འབྲས་བཟང་ཁུར་གྱིས་བྱུར་བུར་གཏམས་པའི་བགྲང་བྱ་ཉི་ཤུ།
མཚོ་སྔོན་བདེ་ལུང་པར་ཁང་གི་གནས་ཚུལ་རགས་བཀོད།
མཚོ་སྔོན་བདེ་ལུང་རིག་གནས་གསར་གཏོད་འགན་འཁྲི་ཚད་ཡོད་ཀུང་སི་ནི་ཡིག་གཏགས་དང་ཇུས་འགོད། སྒྲིག་བཟོ་དང་པར་འདེབས་སོགས་པར་སྐྲུན་གྱི་ལས་སྒོ་ཆ་ཚང་གཅིག་ལྕོགས་སུ་སྒྲུབ་པའི་རིག་གནས་དོན་གཉེར་གྱི་ཁེ་ལས་ཤིག་ཡིན། དེ་ཡང2004ལོར་ཐོག་མར་བཙུགས་པའི་བཟོ་གྲྭ་ཆུང་ཆུང་ཞིག་ནས། ལོ་ངོ་ཉི་ཤུའི་རིང་གི་ལས་གཏོད་འཚོལ་སྙེག་གི་ལམ་བུ་བརྒྱུད་མཐར། གཞི་ནས་པར་འདེབས་ཀྱི་ཆ་ལག་ཡོངས་སུ་ཚང་ཞིང་འཕེལ་ཁ་དར་བའི་ད་ལྟའི་ཁེ་ལས་འདི་འདྲ་ཞིག་ཏུ་གྱུར།
ཁེ་ལས་ལ་རྣམ་པ་ཡག་པོ་འདི་འདྲ་ཐོན་པར། ཁེ་ལས་ཀྱི་རུ་སྣ་འདྲེན་མཁན་གང་དེར་ཁ་འབྲལ་ཐབས་མེད་པས། ང་ཚོ་བདེ་ལུང་པར་ཁང་གི་སྤྱི་གཉེར་པ་ཀྲང་ཧྥེང་ཕིན་དང་བཅར་བ་དང་། མོས“ཁེ་ལས་ཀྱིས་གཅིག་ནས་ཐོན་རྫས་ཀྱི་རྒྱུ་སྤུས་གཙིགས་སུ་ལེན་ལ། གཉིས་ནས་ལག་རྩལ་འཇོན་མིའི་ནང་འདྲེན་ལ་ཤུགས་རྒྱག་རྒྱུ་གཙོ་བོར་བཟུང་ཡོད”ཟེར། སྨྲ་བ་ཉུང་ཡང་སྐད་ཆ་དེ་ལས་མོས་བདེ་ལུང་པར་ཁང་གི་འཕེལ་རྒྱས་ཀྱི་ལམ་ཕྱོགས་གསལ་པོར་སེམས་སུ་ངེས་ཡོད་པ་རྟོགས་ཐུབ་སྟེ། མོས་སྤུས་ལེགས་ཀྱི་ཐོན་རྫས་མེད་ན་འཛད་སྤྱོད་པ་འགུག་ཐབས་མེད་ལ། ཆེད་ལས་ལག་རྩལ་པ་མེད་ན་ཐོན་རྫས་ཀྱི་རྒྱུ་སྤུས་ཁག་ཐེག་བྱེད་དཀའ་ཞེས་བརྗོད་པ་ནང་བཞིན་རེད། དེ་འདྲའི་ངོས་ཟིན་གསལ་པོ་ལག་ལེན་དུ་བསྟར་བས། ལོ་ངོ་འདི་དག་གི་རིང་ལ། བདེ་ལུང་པར་ཁང་གིས་ཚན་རྩལ་དང་རྩོམ་རིག དམངས་སྲོལ། ཞིང་ཕྱུགས་ལས། བསྟན་བཅོས་དང་རིག་གཞུང་སོགས་དང་འབྲེལ་བའི་དཔེ་དེབ་དང་དུས་དེབ་བགྲང་གིས་མི་ལངས་པ་ཞིག་པར་དུ་བཏབ་ཅིང་། ད་དུང་ཡང་ཚོང་ལམ་གྱི་འགྲོ་འོང་རྒྱུན་ཆད་མེད་པར་འཕེལ་བཞིན་པ་ལས། ཁོ་ཚོའི་ཐོན་རྫས་ལ་འཛད་སྤྱོད་ཚོང་ཁྲོམ་དུ་དགའ་བསུ་ཅི་འདྲ་ཐོབ་བཞིན་པ་རང་བཞིན་གྱིས་ཤེས་ཐུབ།
