ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ལེབ་ལེབ།

མཚོ་ལྷོ །སྒོ་མེ་སྙིང་བྱམས་ཚེ་རིང་།

“སྐག……”སྐབས་དེར་ཁོས་ལུག་ཁྱུ་ན་རིང་ངོས་ནས་ཡར་བརྒྱབ་སྟེ། ལྟེབ་ཆགས་ཤོར་བའི་ཆུ་ཤོག་དེ་ལས་དུ་བའི་ལོ་མ་རྙིད་པ་འགའ་སོར་མོའི་བར་བཙིར་ནས་ཚགས་ཤོག་ཁུད་དུ་བཏབ་ཚར་བ་ཙམ་ཡིན། སྐག་སྒྲ་དེ་ཁོའི་གམ་ཞིག་ནས་གྲག་ཡོང་བ་ཁོ་ཐག་ཡིན། ཁོ་དྲན་པ་ཕྱིར་སོས་པ་ལྟར། ཡར་ལངས་ཞོར་དུ་འབྲོ་རྩིས་བྱས་པ་ན། དང་ཁ་ནས་སྐྱེས་ཡོང་བའི་ཟུག་གཟེར་ཞིག་གིས་ཁོའི་གོམ་ཁ་བསྒགས་བྱུང་།

ཕྱིས་སུ་ཁོས་རང་གི་ཨ་ཕར་ཉིན་དེར་ན་རིང་ངོས་ནས་འགྱེལ་མ་ལངས་ཀྱིས་བྲོས་ཚུལ་བཤད་དུས། ཨ་ཕས་ཐོག་དང་པོར་ཁང་པའི་ཡར་སྒྱེད་ཀྱི་གདུང་མའི་སྲུབས་ལ་ཉར་བའི་གློ་གྲི་དེ་ཁོ་ལ་བསྟན། སྔོན་ཆད། ཁོས་མི་མང་ཚོགས་ས་དང་ལུག་རྫི་རྒད་པོ་ཚོའི་ངག་ནས་རང་གི་ཨ་ཕར་གཞན་གྱིས་འགྲམ་ཆུ་ལྡང་བར་བྱེད་པའི་གློ་གྲི་ཞིག་ཡོད་པ་ཐོས་མྱོང་ཡང་། ཉིན་དེར་མ་གཏོགས་ཁོས་རང་གི་ཨ་ཕར་དངོས་གནས་དེ་ལྟ་བུའི་གློ་གྲི་ཞིག་ཡོད་པར་ཡིད་ཆེས་མ་ཐུབ། ཨ་ཕས་ཁང་པའི་བྱ་འདབ་འོག་ཏུ་ཉིན་མོ་དཀར་དཀར་ལ་ཡར་སྒྱེད་ནས་གློ་གྲི་དེ་བླངས་ནས་ཁོ་ལ་སྟོན་དགོས་དོན། ཁོས་ཨ་ཕ་འཇིག་རྟེན་དཀར་ངོགས་ནས་བཞུད་དེ་ལོ་མང་འགོར་བའི་ཕྱི་དྲོ་དེར་མ་གཏོགས་མ་ཤེས། གློ་གྲི་དེའི་གྲི་ཤུབས་ཀྱི་མཐའ་གཉིས་སུ་གཡུ་ཡི་ཕྲ་བཏབ་ཡོད་ལ། གློ་གྲིའི་ཡུ་བའི་སྟེང་གི་རི་མོ་ཟད་ནས་ཤུལ་ཙམ་ལས་མི་ཤེས་པས། ཨ་ཕས་གློ་གྲི་དེ་གདུང་མའི་སྲུབས་སུ་ཉར་དགོས་པར་རྒྱུ་མཚན་གཞན་ཞིག་ཡོད་པ་འདྲ།

