ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་རྩེ་གྲ་ཚོགས་འདུ་སྐབས་དང་པོར་མགོ་འཛིན་མཛད་དེ་བཞེད་དོན་གསུང་བཤད་གནང་བ།

མཉམ་དུ་ལག་རྡང་སྦྲེལ་ནས་སོ་སྲུང་རོགས་རེས་དང་ཐུན་མོང་འཕེལ་རྒྱས། ཡོངས་ཁྱབ་བདེ་འཇགས། མི་རབས་ནས་མི་རབས་བར་མཛའ་མཐུན་ཡིན་པ་བཅས་ཀྱི་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་དགོས།

ཟླ5པའི་ཚེས19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དུ། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་རྩེ་གྲ་ཚོགས་འདུ་སྐབས་དང་པོར་མགོ་འཛིན་མཛད། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུའུ་དང་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུའུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧོ་མེང་། ཐུའུ་ཁུའུ་མེན་སི་ཐན་གྱི་ཙུང་ཐུང་པེ་ཨར་ཏི་མུའུ་ཧ་མེ་ཏོ་ཧྥུའུ། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་སྨི་ཨར་ཅི་ཡུའེ་ཡེ་ཧྥུའུ་བཅས་མཛད་སྒོར་ཞུགས། གཙོ་འཛིན་རྣམས་ཀྱིས་མཛའ་མཐུན་གྱི་རྣམ་པའི་ཁྲོད་དུ། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔའི་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་གནང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཉམས་མྱོང་ལ་སྤྱི་སྡོམ་གནང་བར་མ་ཟད། འབྱུང་འགྱུར་གྱི་མཉམ་ལས་ཁ་ཕྱོགས་ལ་རྒྱང་ལྟ་གནང་བ་དང་། འབྱུང་འགྱུར་ལ་དམིགས་ཏེ་ལག་རྡང་སྦྲེལ་ནས་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་མོས་མཐུན་བྱུང་།

ཟླ5པའི་ཞི་ཨན་གྲོང་ཁྱེར་དུ་མེ་ཏོག་སྣ་བརྒྱ་རྣམ་པར་བཞད་ཅིང་། སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཡོད། ཞི་ཨན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོའི་རྒྱལ་དར་ལྷབ་ལྷུབ་ངང་སྐྱོད་དེ། ཀྲུང་གོ་དང་ཨ་ཤེ་ཡའི་རྩེ་གྲ་ཚོགས་འདུའི་ཚོགས་རྟགས་དང་གཞི་གཅིག་ཏུ་སྦྲེལ་ནས་བཀྲག་མདངས་འཚེར་བཞིན། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་གནའ་མཁར་གྱིས་ལོ་རྒྱུས་དང་མ་འོངས་མཉམ་དུ་བསྲེས་པའི་གསོལ་སྟོན་ཆེན་མོ་ཞིག་བསུས།

ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོའི་གཙོ་འཛིན་གཅིག་རྗེས་གཉིས་མཐུད་དུ་གནས་དེར་འབྱོར་བ་དང་། ཞི་ཅིན་ཕིང་གིས་རྒྱལ་ཁབ་ལྔའི་གཙོ་འཛིན་ལ་མཛའ་བརྩེ་ལྡན་པའི་ངང་ནས་ཕྱག་འཇུ་གནང་ཞིང་མཉམ་པར་བསྐྱོན། སྔ་དྲོའི་ཆུ་ཚོད10ཡི་སྟེང་དུ། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་རྩེ་གྲ་ཚོགས་འདུ་དངོས་སུ་མགོ་བརྩམས།ཞི་ཅིན་ཕིང་གིས་ཐོག་མར་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་དེ། རྒྱལ་ཁབ་ལྔའི་གཙོ་འཛིན་ཞི་ཨན་དུ་ཕེབས་ནས་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་རྩེ་གྲ་ཚོགས་འདུ་ལ་ཞུགས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་འདིར་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་བྱུང་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད་སྟབས། གོ་སྐབས་དང་འགྲན་སློང་ཚང་མའང་སྔར་བྱུང་མྱོང་མེད་པ་ལྟ་བུར་གྱུར་ཡོད། འགག་རྩའི་ལོ་རྒྱུས་ཀྱི་དུས་སྐབས་འདིར། ང་ཚོས་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་རྩེ་གྲ་ཚོགས་འདུ་བསྡུས་ནས། མཉམ་ལས་གཉིས་ཕན་གྱི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་། མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་འགྲོ་འོང་གི་མི་དམངས་ཀྱི་རེ་ལྟོས་མཚོན་པར་བྱས་པ་ཡིན་ན། གཞི་ནས་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་གལ་འགངས་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ངེས་ཡིན་པར་མ་ཟད། འཛམ་གླིང་གི་ངོས་ནས་བཤད་ནའང་དོན་སྙིང་ཆེན་པོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་ཞི་ཨན་གྱི་རྩེ་གྲ་ཚོགས་འདུ་འདི་ཉིད་གོ་སྐབས་སུ་བརྩིས་ཏེ། ལོ་རྒྱུས་ཀྱི་ཉམས་མྱོང་སྤྱི་སྡོམ་དང་མཉམ་ལས་ཀྱི་འཆར་གཞི་བཀོད་དེ། ཕན་ཚུན་གོང་བུར་འགྲིལ་ཤུགས་དང་གསར་གཏོད་ཀྱི་བྱེད་ནུས། བྱ་སྤྱོད་སྤེལ་ཤུགས་བཅས་མངོན་གང་ཐུབ་བྱས་ནས། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།ཞི་ཅིན་ཕིང་གིས《མཉམ་དུ་ལག་རྡང་སྦྲེལ་ནས་སོ་སྲུང་རོགས་རེས་དང་ཐུན་མོང་འཕེལ་རྒྱས། ཡོངས་ཁྱབ་བདེ་འཇགས། མི་རབས་ནས་མི་རབས་བར་མཛའ་མཐུན་ཡིན་པ་བཅས་ཀྱི་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་དགོས》ཞེས་པ་བརྗོད་གཞིར་བཟུང་ནས་བཞེད་དོན་གསུང་བཤད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཞི་ཨན་ནི་ཀྲུང་ཧྭའི་དཔལ་ཡོན་དང་ཀྲུང་ཧྭ་མི་རིགས་ཀྱི་འབྱུང་གནས་གལ་ཆེན་གྱི་གྲས་ཤིག་ཡིན་ལ། གནའ་བོའི་དར་གོས་ཚོང་ལམ་གྱི་ཤར་ཕྱོགས་ཀྱི་མགོ་རྩོམ་སའང་ཡིན། ལོ་ངོ་སྟོང་ཕྲག་གི་རིང་ལ། ཀྲུང་གོས་ཨ་ཤེ་ཡ་དབུས་མའི་མི་རིགས་སོ་སོའི་མི་དམངས་དང་ལྷན་དུ། དར་གོས་ཚོང་ལམ་དང་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད་པ་དང་། འཛམ་གླིང་གི་ཤེས་རིག་བརྗེ་རེས་དང་མཉམ་འདྲེས། གོང་སྤེལ་བཅས་ཀྱི་ཆེད་དུ་ལོ་རྒྱུས་རང་བཞིན་ལྡན་པའི་བྱས་རྗེས་བཞག་ཡོད། དེ་རིང་ང་ཚོ་ཞི་ཨན་དུ་འཛོམས་ནས་ལོ་ངོ་སྟོང་གི་མཛའ་མཐུན་འབྲེལ་བ་མུ་མཐུད་དུ་སྤེལ་ནས། འབྱུང་འགྱུར་གསར་རྐྱང་ཞིག་བསྐྲུན་པར་དོན་སྙིང་ཆེན་པོ་ལྡན།

ཞི་ཅིན་ཕིང་གིས་བསྟན་དོན། 2013ལོར། ངས“དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ”མཉམ་དུ་བསྐྲུན་རྒྱུའི་གྲོས་མགོ་བཏོན་པ་ཡིན། ལོ་བཅུའི་རིང་ལ། ཀྲུང་གོས་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་སོ་སོ་དང་མཉམ་དུ་ལག་རྡང་སྦྲེལ་ནས། དར་གོས་ཚོང་ལམ་ཕྱོགས་ཡོངས་ནས་བསྐྱར་དར་ཡོང་བར་སྐུལ་འདེད་བཏང་སྟེ། འབྱུང་འགྱུར་ལ་ཁ་ཕྱོགས་པའི་མཉམ་ལས་གཏིང་ཟབ་ཅིག་ནུས་ཤུགས་ཡོད་རྒུས་བསྐྲུན་ནས། ཕྱོགས་གཉིས་ཀའི་འབྲེལ་བ་དུས་རབས་གསར་རྐྱང་ཞིག་ཏུ་སླེབས་པར་བྱས་ཡོད། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་བར་གྱི་འབྲེལ་བར་ལོ་རྒྱུས་ཀྱི་འབྱུང་ཁུངས་ཟབ་མོ་ལྡན་ལ་དངོས་ཡོད་ཀྱི་དགོས་མཁོ་རྒྱ་ཁྱབ་ཏུ་གནས་པ་དང་། དམངས་འདོད་ཀྱི་རྨང་གཞི་བརྟན་པོ་ཡོད་པ་བཅས་ཀྱི་དབང་གིས། དུས་རབས་གསར་པའི་ནང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དབྱར་མཚོ་རྒྱས་པ་བཞིན་འཕེལ་བཞིན་ཡོད།

དེང་སྐབས། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་བ། ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མ་མྱོང་བའི་ངོས་ནས་འཕེལ་བཞིན་ཡོད་ཅིང་། ཨ་ཤེ་ཡ་དབུས་རྒྱུད་ནི་ཤར་ནུབ་སྦྲེལ་མཐུད་དང་ལྷོ་བྱང་འབྲེལ་མཐུད་ཀྱི་བཞི་མདོར་གནས་ཡོད།

འཛམ་གླིང་ལ་བརྟན་ཞིང་བརླིང་བའི་ཨ་ཤེ་ཡ་དབུས་མ་མཁོ། ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། སྒེར་ཚུགས། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་ངེས་པར་དུ་སྲུང་སྐྱོང་ཐོབ་དགོས་ལ། ཨ་ཤེ་ཡ་དབུས་མའི་མང་ཚོགས་ཀྱི་རང་བདག་གདམ་གསེས་ཀྱི་འཕེལ་རྒྱས་བགྲོད་ལམ་ལ་ངེས་པར་བརྩི་འཇོག་ཐོབ་དགོས་ཤིང་། ཨ་ཤེ་ཡ་དབུས་མ་ས་ཁུལ་ཞི་བདེ་དང་འཆམ་མཐུན། བརྟན་འཇགས་བཅས་ཡོང་བར་ངེས་པར་རྒྱབ་སྐྱོར་བྱེད་དགོས།

འཛམ་གླིང་ལ་དར་རྒྱས་ཆེ་བའི་ཨ་ཤེ་ཡ་དབུས་མ་མཁོ། གསོན་ཤུགས་རྒྱས་ཤིང་དབྱར་མཚོ་ལྟར་འཕེལ་བའི་ཨ་ཤེ་ཡ་དབུས་མས་ས་ཁུལ་དང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་བྱེད་ཐུབ་པར་མ་ཟད། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་འབྱུང་བར་སྒུལ་ཤུགས་དྲག་པོ་སྩོལ་ཐུབ།

འཛམ་གླིང་ལ་འཆམ་མཐུན་གྱི་ཨ་ཤེེ་ཡ་དབུས་མ་མཁོ། མཐུན་སྒྲིལ་དང་དཀྱེལ་ཡངས། འཆམ་མཐུན་བཅས་ནི་ཨ་ཤེ་ཡ་དབུས་མའི་མི་དམངས་ཀྱི་འཚོལ་སྙེག་ཡིན། མི་སུ་ཞིག་ཀྱང་ཨ་ཤེ་ཡ་དབུས་མ་རུ་འཆམ་མཐུན་མིན་པ་དང་ཁ་གཏད་དུ་ལངས་མི་ཆོག་ལ། དེའི་ཁྲོད་ནས་ཆབ་སྲིད་ཀྱི་སྒེར་དབང་ཅི་ཡང་འཚོལ་སྙེག་བྱེད་མི་འོས།

འཛམ་གླིང་ལ་འབྲེལ་མཐུད་ཀྱི་ཨ་ཤེེ་ཡ་དབུས་མ་མཁོ། ཨ་ཤེ་ཡ་དབུས་མར་ཡ་གླིང་དང་ཡོ་རོབ་སྐམ་ས་ཆེན་མོའི་མཉམ་སྦྲེལ་མཉམ་མཐུད་ཀྱི་སྦྲེལ་ཟམ་ལྟ་བུར་བྱས་ཏེ། འཛམ་གླིང་གི་ཚོང་རྫས་ཉོ་འཚོང་དང་དཔལ་ཡོན་བརྗེ་རེས། ཚན་རྩལ་འཕེལ་རྒྱས་བཅས་ཀྱི་ཁྲོད་ཨ་ཤེ་ཡ་དབུས་མའི་བྱས་རྗེས་འཇོག་པའི་རྨང་གཞི་དང་ཆ་རྐྱེན། ནུས་པ་བཅས་ལྡན་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོས་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དངོས་སུ་ཁྱབ་བསྒྲགས་བྱས་པ་དེ་ནི། ང་ཚོས་དུས་རབས་གསར་པའི་རྒྱབ་ལྗོངས་འོག་ཏུ། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ལ་དམིགས་ནས་ལོ་རྒྱུས་རང་བཞིན་གྱི་གདམ་ག་བྱས་པ་ཞིག་ཡིན། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་རྒྱུན་འཁྱོངས་བྱེད་དགོས་པ་བཞི་ཡོད་པ། སོ་སྲུང་རོགས་རེས་རྒྱུན་འཁྱོངས་བྱེད་དགོས་དང་གཅིག མཉམ་དུ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་གཉིས། ཡོངས་ཁྱབ་ཏུ་བདེ་འཇགས་ཡོང་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་གསུམ། མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་བཞི།ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ཐེངས་ཀྱི་རྩེ་གྲ་ཚོགས་འདུས་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་མཉམ་ལས་ལ་ལས་སྟེགས་གསར་པ་བསྐྲུན་ནས་མདུན་ལམ་གསར་པ་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་རྩེ་གྲ་ཚོགས་འདུ་འདི་གོ་སྐབས་སུ་བརྩིས་ནས། ཕྱོགས་སོ་སོར་གཞོགས་འདེགས་དམ་ཟབ་བྱས་ཏེ། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་མཉམ་ལས་དེ་འཆར་འགོད་ཡག་པོ་དང་འཛུགས་སྐྲུན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་བར་བྱེད་འདོད་ཡོད།

གཅིག་ནི་སྒྲིག་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། གཉིས་ནི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་རྒྱ་བསྐྱེད་དགོས། གསུམ་ནི་ཕན་ཚུན་སྦྲེལ་མཐུད་གཏིང་ཟབ་ཏུ་གཏོང་དགོས། བཞི་ནི་ནུས་ཁུངས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྔ་ནི་ལྗང་མདོག་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། དྲུག་ནི་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། བདུན་ནི་དཔལ་ཡོན་གྱི་སྐད་ཆ་བཤད་རེས་ལ་ཤུགས་སྣོན་དགོས། བརྒྱད་ནི་ས་ཁུལ་གྱི་ཞི་བདེ་ལ་སྲུང་སྐྱོབ་བྱེད་དགོས།

ཞི་ཅིན་ཕིང་གིས་མཇུག་མཐར་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་དང་། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ། ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ལྟེ་བའི་ལས་འགན་གསལ་བོར་བཏོན་ཡོད། ང་ཚོས་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་མཉམ་དུ། དེང་རབས་ཅན་གྱི་འདུ་ཤེས་དང་ལག་ལེན་བརྗེ་རེས་ལ་ཤུགས་སྣོན་པ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས། མཉམ་ལས་ཀྱི་ཆེད་དུ་གོ་སྐབས་སྔར་ལས་གང་མང་བསྐྲུན་ཏེ། རྒྱལ་ཁབ་དྲུག་གི་དེང་རབས་ཅན་གྱི་འཕེལ་རིམ་ལ་གཞོགས་འདེགས་བྱས་ནས་སྐུལ་འདེད་གཏོང་འདོད་ཡོད། ང་ཚོས་དཔུང་བ་མཉམ་གཤིབ་དང་མཐུན་སྒྲིལ་འབད་འཐབ། ཐུན་མོང་འཕེལ་རྒྱས། ཐུན་མོང་ཕྱུག་འགྱུར། ཐུན་མོང་དར་རྒྱས་བཅས་ཡོང་བར་སྐུལ་འདེད་གང་ལེགས་བཏང་ནས། རྒྱལ་ཁབ་དྲུག་པོའི་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་བསུ་དགོས།

