱི་དྲོའི་བྱ་བ་སྔ་དྲོའོ། །ཞེས་གསུངས་པ་ལྟར། བསྒྲུབ་འོས་ཤིང་བྱེད་འདོད་པའི་ལས་ཀ་དེ་དག་དེ་མ་ཐག་ཏུ། དུས་ཚོད་དམ་འཛིན་བྱས་ཏེ་ལག་ལེན་བྱེད་པ་གལ་ཆེ་བ་ཡིན། དེ་ལྟར་དུས་ཚོད་དམ་འཛིན་བྱས་ཏེ་ལས་ཀའི་རྒྱུན་སྐྱོང་མཁན་དག་ལ། ད་གཟོད་གཡུར་དུ་ཟ་བའི་གྲུབ་འབྲས་འབྱུང་ངེས་ཡིན་ཏེ། དཔེར་ན། སྐྱེ་དངོས་འཕེལ་འགྱུར་རིག་པའི་མཁས་པ་ཆེན་པོ་ཏར་ཝུན་དང་འདྲ་སྟེ། ཁོང་གི་ཚེ་གང་བོར་ནད་མང་བས་ཉི་མ་རེ་ལ་ཆུ་ཚོད་གཅིག་ལ་མ་གཏོགས་བྱ་བ་སྒྲུབ་མི་ཐུབ་མོད། ཁོང་གིས་ཉིན་ལྟར་དུས་ཡུན་ཆུ་ཚོད་གཅིག་བེད་སྤྱད་ནས་དགོས་མཁོ་ཡོད་པའི་དཔེ་ཆ་ཤོག་ལྷེ་བཅུ་རེ་གཟིགས་པ་དང་། ལོ་ཧྲིལ་པོར་ཤོག་ལྷེ་སུམ་སྟོང་དྲུག་བརྒྱ་ཙམ་གཟིགས་ཏེ། ལོ་སུམ་ཅུར་ཤོག་ལྷེ་འབུམ་གཅིག་དང་ཁྲི་གཅིག་ལ་གཟིགས་ཡོད་པས། ད་གཟོད་སྐྱེ་དངོས་འཕེལ་འགྱུར་རིག་པ་ཞེས་འཛམ་གླིང་ན་མིང་དུ་གྲགས་པའི་ཚན་རིག་བརྩམས་ཆོས་དེ་ལེགས་འགྲུབ་བྱུང་སྟེ། མིའི་རིགས་ཀྱི་ཤེས་བྱའི་བང་མཛོད་དུ་བྱས་རྗེས་ཆེན་པོ་ཞིག་བཞག་པ་མ་ཡིན་ནམ། གལ་ཏེ་ང་ཚོས་ཀྱང་དེ་ལྟར་དུས་ཚོད་དམ་འཛིན་བྱས་ཏེ་རྒྱུན་ཆགས་ལྟར་ལས་ཀ་གང་ཞིག་བསྒྲུབ་ནུས་ཚེ། མིག་མདུན་གྱི་རི་རབ་ལྟར་འགྱིང་ཞིང་རྒྱ་མཚོ་བཞིན་མེར་བའི་མཐོ་རྒྱུགས་ཀྱི་ཕ་རོལ་བརྒལ་རྒྱུ་ནི་དེ་འདྲའི་དཀའ་ངལ་ཆེན་པོ་ཞིག་ག་ལ་ཡིན་སྲིད།
ང་ཚོ་ལོ་ཆུང་གཞོན་ནུ་དག་ནི་རང་རྟོགས་དང་རང་འགུལ་ཆེན་པོའི་གཞོན་ནུའི་དུས་ཀྱི་སློབ་སྦྱོང་གི་གོ་སྐབས་དམ་འཛིན་བྱེད་ནུས་པ་འབའ་ཞིག་གཞར་ཡང་མ་ཡིན་པས།ལོ་ངོ་བཅུ་ལྷག་ལ་སློབ་གྲྭར་སོང་ཡང་བོད་ཡིག་ཤེས་ན་རྒྱ་ཡིག་མི་ཤེས་པ་དང་། རྒྱ་ཡིག་ཤེས་ན་བོད་ཡིག་མི་ཤེས་པ་ལྟ་བུའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད། དོན་དངོས་སུ་བཤད་ན། ང་ཚོས་ལོ་ངོ་བཅུ་ལྷག་གི་རིང་ལ་བསླབ་ཚན་ཚང་མ་མཐར་ཕྱིན་པ་ཞིག་ཤེས་འགྲོ་བའི་ནུས་པ་མེད་ན་ཡང་། མཐོ་རྒྱུགས་ཀྱི་བསླབ་ཚན་ཡོངས་རྫོགས་ཀྱི་སྡོམ་སྐར་སྐར་མ་བདུན་བརྒྱ་ལས་བཞི་བརྒྱའམ། ཡང་ན་སྐར་མ་ལྔ་རྒྱ་ལེན་རྒྱུའི་གདེང་ཚོད་དང་ནུས་པ་ཡོད་དགོས་ངེས་ཡིན་མོད། དེ་ལྟ་བུ་མི་ནུས་པའི་ང་དང་ང་ལྟ་བུའམ། ཡང་ན་ང་ལས་དམན་པའི་སློབ་གྲོགས་མང་པོ་ཞིག་ཡོད་པ་དོན་དངོས་མ་ཡིན་ནམ། དེ་བས་ང་ཚོས་དུས་ཚོད་གཅེས་པར་བཟུང་སྟེ་དམ་འཛིན་བྱེད་མཁས་ན། ངལ་གསོ་དང་རྩེད་འཇོ། སློབ་སྦྱོང་དང་ལག་ལེན་བྱ་འགུལ་སྣ་ཚོགས་འཐུས་ཤོར་མེད་པའི་སྒོ་ནས་འགྲུབ་ནུས་པ་ནི་མིག་མཐོང་ལག་ཟིན་རེད། དེ་བས་ང་ཚོས་དུས་ཚོད་སྐར་ཆ་གཅིག་ཀྱང་མ་ལུས་པར་སློབ་སྦྱོང་དང་། ཡང་ན་དོན་དག་གཅིག་ཁོ་ན་བསྒྲུབ་དགོས་སམ་ཞེ་ན། དེ་ནི་ཅུང་ཟད་དོན་དངོས་དང་མི་མཐུན་པ་ཞིག་ཡིན་མོད། ཉིན་རེའི་སློབ་སྦྱོང་གི་དུས་ཚོད་དེ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱེད་པའི་སྟེང་དུ་བཀོལ་ནུས་ཚེ། སློབ་གྲྭ་ཆེན་མོ་གང་ཞིག་གི་ཆེད་ལས་བཟང་པོ་ཞིག་ལ་རྒྱུགས་འཕྲོད་རྒྱུའི་ཕུགས་བསམ་དང་རེ་འདུན་དེ་ལེགས་འགྲུབ་བྱེད་ནུས་པར་ངེས་སོ། །