“ཨ་མྱི་རུལ། རུལ་མ་ཞིག་གི་སྡུག་རེད།”སྐབས་དེར་ཨ་ཕའི་སྨིན་དབྲག་མཚམས་ནས་ཁོའི་ཕྱོགས་སུ་མེ་དཔུང་ཞིག་མཆེད་ཡོང་ཞིང་། མེ་དཔུང་དེས་ཁོའི་གདོང་གི་བ་སྤུ་ནས་སྙིང་གསེང་བར་དུ་གཞོབ་དྲི་ཐུལ་ལེར་བཏང་། དབལ་ཚ་བའི་མེ་དཔུང་དེས་ཏབ་ཅིག་ལ་ཁོར་ཕྱི་དྲོ་དེར་ན་རིང་ངོས་ནས་རང་གི་དང་ཁར་ཁེལ་བའི་སྐག་སྒྲ་དེའང་བརྗེད་པར་བྱས། ཨ་ཕའི་སྨིན་མ་གཉིས་ནི་གྱེན་དུ་ཕྱོགས་ནས་བྲག་ཐེམ་དུ་བབས་པའི་བྱ་རྒོད་ཅིག་དང་འདྲ། བྱ་རྒོད་དེས་བྲག་དམར་གྱི་ཐེམ་པ་མཐོ་ཤོས་ནས་གཤོག་ཟུང་མཐར་བསྐྱེད་དེ་ནམ་འཕང་གཅོད་རྩིས་ཡོད་ལ། དེ་ནི་ཁོས་སྔོན་ཆད་མཐོང་མ་མྱོང་བའི་ལྗོངས་རྣམ་གསར་པ་ཞིག་རེད།

ནུབ་མོ་དེར། ཁོའི་རྨི་ལམ་དུ་ཨ་ཕའི་གློ་གྲི་དེ་རྨིས་བྱུང་། རྨི་ལམ་དུ་ཨ་ཕ་ད་དུང་ན་སོ་གཞོན་ཞིང་། མི་ཚོགས་མང་པོའི་དཀྱིལ་ན་གྲི་རིང་ཞིག་ཐོགས་ཏེ་རྭ་ཡག་ཚོ་བར་གཡུལ་འགྱེད་བྱེད་བཞིན་འདུག རྟ་ཁ་སྒོག་ཐེངས་རེར་རྟ་ཕོ་ཀག་གེར་ལངས་ཤིང་འཚེར་སྐད་ཁྲོད་གློ་གྲི་དེ་རྐེད་ན་འོད་དུ་འཚེར། ལ་ལས་གྲི་ཐོགས་ཏེ་ཀླད་ལ་བསྐོར། ལ་ལས་འུར་རྡོ་ཟིར་སྒྲ་དང་བཅས་འཐེན། ལ་ལས་སྟག་པ་གཞོགས་ནས་བཟོས་པའི་དབྱུག་པ་གཞོན་ནུའི་ལག་ངར་འདྲ་བ་དག་ཐོགས་ཏེ་རྭ་ཡག་ཚོ་བར་ལག་སྲེ་བཞིན་ཡོད། དེ་དུས། ཁོ་སློབ་གྲྭར་སོང་མ་ཐག་ཙམ་ཡིན་ལ། དགེ་རྒན་གྱིས་ས་རྩོད་ཆུ་རྩོད་བྱེད་པ་ནི་སྤུན་ཟླ་ནང་དམེ་བྱེད་པ་འབའ་ཞིག་ཡིན་པས། མ་རུང་བའི་ལས་སུ་བརྩི་དགོས་ཞེས་ཞལ་ཏ་མང་དུ་བགྱིས་མཐར། ཁོ་ཡང་ཡུན་གྱིས་དགེ་རྒན་གྱི་དཔུང་གྲལ་དུ་འགྲེང་འདོད་པ་ཞིག་ཏུ་གྱུར་ཡང་། ཐོག་དང་པོར་ཨ་ཕ་དང་དཔུང་རྡང་མི་གཅིག་པའི་དཔུང་གྲལ་ཞིག་ཏུ་འགྲེང་སྐབས་ཁོ་རང་སོམ་ཉིའི་དྲ་བར་ཚུད།

ལོ་དེར། གར་ཡོང་མི་ཤེས་པའི་ཕྱི་མི་མང་པོས་འདྲུད་འཐེན་འཁོར་ལོ་བསྐོར་ཏེ། ཚང་ཚིང་དུ་སྐྱེས་པའི་མཚེ་ཡི་རྩད་པ་དང་བཅས་པ་རྨང་ནས་བསྒྱེལ་རྗེས། འདྲུད་འཐེན་འཁོར་ལོའི་གཞུག་སྒམ་དུ་བརྩིགས་ནས་དྲུད་སོང་། དེ་དུས་ཨ་ཕའི་ལོ་ན་རྒས་ནས་མགོ་ཡི་སྐྲ་དང་སྨ་ར། སྨིན་མ་དང་བཅས་པ་ཁ་བས་ཟོས་ཚར་ལ་ཉེ་བས། ཁོ་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས་ནའང་། རྟ་འདོ་བའི་གོང་ནས་རལ་གྲི་ཕྱར་བའི་ལོ་ཟླ་དེ་སྔ་མོ་ནས་རྒྱང་དུ་བཞུད་ཚར་བ་འདྲ་བས། དེ་དུས་ཨ་ཕ་ཅུང་ཟད་འུ་ཐུག་སྟེ་དམུན་པོ་ལུག་ལྟར་མི་གྲལ་ནས་སྐད་ཆ་མགོ་རྔ་ཚང་བ་ཞིག་ཀྱང་བཤད་མི་ཐུབ་པའི་ཁོའི་སྟེང་ལ་ཡིད་ཆད་ཀྱིན་པའི་སྣང་བ་དེ་གདོང་ལས་བཅོས་མིན་དུ་ཤར་ཡོང་།

“སྐར་མ་འདིས་ད་དུང་གྲི་ཡང་འཛིན་མི་ཤེས་སམ།” ཨ་ཕས་ཉིན་དེར་མ་གཏོགས་ཁོས་གྲི་བཟུང་ནས་ཤ་ཟ་བའི་རྣམ་པར་ཡིད་འཇོག་མ་བྱས་པ་ཡིན་ཡང་སྲིད། ཁོས་ཤིང་བཟོ་ཞིག་གིས་ཤིང་མཛེར་གཞོག་པ་ལྟར། རྐང་ཞིག་གི་སྣེ་མོ་ནས་བཟུང་སྟེ་ཤ་ལེབ་མོ་ལེབ་མོ་གཞོག་པར་བྱེད། བལྟས་ཚོད་ཀྱིས་ཁོའི་ཚུགས་ཀ་དེ་ནི་ཤིང་བཟོ་སོ་མ་ཞིག་དང་འདྲ་ལ། རྐང་གི་སྣེ་གཅིག་ཅོག་ཙེའི་ངོས་སུ་བཙུགས་ཏེ། གཞོགས་ཟིན་པའི་ཤ་ལེབ་མོ་དག་ཅོག་ཙེའི་ངོས་སུ་ལྷུང་བ་ནི་ཤིང་གཞོག་རེ་རེ་ཐང་ལ་ལྷུང་བ་དང་འདྲ། ཁོའི་ཚུགས་ཀ་དེ་རིག་ནས་ཨ་མ་ཧབ་ཆ་དིར་རེར་སོང་མོད། ཨ་ཕའི་གདོང་ལ་སྔར་བས་གཟབ་ནན་གྱི་མདངས་ཤིག་ཤར་འདུག དེ་དུས་ཁོས་ད་གཟོད་རང་གིས་དངོས་གནས་གྲི་ཡང་འཛིན་ཤེས་ཀྱིན་མི་འདུག་སྙམ་ནས་གྲི་ཅོག་ཙེའི་སྟེང་བཞག་སྟེ། སྡེར་ཆགས་ཤིག་དང་འདྲ་བར་རུས་པ་མདུན་སོས་བཏོག སྔོན་ཆད་ཨ་ཕས་ཁོའི་ཚུགས་ཀ་དེ་མཐོང་འཕྲལ། ཁ་མལ་ནས་ཐལ་ལྕག་གིས་མི་གཞུ་བའི་ངེས་པ་མེད་མོད། ད་ལྟ་ཨ་ཕ་ལོ་ན་ཚོད་ཀྱིས་ཐུབ་སྟེ་ཁོའི་འགྲོ་འདུག་ཅི་ལའང་ཁ་ཡ་ཆེར་མི་བྱེད།

“ག་རེ། ཞི་ལུ། ཐབ་རྡོ་ཁྱེར་ཤོག”ཨ་ཕས་ཐབ་རྡོ་གཉིས་པང་སྟེ་ཉི་རྩེ་བརྒྱབ་མ་ཐག་པའི་སྒང་མགོ་དེར་ཐབ་རྡོ་བཙུགས་ཏེ་མེ་ཁ་གསོ་རྩིས་བྱེད་ཀྱིན་ཡོད། ཁོས་ཐབ་རྡོར་རན་མིན་མི་ཤེས་པའི་རྡོ་ལེབ་ཅིག་པང་ནས་ཨ་ཕའི་ཕྱོགས་སུ་ཐོན་ལ་ཉེ་དུས། ཨ་ཕས་བཏུས་ཡོང་བའི་ཐབ་རྡོ་གཉིས་པོ་ཐང་ལ་རྩེང་བཞིན་དུ་ཁོའི་ལག་གི་ཐབ་རྡོ་དེ་ལེན་རྩིས་བྱེད།

“ཁྱོད……ཤི་ཤི་འགྱེད་འགྱེད།”ཨ་ཕས་ཁོའི་ལག་གི་རྡོ་ལེབ་དེ་མཐོང་འཕྲལ། ལག་སྣེར་ཟིན་ཚོད་ཀྱིས་ཨོང་བ་སྐམ་པོ་ཞིག་བླངས་ཏེ་ཁོའི་ཕྱོགས་སུ་ཟིར་སྒྲ་དང་བཅས་འཕངས་ཡོང་། སྐབས་དེར་ཁོ་ད་དུང་ཨ་ཕའི་ལག་རྡོར་གཞའ་བར་གོམས་མེད་པས། ཨོང་བ་སྐམ་པོ་དེ་ཁོའི་ཕྲག་མགོར་ཁེལ་ཞིང་། ཨ་མས་ད་ལོ་གསར་དུ་བཟོས་པའི་སྤུ་ཚར་འདང་ཅན་དེའི་སྟེང་དུ་ཨོང་བའི་གྲུག་རོ་ཁ་ཤས་འབྱར་ཡོད་པས། ཁོས་ལ་མོར་ལག་གི་རྡོ་ལེབ་ཐང་ལ་འཕངས་ཏེ། ཕྲག་མགོར་སྤྲུག་ཙམ་བྱས། ཁོའི་སྣང་ཚུལ་དེ་མཐོང་བའི་མོད་ལ། ཨ་ཕས་སྔར་བས་ཀྱང་ཁྲོ་བ་གནོན་མ་ཐུབ་པར་ཡར་ལངས་ཏེ་ཐང་ནས་ཨོང་བ་ཁ་ཤས་འཐུ་ཞོར་ཁོའི་ཕྱོགས་སུ་བརྒྱུགས།

“རྡོ་ལེབ་ལེབ་ཅིག་གིས་ཐལ་འགེམ་བསམ་པ་ཡིན་ནམ། རེམ་མར་སོང་ནས་རྡོ་འཇོང་འཇོང་ཞིག་ཁྱེར་ཤོག”ཟེར་བཞིན། ཁོའི་རྗེས་སུ་ཨོང་བ་སྐམ་པོ་ཁ་ཤས་འཕངས། ཐེངས་དེར་ཁོ་ཞེ་སྤོ་གཏིང་ནས་ལངས་ཡོད་པ་འདྲ་མོད། ཁོའི་རྗེས་སུ་ཨོང་བ་སྐམ་པོ་འཕེན་སྲོལ་ལ་བལྟས་ན། སྔོན་མ་ལས་མངོན་གསལ་གྱིས་བཟུར་འདུག ཁོ་ཤ་བོགས①ཚོམ་བུ་ཞིག་གི་ཕག་ཏུ་ཡལ་རྗེས། ཨ་ཕས་ཀྱང་མུ་མཐུད་དུ་ཁོའི་རྗེས་མ་བདའ་ཞིང་། ས་རྡུལ་ལང་ངེར་ཡོད་པའི་ཁོའི་བཤུལ་ལམ་གྱི་སྣེ་རུ་ཨ་ཕའི་དགོད་སྒྲ་ཞིག་ཀྱང་འཁྱིལ་འདུག ཨ་ཕའི་དགོད་སྒྲ་དེ་ནི་དགོད་བྲོ་བའི་ལྟད་མོ་ཞིག་མཐོང་བ་ལས་བསྐྱེད་པའི་དགོད་སྒྲ་ཡིན་པ་ཤེས་ཐུབ་པས། ཁོས་ཀྱང་རང་གི་ཝ་རྔ་མ་ཤ་ལེར་འབྲོ་སྲོལ་དེ་ཡིད་ལ་དྲན་ནས་དགོད་རྒྱུ་ཞིག་བྱུང་།

ཁོས་ཐབ་རྡོར་རན་པར་སྙམ་པའི་རྡོ་འཇོང་འཇོང་ཞིག་ཁྱེར་ཏེ། ཁ་རོག་གེར་ཤ་བོགས་གསེབ་ནས་ཨ་ཕའི་ཕྱོགས་སུ་ལྟ་དུས། ཨ་མས་ཀྱང་ཐུ་འདབས་སུ་ཨོང་བ་སྐམ་པོ་ཁ་ཤས་དང་སྐམ་ནས་སྐྱ་མདོག་མངོན་པའི་ཤ་བོགས་ཆ་རེ་ཁྱེར་ནས་ཨ་ཕའི་རྩིབ་ཏུ་ཐོན་ལ་ཉེ་བས། ཁོའི་སེམས་ཇེ་བདེར་སོང་སྟེ། རྡོ་བ་ནག་པོ་ཕོ་རོག་འདྲ་བ་དེ་ཁྱེར་ནས་ཕ་མ་གཉི་གའི་ཕྱོགས་སུ་འུར་སྐད་ཤོར་བཞིན་དུ་སོང་། ལུག་ཁྱུས་ཉིན་འགའི་རིང་ཆུ་ཁམ་ཡང་ཁར་མ་རེག་པས། རྨ་ཆུ་སྔོན་མོའི་ཕྱོགས་སུ་གཤར་གྱིན་ཡོད་པ་མཐོང་འཕྲལ། ཁོ་ཚོས་བྲེལ་མ་འཚུབ་ཀྱིས་མེ་ཁ་གསོས་ཏེ་ནངས་ཇ་ཞིག་ཚ་རྒྱག་བྱས་རྗེས་ལུག་ཁྱུའི་རྗེས་བསྙེག་དགོས།

ནམ་མཁའི་མཐོངས་སུ་སྤྲིན་བྱིའུ་མགོ་ཙམ་ཡང་མེད་ལ། ཞོགས་པའི་ཉི་ཟེར་ཟིལ་བ་ཁྲོམ་མེར་ཡོད་པའི་རྩྭ་མགོར་ཕོག་པ་དང་མཉམ་དུ་དཀར་ཆིལ་ལེར་མུ་ཏིག་གི་དོག་པ་མང་པོ་བསིལ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་འདར་ཡོམ་ཡོམ་བྱེད། ཁ་ཁུ་སིམ་པའི་གནས་འདིར། ཁོ་ཚོས་ནངས་ཇ་སྐོལ་བྱེད་དུ་བུས་པའི་མེ་ཕུང་ནི་ཞོགས་པ་འདིའི་གྲག་འགུལ་གཅིག་པུ་དེ་ཡིན་པ་འདྲ།

ཉི་འོད་ཀྱི་ཟེར་མས་སེར་ལམ་མེར་བྲན་པའི་བྱེ་མའི་ཁུད་དུ། རྐང་རྗེས་ཆེ་ཆུང་མི་འདྲ་བ་འགའ་ཉི་འོད་ཀྱི་ཕྱོགས་སུ་འཐེན་འདུག རྐང་རྗེས་ཆེན་པོ་དེའི་གོམ་ཐག་ནི་འབྲིང་བ་དེ་ལས་རིང་ཞིང་། ཆེས་ཆུང་བ་དེ་འབྲིང་བ་དེ་ལས་ཀྱང་ཐུང་། མཚམས་མཚམས་སུ་ཤྭ་དང་སྤྱང་ཀི རི་བོང་སོགས་ཀྱི་རྐང་རྗེས་ཀྱང་རྐང་རྗེས་དེ་དག་ལ་འདྲེས་ཡོད་ཅིང་། ཡང་མཚམས་མཚམས་སུ་རྐང་རྗེས་དེ་དག་འཕྲེད་ཀྱིས་བཅད་དེ། བྱེ་མའི་ལྗོངས་ཆེན་པོ་དེར་རི་མོའི་བརྩམས་ཆོས་ཤིག་བྲིས་ཡོད་མོད། ཅུང་ཙམ་འགོར་རྗེས་ཤར་ཕྱོགས་ནས་ལྡང་ཡོང་བ་འདྲ་བའི་རླུང་བུ་ལྡོམ་པོ་དག་གིས་རྐང་རྗེས་དེ་དག་ལྷག་ལུས་མེད་པར་བསུབ་འགྲོ། རླུང་བུ་ལྡང་ཤུལ་དུ་རྐང་རྗེས་ཀྱི་ཤུལ་ཕྲ་མོ་ཙམ་ཡང་མེད་ཚུལ་ལ་བལྟས་ན། ཁོ་ཚོ་ཐོག་མ་ནས་བྱེ་མའི་ལྗོངས་ཆེན་པོ་འདིར་སླེབས་མ་མྱོང་བ་དང་འདྲ། རྐང་རྗེས་དེ་དག་གཅིག་རྗེས་གཅིག་གིས་འབྲངས་ཏེ་ན་རིང་ཁར་ཐོན་འདུག ན་རིང་ཁར་སླེབས་རྗེས། རྐང་རྗེས་ཆུང་བ་དེ་གར་སོང་ཆ་མེད་དུ་གྱུར་ཅིང་། རྐང་རྗེས་ཆེན་པོ་དེ་གཉིས་སྔར་ལས་ཀྱང་གོམ་ཞེང་ཆེན་པོས་བྱེ་མའི་ལ་ཐུར་ནས་རྨ་ཆུ་སྔོན་མོའི་ཕྱོགས་སུ་འཐེན་འདུག

“སྐར་མ། ཨ་མའི་ལོ་ལོ། རང་གིས་ལག་ག་རྒྱ་གཞིའུ་འདི་བསྲུངས་ལ་སྡོད་དང་། ངེད་གཉིས་སོང་ནས་ལུག་ལ་ཆུ་བླུད་རྗེས་རེམ་མར་ཕྱིར་ཡོང་ཨ།”ཨ་མས་དེ་ལྟར་ངག་འཇམ་པོས་ཁོ་ལ་ཁ་ཏ་བྱེད་བཞིན། ལག་མགོའི་འུར་ཆ་བླངས་ནས་ལག་ག་རྒྱ་གཞིའུ་དེ་དང་ཁོ་གཉིས་མགོ་རྔ་བྱས་ཏེ་སྦྲེལ་རྗེས། བྲེལ་སྟབས་ཀྱིས་ལུག་ཁྱུའི་རྗེས་བསྙེགས་ནས་བུད་སོང་།

ཁོ་ན་རིང་ཁར་ཙོག་སྟེ་ཕ་མ་གཉིས་ཀའི་རྗེས་ལ་ལྟ་བཞིན་སྡོད་དུས། གཅིག་པུར་ལུས་པའི་ཚོར་སྣང་ཞིག་གིས་ཡོངས་སུ་བཅུམས་ཡོང་བས། ཡར་ལངས་ཏེ་རྒྱང་ལྟ་ཞིག་བྱེད་བསམས་མོད། ལག་ག་རྒྱ་གཞིའུ་དེ་ནི་རྡོ་བའི་གསེབ་ཏུ་བཏབ་པའི་ལྕགས་ཕུར་ཞིག་དང་འདྲ་བར་སྒུལ་ཙམ་ཡང་བྱེད་མི་ཐུབ།ལག་ག་དེས་ཀྱང་རང་ཉིད་ལ་ཆུ་རྨ་ཆུ་འཐུང་སྐལ་མེད་པ་ཤེས་སོང་བས་ཡིན་ནམ། སེམས་བདེར་བབས་ཏེ་ཉེ་གམ་གྱི་སྤེན་མ་དང་བྱེ་རྩྭ་བཏོག་ནས་ཟ། ཁོས་ལག་ག་དེས་སྤེན་མ་བཏོག་པའི་སྒྲ་ལ་ཉན་བཞིན། ཐབ་རྡོ་ལེབ་ལེབ་ཡིན་མི་ཆོག་པའི་རྒྱུ་མཚན་སྐོར་ལ་བསམ་བློ་བཏང་། ཁོས་ཅི་ལྟར་རིག་པ་གནད་ལ་ཕབ་སྟེ་བསམ་བློ་བཏང་ནའང་། ཐབ་རྡོ་ལེབ་ལེབ་ཡིན་མི་ཆོག་པའི་རྒྱུ་མཚན་ངེས་ཐག་ཆོད་པ་ཞིག་མ་རྙེད།

བྱེ་མའི་ལ་ཆེན་དེ་ཐུར་ནས་ཐུར་དུ་གྲོག་རོང་ཟབ་མོར་འབབ་པའི་རྨ་ཆུ་སྔོན་མོའི་ཕྱོགས་སུ་བཟུར་ནས་འདུག བྱེ་མའི་ལ་ཆེན་སྟེང་དུ་ཕ་མ་གཉི་ག་ནི་ལུག་ཁྱུ་དང་མཉམ་དུ་རྦབ་རྒོད་བཞིན་ཐུར་ནས་ཐུར་ལ་འགྲིལ། དེ་ནི་སྐར་མའི་མཐོང་སྣེ་ནས་བལྟས་ན་དཔུང་ཚོགས་ཆེན་པོ་ཞིག་མཚོ་མོའི་ཕྱོགས་སུ་བཤམས་པ་དང་འདྲ་བར། ཁོའི་སེམས་པ་ཡང་རྦབ་རྡོ་བཞིན་གཡང་དུ་འགྲིལ་བར་བྱེད། ཉི་འོད་ཀྱི་ཀློང་དུ་ལུག་ཁྱུ་དང་ཕ་མའི་རྒྱབ་གཟུགས་དེ་ཁད་ཇེ་རིང་ནས་ཇེ་རིང་དུ་ཕྱིན་ཏེ། ཡོམ་ཡོམ་འདར་བའི་སྨིག་རྒྱུའི་གསེང་དུ་འདྲེས་སོང་། ལུག་ཁྱུ་འདེད་པའི་མི་དེ་གཉིས་ཉིན་དེ་ནས་ཁོ་དང་རྒྱང་བཀྱེད་དེ། སྨིག་རྒྱུའི་གསེང་དུ་འཐིམ་སོང་བའམ། ཆུ་ལ་རྐྱལ་ནས་རྨ་ཆུའི་ཕར་ངོགས་སུ་ཡལ་སོང་བ་འདྲ།

ལོ་ཟླ་མང་པོ་མ་ཕྱིན་པའི་ཉིན་གུང་དེར། ཁོས་ལོབས་ཕྱོགས་ལྟར་ལུག་ཁྱུར་ཆུ་བླུད་རྗེས། ན་རིང་ངོས་ནས་ལུག་ཁྱུ་ཡར་བརྒྱབ་སྟེ་དུ་བ་ཞིག་ལ་མེ་བསྒོ་གྲབས་བྱས། ཁོའི་ཨོང་ཤ་བྱེ་མ་དམར་པོའི་ནང་དུ་བཞག་སྟེ་དུ་བ་ཞིག་གཅུད་ཚར་མ་ཚར་གྱི་བར་གླགས་དེར། རྨ་ཆུའི་ཕར་ངོགས་སམ་སྨུག་རྒྱུའི་ཀློང་ནས་མཆེད་པ་གང་ཡིན་མི་ཤེས་པའི་སྐག་སྒྲ་ཞིག་གིས་ཁོ་ལྷབ་སེར་བཏང་སོང་། མཁའ་དབུགས་དང་བཅས་པ་ཉི་འོད་ཀྱི་ཀློང་དུ་དཀག་ཡོད་པའི་ཉིན་གུང་དེའི་ལྷིང་འཇགས་ཡོད་ཚད་དེ་ལྟར་སྐག་སྒྲ་ཞིག་གིས་དཀྲོགས་སོང་།

“སྔོན་ཆད་ཕ་མྱེས་ཡང་མྱེས་ཀྱི་རིང་ལ། རྨ་ཆུའི་ཕར་ངོགས་ཚུར་ངོགས་བྱས་ཏེ་རྟ་འདེད་རེས་བྱས་མྱོང་མོད། དེང་སང་འདེད་བསམས་ཀྱང་རྟ་མེད་པས……”ཨ་ཕས་ན་རིང་ཁར་ཐབ་རྡོ་ཞིག་བསླངས་ཏེ་གདོང་གི་རྔུལ་ཆུ་འབྱིད་བཞིན་དེ་ལྟར་བཤད།

“ཨ་ལ་དེ་ཟེར་ན། ན་རིང་ངོས་ནས་འགྲོ་སྐབས་མཉམ་མ་བཞག་ན་རྨ་ཆུའི་ཕར་ངོགས་ནས་བོའུ་འཕེན་མཁན་ཡོད་ཟེར་བ་བདེན་ནམ”ཨ་ཕས་བཤད་པའི་སