ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རྒྱང་སྒྲོག་གློག་བརྙན་འཕྲིན་བརྡ་ཆད་ཡིག་སྒྱུར་ཐད་ཀྱི་བསམ་གཞིག

དང་པོ། རྒྱང་སྒྲོག་གློག་བརྙན་འཕྲིན་བརྡ་ཆད་ཡིག་སྒྱུར་མཁན་ལ་ཚང་དགོས་པའི་ཆ་རྐྱེན།

སྨྱན་སྦྱོར་གསར་པ་ཆེས་ཆེར་དར་བའི་དུས་འདིར་རིག་གནས་ཕྱིར་སྤེལ་དང་ནང་འདྲེན་བྱེད་པར་རྒྱང་སྒྲོག་གློག་བརྙན་འཕྲིན་གྱིས་ནུས་པ་བླ་ལྷག་ཐོན་གྱིན་ཡོད། རྒྱ་བོད་རྒྱང་སྒྲོག་གློག་བརྙན་འཕྲིན་བརྡ་ཆད་ཡིག་སྒྱུར་གྱི་སྤུས་ཚད་མཐོར་འདེགས་དང་ཚད་ལྡན་དུ་གཏོང་དགོས་ན་ཡིག་སྒྱུར་ལོ་ཙཱ་བར་ངེས་པར་དུ་ཆ་རྐྱེན་ངེས་ཅན་འཛོམས་དགོས། དེ་བས་འདིར་རང་གི་ཉམས་མྱོང་གཞིར་བྱས། རྒྱང་སྒྲོག་གློག་བརྙན་འཕྲིན་གྱི་བརྡ་ཆད་ཡིག་སྒྱུར་ཐད་ནས་མྱོང་སྣང་ཕྲན་ཙམ་བརྗོད་པ་ལ།

གཅིག བརྡ་ཆད་ཡིག་སྒྱུར་བྱེད་པར་ཀུན་སློང་གཙང་མ་དང་བསམ་བློའི་འདུ་ཤེས་ཡག་པོ་ལྡན་དགོས།

ཡིག་སྒྱུར་བྱེད་མཁན་གྱི་ཀུན་སློང་དང་འདུ་ཤེས་ནི་ཡིག་སྒྱུར་བྱ་བ་ལེགས་འགྲུབ་ཡོང་མིན་གྱི་རྩ་བ་ཡིན་པས། ཡིག་སྒྱུར་བྱེད་མཁན་གྱི་ཀུན་སློང་དང་འདུ་ཤེས་ཀྱི་ཐད་ནས་ཆ་རྐྱེན་འདོན་རྒྱུ་ཤིན་ཏུ་གལ་ཆེ་སྙམ། དེང་རབས་ཀྱི་བརྡ་ཆད་གསར་པ་ཡིག་སྒྱུར་བྱེད་མཁན་གྱི་ལོ་ཙཱ་བའི་ངོས་ནས། ཐོག་མར་བདག་གཞན་གཉིས་མེད་ཀྱི་ཀུན་སློང་གཙང་མ་ཡོད་དགོས། དེར་མ་ཟད་ཡིག་སྒྱུར་བྱ་བར་ལྟ་བ་ཡང་དག་གྲུབ་དགོས། རང་རེའི་བོད་ལ་མཚོན་ན་གནའ་ནས་བཟུང་ལོ་ཙཱ་བ་མང་པོས་སངས་རྒྱས་ཀྱི་བཀའ་བསྟན་རིན་པོ་ཆེའི་གླེགས་བམ་རི་བོའི་གཏོས་དང་མཉམ་པ་མང་པོ་ལོ་ཙཱ་བྱས་ཤིང་། བསྟན་བཅོས་དེ་དག་ལོ་ཙཱ་བྱེད་པར་ཀུན་སློང་གཙང་མས་ཀུན་ནས་བསླངས་ཏེ་འགྱུར་ཡིག་དེ་ཡང་མ་ཡིག་དང་འདྲ་དཔར་བླངས་པ་ཇི་བཞིན་དོན་སྤྱི་གསལ་བོར་མཚོན་པའི་ཀུན་སློང་ཡང་དག་འོག་ལོ་ཙཱ་བྱས་ཡོད། དེ་བཞིན་དུ་དེང་སྐབས་རིག་གནས་སྣ་མང་གི་འབྲེལ་འདྲིས་ཤུགས་དྲག་པའི་སྐབས་འདིར། བོད་དུའང་རྩིས་དངོས་རྫས་གསུམ་དང་ཆབ་སྲིད་ལོ་རྒྱུས་ལ་སོགས་ལོ་ཙཱ་བྱེད་པར་ཡང་ཀུན་སློང་དེ་འདྲ་མིག་དཔེར་བལྟ་འོས་ཤིང་། རྒྱང་སྒྲོག་གློག་བརྙན་འཕྲིན་སྐོར་གྱི་བརྡ་ཆད་ཡིག་སྒྱུར་བྱེད་པར་ཡང་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་མི་འགྲོ་བར་མ་ཡིག་གི་དོན་དང་མ་འགལ་བ། བོད་རང་གི་བརྡ་སྤྲོད་ཀྱི་ལུགས་དང་མཐུན་པ།བོད་མི་རང་ལ་གོ་བདེ་བ་ཞིག་ཡིན་དགོས་པ་བཅས་ཀྱི་ཆ་རྐྱེན་འོག་ཡིག་སྒྱུར་གྱི་སྐྱོན་ཐམས་ཅད་སྤངས་ཏེ་མ་ཡིག་གི་དོན་ཇི་བཞིན་ལོ་ཙཱ་བྱེད་རྒྱུ་ཤིན་ཏུ་གལ་ཆེ་སྙམ།

གཉིས། ཆེད་ལས་ཀྱི་རྨང་གཞིའི་ཤེས་བྱ་དང་གཞི་རྩའི་འཇོན་ནུས་འཛོམས་དགོས།

ལོ་ཙཱའི་གཞི་རྩའི་འཇོན་ནུས་ནི་སྔོན་ཆད་བོད་རང་དུ་བཤད་པའི་སྒྱུར་ཐབས་རྣམ་པ་བཞི་ཙམ་ལ་གོ་བ་མ་ཡིན་པར།དེང་གི་སྤྱི་ཚོགས་འཕེལ་བའི་དགོས་མཁོ་དང་བསྟུན་ཏེ་ཡིག་སྒྱུར་མ་ལག་དང་འཕྲིན་སྐྱེལ་སྒྲིག་ཆས་སྤྱོད་པ་སོགས་ཀྱང་གཞི་རྩའི་ནུས་པའི་གྲལ་དུ་ཚུད་སྙམ། ཚན་རིག་དང་དཔལ་འབྱོར་གྱི་འཕེལ་རྒྱས་མགྱོགས་ལ་རིག་གཞུང་སྣ་མང་གི་འབྲེལ་འདྲིས་མང་བའི་དེང་སྐབས། སྣ་འཛོམས་རང་བཞིན་གྱི་ལོ་ཙཱའི་འཇོན་མི་བསྐྱེད་སྲིང་བྱེད་པ་ནི་དུས་རབས་ཀྱི་འགན་འཁྲི་ཡིན་ཞིང་གོ་ལ་གཞི་གཅིག་ཅན་དུ་བསྒྱུར་བའི་སྟ་གོན་ཡང་ཡིན། དེ་བས་ལོ་ཙཱ་བ་ཞིག་ཡིན་ན་དེང་སྐབས་ཀྱི་གཞི་རྩའི་འཇོན་ནུས་དག་ལོ་ཙཱའི་ལག་ལེན་དུ་བཀོལ་སྤྱོད་བྱེད་པ་དང་སྒོས་སུ་རྒྱང་སྒྲོག་གློག་བརྙན་འཕྲིན་བརྡ་ཆད་ཡིག་སྒྱུར་ལ་མཚོན་ན་རིག་ཚན་སྣ་མང་གིས་གྲུབ་ཡོད་པས། དེ་དག་བེད་སྤྱོད་བྱས་ན་ལོ་ཙཱའི་ལས་ཕྱོད་མཐོར་འདེགས་དང་སྔོན་གྱི་སྒྱུར་ཐབས་བཞི་གཙོར་བྱས་པའི་སྒྱུར་ཐབས་ལ་རམ་འདེགས་ཀྱི་ནུས་པ་ཐོན་ཐུབ། དེ་བས་ལོ་ཙཱའི་བརྒྱུད་རིམ་ཁྲོད་རྨང་གཞིའི་ཤེས་བྱ་ཡིས་གཞི་རྩའི་འཇོན་ནུས་ལ་ཐོག་མའི་ཆ་རྐྱེན་བསྐྲུན་ཞིང་གཞི་རྩའི་ནུས་པས་རྨང་གཞིའི་ཤེས་བྱ་བརྒྱུད་སྤྲོད་བྱེད་ཐུབ།