རྒྱལ་ཁབ་ལྔ་པོའི་གཙོ་འཛིན་གྱིས་སྔ་གཞུག་ཏུ་གསུང་བཤད་གནང་ནས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་རྩེ་གྲ་ཚོགས་འདུ་འཚོགས་རྒྱུའི་གྲོས་གཞི་བཏོན་པར་མ་ཟད་བདེ་བླག་གིས་འཚོགས་པར་བཀའ་དྲིན་ཞུས་ཤིང་། ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོ་ཕྱོགས་གཉིས་ནས་ཕྱོགས་ཡོངས་མཉམ་འབྲེལ་བྱས་ཏེ་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་གནང་། ཁོ་ཚོས་བསྟན་དོན། ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་བར་ལ་ལོ་ངོ་སྟོང་ཕྲག་ལྷག་གི་འབྲེལ་བ་ཟབ་མོ་ཡོད་པས། ནམ་ཡང་ཕན་ཚུན་ལ་རྒྱབ་སྐྱོར་དང་ཕན་ཚུན་ཡིད་རྟོན་བྱེད་པའི་གྲོགས་པོ་བཟང་པོ་དང་ཁྱིམ་མཚེས་བཟང་པོ། རོགས་ཟླ་བཟང་པོ་བཅས་ཡིན་ལ། ཀྲུང་གོའི་ནུབ་ཕྱོགས་སུ་ཡོད་པའི་གནའ་གྲོགས་བཟང་པོའང་ཡིན། མིག་སྔར། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་བདེ་འཇགས་བརྟན་བརླིང་ལ་འགན་སྲུང་དང་ཚན་རྩལ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོར་གྱུར་ཡོད་པས། ཀྲུང་གོ་དང་མཉམ་ལས་བྱེད་རྒྱུ་ནི་རྒྱལ་ཁབ་སོ་སོར་མཚོན་ན་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་མེད་དུ་མི་རུང་བའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད། ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོས་ཀྲུང་གོ་དང་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་རྒྱུ་ནི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་རེ་འདོད་དང་མཐུན་ཞིང་། རྒྱལ་ཁབ་སོ་སོའི་རྩ་བའི་ཁེ་ཕན་དང་ཡུན་རིང་གི་ཁེ་ཕན་དང་ཡང་མཐུན། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་རྩེ་གྲ་ཚོགས་འདུས་ཨ་ཤེ་ཡ་དབུས་མ་རྒྱལ་ཁབ་དང་ཀྲུང་གོ་མཉམ་ལས་བྱེད་པར་སྟེགས་བུ་གསར་པ་འདོན་སྤྲོད་བྱས་ཡོད་པས། ཕྱོགས་གཉིས་ཀྱི་འབྲེལ་བ་དུས་རབས་གསར་པར་ཞུགས་ཡོད། ཕྱོགས་སོ་སོས་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་མཉམ་ལས་སྲིད་ཇུས་ལ་དགའ་བསུ་དང་བསྟོད་བསྔགས་བྱེད་ཀྱིན་ཡོད་ལ། རེ་བར་མུ་མཐུད་དུ་གཙོ་འཛིན་གྱི་ཕྱི་འབྲེལ་འབྲེལ་བའི་འཐབ་ཇུས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཀྲུང་གོ་དང་ཨ་ཤེ་ཡ་རྩེ་གྲ་ཚོགས་འདུའི་སྒྲིག་སྲོལ་སྔར་ལས་ཇེ་ལེགས་ཇེ་རྒྱས་སུ་གཏོང་བ་དང་། སྟེང་གི་བཀོད་པ་དང་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ། ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོ་བར་གྱི་ཕྱོགས་ཡོངས་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་པ་དང་། རྒྱལ་ཁབ་སོ་སོ་ཐུན་མོང་འཕེལ་རྒྱས་དང་འབྱོར་ཕྱུག་ལྡན་པར་རོགས་སྐུལ་བྱེད་པར་མ་ཟད། ས་གནས་བདེ་འཇགས་དང་བརྟན་བརླིང་ཡོང་བར་འཇོག་འོས་པའི་བྱས་རྗེས་འཇོག་དགོས།

རྒྱལ་ཁབ་ལྔ་པོའི་གཙོ་འཛིན་གྱིས་བསྟན་དོན། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་གདམ་ག་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་ཁབ་སོ་སོའི་བདག་དབང་དང་རང་བཙན། བདེ་འཇགས། མངའ་ཁོངས་ཆ་ཚང་སོགས་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ཏེ། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཁོ་ཚོས་ད་དུང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་། དེ་བཞིན་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་མགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་མགོ་བཅས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ད་རེས་ཀྱི་རྩེ་གྲ་ཚོགས་འདུའི་སྟེང་བྱུང་བའི་ཐུན་མོང་གི་ངོས་འཛིན་དང་གྲུབ་འབྲས་གལ་ཆེན་དོན་འཁྱོལ་ནན་ཏན་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་ལོ་ངོ་བཅུ་འཁོར་བ་གོ་སྐབས་སུ་བྱས་ཏེ། རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུར་ཤུགས་སྣོན་པ་དང་། ས་ཁུལ་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། ཉོ་ཚོང་དངུལ་གཏོང་དང་ཞིང་ལས། ནུས་ཁུངས། ཚན་རྩལ། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་པ། མཉམ་དུ་འགྲན་སློང་ལ་ཁ་གཏད་འཇལ་བ། མཉམ་ལས་གཉིས་ཕན་ཡོང་བ་བཅས་བྱས་ནས། སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ཡིན།

ཞི་ཅིན་ཕིང་གིས་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོའི་གཙོ་འཛིན་དང་ལྷན་དུ། 《ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་རྩེ་གྲ་ཚོགས་འདུའི་ཞི་ཨན་བསྒྲགས་གཏམ》ལ་མཚན་རྟགས་བཀོད་པར་མ་ཟད། 《ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་རྩེ་གྲ་ཚོགས་འདུའི་གྲུབ་འབྲས་གསལ་ཐོ》ལ་གྲོས་འཆམ་བྱུང་།

ཕྱོགས་སོ་སོས་ཧ་སག་སི་ཐན་གྱིས2025ལོར་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་རྩེ་གྲ་ཚོགས་འདུ་སྐབས་གཉིས་པ་གཙོ་སྒྲུབ་བྱ་རྒྱུར་གྲོས་ཐག་བཅད་པ་དང་། ཀྲུང་གོ་རུ་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་ལམ་སྲོལ་གྱི་རྒྱུན་བཙུགས་དྲུང་ཡིག་ཁྲུའུ་འཛུགས་རྒྱུར་མོས་མཐུན་བྱུང་།

ཞི་ཅིན་ཕིང་གིས་ད་དུང་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོའི་གཙོ་འཛིན་དང་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་།

རྩེ་གྲ་ཚོགས་འདུ་གྲོལ་རྗེས། ཞི་ཅིན་ཕིང་དང་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོའི་གཙོ་འཛིན་གྱིས་མཉམ་དུ། སེ་འབྲུའི་ལྗོན་ཤིང་དྲུག་བཙུགས་པ་དེས་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་ལོ་ངོ་སྟོང་གི་མཛའ་མཐུན་འགྲོ་འོང་གི་དཔང་པོ་བྱས་ཡོད་ལ། དེས་ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་བར་མཐུན་སྒྲིལ་མཉམ་ལས་དམ་ཟབ་བྱེད་པ་མཚོན་པར་མ་ཟད། ཀྲུང་གོ་དང་ཨ་ཤེ་ཡ་དབུས་མའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་རེ་ལྟོས་ཀྱང་མཚོན་ཡོད།

ཚའེ་ཆི་དང་ཝང་དབྱི། ཆིན་ཀང་སོགས་གོང་གསལ་བྱ་འགུལ་ནང་ཞུགས། ། ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།