ལོ་ངོ་འདི་དག་གི་ཁེ་ལས་དར་སྤེལ་ཁྲོད་དུ། བདེ་ལུང་པར་ཁང་གིས་རྒྱལ་ཡོངས་པར་འདེབས་ལག་རྩལ་པ་འཇོན་པོ་དང་མཚོ་སྔོན་ཞིང་ཆེན་པར་འདེབས་ལག་རྩལ་པ་དཔེ་ལེགས་སོགས་འདེམས་པའི་བྱ་འགུལ་ཁྲོད། ལག་རྩལ་པ་ཆེད་མངགས་ཀྱིས་བདེ་ལུང་གི་ལག་རྩལ་དང་ཇུས་འགོད་ཀྱི་ཉམས་འགྱུར་མངོན། ལྷག་པར་དུ་བོད་ཡིག་དཔེ་དེབ་ཀྱི་པར་འདེབས་ཕྱོགས་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས། བོད་ཡིག་དཔེ་དེབ་ཀྱི་པར་འདེབས་ནི་བདེ་ལུང་པར་ཁང་གི་ཁྱད་དུ་འཕགས་པའི་ཟོང་རྟགས་ཤིག་ཏུའང་གྱུར་ཡོད། བོད་ཡིག་པར་སྒྲིག་ཇུས་འགོད་ཁང་གི་འགན་འཛིན་པ་སངས་རྒྱས་སྒྲོལ་མས། “བདེ་ལུང་པར་ཁང་འདི་ལོ་ངོ་ཉི་ཤུའི་ལོ་རྒྱུས་ཡོད་པའི་པར་ཁང་རྙིང་པ་ཞིག་ཡིན། རྒྱུན་ལྡན་དུ་རྒྱ་བོད་ཡིག་རིགས་གཉིས་ཀའི་དཔེ་དེབ་མང་པོ་པར་འདེབས་བྱེད་ཀྱིན་ཡོད་ལ། དེ་ལས་ལོ་འདི་དག་གི་རིང་ལ《བོད་ཀྱི་དམངས་སྲོལ་རིག་གནས》དང《རྩེར་སྙེག》《ཟླ་ཟེར》《ཀྲུང་གོའི་བོད་ཀྱི་གསོ་རིག》《མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ》སོགས་བོད་ཡིག་གི་རིག་གཞུང་དང་རྩོམ་རིག་སྒྱུ་རྩལ་གྱི་དུས་དེབ་འབོར་ཆེན་ཞིག་པར་དུ་བཏབ་དང་འདེབས་ཀྱིན་ཡོད་པར་མ་ཟད། དེབ་ཕྲེང་གི་ཚོགས་ཀྱང་མང་པོ་ཞིག་པར་དུ་བཏབ་ཡོད། དཔེར་ན་མཚོ་སྔོན་ནང་བསྟན་སློབ་གླིང་གི་བསླབ་གཞིའི་དེབ་ཕྲེང《ལམ་རིམ་ཁྲིད་ཆེན་བཅོ་བརྒྱད》ལྟ་བུ་དང་། 《ཡུལ་ཤུལ་དམངས་སྲོལ་རིག་གནས་དེབ་ཕྲེང》ལྟ་བུ་རེད”ཟེར།
མོས་བཤད་པ་ལྟར་ན། བདེ་ལུང་པར་ཁང་ནི་ཡིག་གཏགས་དང་སྒྲིག་སྦྱོར། ཇུས་འགོད་དང་པར་འདེབས་སོགས་ཀྱི་ཆ་ལག་ཡོངས་སུ་ཚང་བའི་པར་ཁང་ཞིག་ཡིན་ལ། པར་ཁང་འདི་འདྲ་ཟི་ལིང་ས་ཁུལ་ན་དཀོན་པོ་ཡིན། དེ་བཞིན་དུ། བོད་ཡིག་པར་སྒྲིག་ཇུས་འགོད་ཁང་གི་ཞུ་དག་པའི་འགན་འཛིན་པ་ཕུན་ཚོགས་ཀྱིས་ཀྱང་། “ང་ཚོ་བདེ་ལུང་པར་ཁང་ལ་མཚོན་ན། པར་འདེབས་ཀྱི་ཆ་ལག་ཡོངས་སུ་ཚང་ལ། ལས་རིམ་སོ་སོའི་ལས་གཉེར་པ་རྣམས་ཀྱང་སྒྲིག་བཟོ་དང་ཇུས་འགོད་སོགས་ཀྱི་ཆེད་ལས་ཤེས་བྱར་འཇོན་པའི་ན་གཞོན་ཤེས་ཡོན་པ་འབའ་ཞིག་ཡིན། གཞན་དུ་ང་ཚོའི་པར་འདེབས་འཕྲུལ་ཆས་ནི་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་འཕྲུལ་ཆས་རྩེ་གྲ་རྐྱང་རྐྱང་ཡིན། དེ་བཞིན་དུ་ང་ཚོས་ལས་རིམ་སོ་སོའི་སྤུས་ཀའང་ཚད་གཞི་མཐོ་ཤོས་ནས་ཁག་ཐེག་བྱེད་ཀྱིན་ཡོད་པས། ང་ཚོའི་པར་ཁང་ལ་དཔེ་དེབ་པར་འདེབས་སུ་ཡོང་མཁན་ཤིན་ཏུ་མང་ལ། ང་ཚོ་རང་གིས་ཀྱང་སོ་སོའི་བྱ་བ་འདི་རིག་གནས་ལས་དོན་སྤེལ་བའི་བྱ་གཞག་རླབས་ཆེན་ཞིག་ལ་ངོས་བཟུང་ཡོད”ཟེར།
བདེ་ལུང་པར་ཁང་གི་གཞུང་སྒྲུབ་ཁང་སོ་སོར་ལས་ལ་བྲེལ་བའི་གསོན་ཤུགས་ཀྱི་རྣམ་པས་ཁེངས་འདུག་ལ། སྤྱི་གཉེར་པ་ཀྲང་ཧྥེང་ཕིན་གྱིས་བྲེལ་ཟིང་གི་བར་ནས་ང་ཚོར་འདི་ལྟར་བརྗོད།“བདེ་ལུང་པར་ཁང་གི་ཁེ་ལས་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ང་ཚོས་བདེ་ལུང་གི་ལོ་ངོ་ཉི་ཤུའི་སྐྱེས་སྐར་བསུ་བའི་རིག་རྩལ་ལྷན་འཛོམས་ཤིག་སྤེལ་བར་གྲ་སྒྲིག་བྱེད་ཀྱིན་ཡོད། ང་ཚོས་འབད་པ་ཆེན་པོས་མཚོ་སྔོན་གྱི་རིག་གནས་དར་སྤེལ་ལ་ཕན་པའི་གྲུབ་འབྲས་གསར་པ་བླངས་ནས་བདེ་ལུང་གི་ལེའུ་གསར་པ་ཞིག་འབྲི་ཐུབ་པར་སྨོན།”