གཉིས་པ། བརྡ་ཆད་ཚད་ལྡན་ཅན་དང་ཚད་གཞི་ཅན་གཏན་ལ་འབེབས་པ།

གནའ་ནས་རྒྱལ་བའི་གསུང་རབ་མང་པོ་བོད་དུ་བསྒྱུར་བའི་སྐབས་སུ་དེ་དག་གི་བརྡ་ཆད་ཚད་ལྡན་དང་ཚད་གཞི་ཇེ་མཐོར་གཏོང་ཆེད་བཀས་བཅད་རིམ་པར་མཛད་ཡོད་ཅིང་། ལོ་ཙཱ་བའི་དཔུང་སྡེ་དེ་ཡང་སྐད་དང་ཤེས་བྱ་ཀུན་ལ་དབང་འབྱོར་ཞིང་སྐད་གཉིས་ཡིག་སྒྱུར་ལ་བྱང་ཆུབ་པའི་ལོ་ཙཱ་བའི་སྡེ་ཆེན་པོའི་རྣམ་དཔྱོད་ལ་བརྟེན་ནས་ཆོས་དཔེ་པོ་ཏི་མང་པོ་སྒྱུར་བསྒྲིགས་མཛད་ཡོད། དེང་སྐབས་ང་ཚོས་གནའ་བོའི་དཔེ་ཆ་མང་པོར་མཇལ་སྐབས་དེ་དག་གི་བརྡ་ཆད་ཚང་མ་གཅིག་གྱུར་ཡིན་ཞིང་འགྱུར་ཡིག་མི་མཐུན་པ་སྣ་ཚོགས་མེད་པ་འདི་ཡང་བརྡ་ཆད་ཚད་ལྡན་ཅན་དང་ཚད་གཞི་ཅན་བྱུང་བའི་མཚོན་རྟགས་ཤིག་ཡིན། དེ་བཞིན་བོད་དུ་དེང་གི་དུས་འདིར་ཚན་རྩལ་ཤེས་བྱ་དང་དཔལ་འབྱོར་རིག་པ། ཚོང་ལས་རིག་པ། སྨྱན་བྱད་ཡོ་ཆས་སོགས་ལོ་ཙཱ་བྱེད་པར་གཅིག་གྱུར་གྱི་ལོ་ཙཱ་བའི་དཔུང་སྡེ་མེད་པས་ན་འགྱུར་ཡིག་སྣ་ཚོགས་ཡིན་ཞིང་། ཚད་ལྡན་གཅིག་གྱུར་གྱི་ཚད་གཞི་མེད་པས་འགྱུར་ཡིག་གི་བརྗོད་དོན་མ་ཡིག་གི་དོན་དང་འགལ་བ་ཅན་ཡོད་པས་ཚད་ལྡན་གྱི་འགྱུར་མིང་གཏན་འབེབས་བྱེད་པར་ཚད་ལྡན་གྱི་ལོ་ཙཱ་བའི་དཔུང་སྡེ་གསོ་སྐྱོང་བྱ་དགོས། རིག་ཚན་སོ་སོའི་ལོ་ཙཱའི་འཕྲིན་ལས་རྒྱས་དགོས་ན། ལོ་ཙཱའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་ཞིང་ལག་ལེན་གྱི་སྦྱོང་བརྡར་ལ་བྱང་བ།ཉམས་མྱོང་ཕུན་སུམ་ཚོགས་པ།ཆེད་ལས་ཤེས་བྱ་སོགས་ཁོང་དུ་ཆུད་པའི་ལོ་ཙཱ་བ་ཞིག་ཡིན་དགོས། རྒྱང་སྒྲོག་གློག་བརྙན་འཕྲིན་སྐོར་གྱི་བརྡ་ཆད་ཀྱང་དེ་ལས་མ་འདས། ཕུལ་བྱུང་གི་ལོ་ཙཱ་བའི་ལག་ལེན་ཁྲོད་བརྡ་ཆད་ཚད་ལྡན་དུ་གཏོང་ཐུབ་ལ། ཡང་དག་པའི་ལོ་ཙཱའི་གོ་རིམ་ཁྲོད་བརྡ་ཆད་ཚད་གཞི་ཅན་དུ་གཏོང་ཐུབ། དེ་བས་རིག་ཚན་གང་དེའི་འགྱུར་མིང་ཚད་ལྡན་ཡིན་མིན་དེས་རིག་ཚན་གང་དེའི་ལོ་ཙཱའི་བྱང་ཚད་གོང་འཕེལ་བྱུང་མིན་ཐག་གཅོད་ཐུབ།དེ་བས་གོང་དུ་བཤད་ཟིན་པའི་ལོ་ཙཱའི་རྨང་གཞིའི་ཤེས་བྱ་དང་གཞི་རྩའི་ནུས་རྩལ། ལོ་ཙཱ་བའི་དཔུང་སྡེ་སོགས་ནི་བརྡ་ཆད་ཚད་ལྡན་ཡོང་བའི་ཐོག་མའི་ཆ་རྐྱེན་ཡིན། ལག་ལེན་དང་ཉམས་མྱོང་ཕུན་ཚོགས་སུ་གཏོང་བ་དེ་འགྱུར་མིང་ཚད་ལྡན་ཡོང་བའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན། རྒྱང་སྒྲོག་གློག་བརྙན་འཕྲིན་གྱི་བརྡ་ཆད་བོད་ལ་དར་ནས་དུས་ཡུན་རིང་བོ་མ་འགོར་ཡང་།དུས་ཡུན་འདིའི་རིང་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་མཐར་རྒྱང་སྒྲོག་གློག་བརྙན་འཕྲིན་སྐོར་གྱི་བརྡ་ཆད་མང་པོ་ཞིག་བསྒྱུར་ཡོད། འགྱུར་ཡིག་དེ་དག་ཀྱང་གཅིག་ནས་འབྲེལ་ཡོད་སྡེ་ཁག་གིས་གཅིག་གྱུར་གྱི་ཚད་གཞི་མ་བཟོས་པ་དང་། གཉིས་ནས་སྐད་གཉིས་ཕན་ཚུན་སྒྱུར་བའི་ལོ་ཙཱ་བའི་ཡིག་སྒྱུར་ཆུ་ཚད་ཞན་པ། གསུམ་ནས་རྒྱང་སྒྲོག་གློག་བརྙན་འཕྲིན་སྐོར་གྱི་བརྡ་ཆད་དར་ནས་དུས་ཚོད་རིང་པོ་འགོར་མེད་པས་ཉམས་མྱོང་ཞན་པ། བཞི་ནས་རྒྱང་སྒྲོག་གློག་བརྙན་འཕྲིན་བེད་སྤྱོད་གཏོང་མཁན་གྱིས་ཚད་ལྡན་གྱི་བརྡ་ཆད་བེད་སྤྱོད་གཏོང་བའི་ཀུན་སློང་ཞན་པ་སོགས་ཀྱི་རྐྱེན་གྱིས་ད་སྐབས་འགྱུར་ཟིན་པའི་བརྡ་ཆད་དེ་དག་མ་ཡིག་གི་དོན་སྟོན་ཐུབ་མི་ཐུབ་ཅི་རིགས་དང་། མ་ཡིག་གི་དོན་སྟོན་ཐུབ་ཀྱང་འགྱུར་ཡིག་སྣ་ཚོགས་ཡོད་པ། དེ་དག་གི་དབང་གིས་རྒྱང་སྒྲོག་གློག་བརྙན་འཕྲིན་སྐོར་གྱི་བརྡ་ཆད་ཡིག་སྒྱུར་བྱས་པ་གཞི་འཛིན་སའི་ཚད་གཞི་མེད་པ་དང་ཚད་ལྡན་ཅན་མིན་པའི་གནས་སྟངས་ཆགས་ཡོད། དེས་ན་ཕྱིན་ཆད་རྒྱང་སྒྲོག་གློག་བརྙན་འཕྲིན་སྐོར་གྱི་བརྡ་ཆད་ཡིག་སྒྱུར་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པས་རྒྱང་སྒྲོག་གློག་བརྙན་འཕྲིན་སྐོར་གྱི་བརྡ་ཆད་དང་འབྲེལ་ཡོད་ཀྱི་ལས་ཁུངས་དང་སློབ་གསོ་སྡེ་ཁག ལོ་ཙཱ་བའི་སྡེ་ཁག་བཅས་ཀྱིས་འགྱུར་ཟིན་པའི་བརྡ་ཆད་དག་ཚད་ལྡན་ཡོང་བར་ཚད་གཞིའི་ཡིག་ཆ་གཏན་འབེབས་བཟོ་དགོས།དེ་ལྟར་བྱས་ཚེ་འགྱུར་ཡིག་གཅིག་གྱུར་དང་ལོ་ཙཱའི་ཚད་གཞི་ཇེ་མཐོར་འགྲོ་ཐུབ། དེ་བཞིན་དུ་ཡིག་སྒྱུར་ཚད་ལྡན་ཡོང་བར་བཟོས་པའི་ཚད་གཞི་དེ་དག་བེད་སྤྱོད་གང་ལེགས་བྱེད་དགོས། དེ་ལྟར་བེད་མ་སྤྱད་ཚེ་ཚད་གཞི་དེ་དག་ཀྱང་རང་བཞིན་གྱིས་ལྷག་སྲིད་ལ། ཚད་གཞི་གཏན་འབེབས་བྱས་པ་དག་ཀྱང་མིང་སྟོང་ཙམ་དུ་འགྱུར་སྲིད། དེ་བཞིན་གོང་དུ་བཤད་ཟིན་པའི་བརྡ་ཆད་ལོ་ཙཱའི་ཚད་གཞི་དང་འདྲ་བར་རྒྱང་སྒྲོག་གློག་བརྙན་འཕྲིན་སྐོར་གྱི་བརྡ་ཆད་འགྱུར་མེད་པ་དག་ཀྱང་ཚད་ལྡན་ཅན་དུ་སྒྱུར་བ་དང་གཅིག་གྱུར་གྱི་ཚད་གཞི་གཏན་འབེབས་བྱེད་དགོས། དེ་ལྟར་བྱས་ཚེ་མ་འོངས་པར་བརྡ་ཆད་ཡིག་སྒྱུར་བྱེད་པར་གཅིག་གྱུར་ཡོང་བ་དང་ཚད་ལྡན་ཅན་དུ་གཏོང་ཐུབ་བོ། །

གསུམ་པ། བརྡ་ཆད་ཀྱི་གཞི་གྲངས་མཛོད་བཟོ་བའི་ཐད་ཀྱི་དགོས་པ་དང་གྲོས་གཞི།

རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་སློབ་དཔོན་ཐོན་མིས་ནང་བསྟན་གྱི་གཞུང《སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག》སོགས་བོད་དུ་བསྒྱུར་བ་ནས་བོད་ལ་ལོ་ཙཱའི་གཞུང་ལུགས་དར་བའི་དབུ་འཁྱུད་བྲིས་པ་དང་།རྒྱལ་བོ་ཁྲི་སྲོང་ལྡེ་བཙན་སྐབས་རྒྱ་གར་ལེགས་སྦྱར་སྐད་ཀྱི་ནང་བསྟན་ཆོས་གཞུང་བོད་དུ་བསྒྱུར་ཅིང་།སྔར་གྱི་ཡིག་སྒྱུར་དང་མི་འདྲ་བར་འཐུས་ཇེ་ཚང་དང་ཚགས་ཇེ་དམ་དུ་འགྲོ་བར་སྒྱུར་ཐབས་དང་རྩ་དོན། ཚད་གཞི་སོགས་གཅིག་མཐུན་བྱས་ནས་སྐད་གཉིས་ཤན་སྦྱར་གྱི་གཞུང《སྒྲ་སྦྱོར་བམ་གཉིས》བསྒྲིགས་པས།དེས་ཕྱིས་ཀྱི་ལོ་ཙཱ་བ་རྣམས་ཀྱིས་གཞུང་དེ་ཉིད་ཚད་ལྡན་དུ་བཟུང་ཞིང་དེའི་སྒྱུར་ཐབས་དང་རྩ་དོན། ཚད་གཞི་སོགས་རྒྱུན་འཁྱོངས་བྱས་ཏེ་རྒྱ་གར་གྱི་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར་ཅིང་།དེ་དག་ཀྱང་བསྒྱུར་བ་གཅིག་མཐུན་ཡིན་ཞིང་བོད་མི་སུས་བཀླགས་ནའང་གོ་ཐུབ་པ་བྱུང་ཡོད། དེ་ནས་ལྕང་སྐྱ་རོལ་པའི་རྡོ་རྗེའི་སྐུ་རིང་ལ་བོད་སོག་ཐ་སྙད་ཤན་སྦྱར་དུ་བཀོད་པའི《དག་ཡིག་མཁས་པའི་འབྱུང་གནས》བརྩམས་པས་ལོ་ཙཱའི་ཚད་གཞི་གཅིག་གྱུར་ལ་ནུས་པ་བླ་ལྷག་ཐོན།དེ་བཞིན་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་རྗེས་སུ་བོད་དང་མི་རིགས་ཕན་ཚུན་བར་རིག་གནས་སོགས་ཀྱི་འབྲེལ་འདྲིས་ཇེ་དམ་དུ་སོང་གཤིས།《བོད་རྒྱ་ཚིག་མཛོད་ཆེན་མོ》དང《རྒྱ་བོད་ཚིག་མཛོད་ཆེན་མོ》《བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད》《བོད་དབྱིན་ཚིག་མཛོད》སོགས་ཚིག་མཛོད་དང་མིང་མཛོད་མང་པོ་བྱུང་ཡོད་ཅིང་། དེ་དག་གིས་ལོ་ཙཱའི་བྱ་བ་ལ་སྟབས་བདེ་དང་གཅིག་གྱུར། ཚད་ལྡན་སོགས་ཡོང་བར་ནུས་པ་ཐོན་ཡོད། དེ་བས་རིག་ཚན་གང་ཡིན་ཡང་དེ་ཡིག་སྒྱུར་བྱེད་པར་རིག་ཚན་གང་དེའི་གཞི་འཛིན་གྲངས་མཛོད་དམ་ཚིག་མཛོད་སོགས་ཡོད་ན་ལོ་ཙཱའི་བསྒྱུར་ཐབས་དང་རྩ་དོན། ཚད་གཞི་སོགས་འཐུས་ཚང་ཡོང་པར་ཕན་པ་ཆེན་པོ་ཡོད། དེ་བཞིན་རྒྱང་སྒྲོག་གློག་བརྙན་འཕྲིན་གྱི་བརྡ་ཆད་ཡིག་སྒྱུར་བྱེད་པར་གཞི་འཛིན་སའི་གཞི་གྲངས་མཛོད་དང་ཤན་སྦྱར་མིང་མཛོད་སོགས་བཟོ་རྒྱུ་ཤིན་ཏུ་གལ་ཆེའོ། །

(རྩོམ་པ་པོ་ནི་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་ཡིན།)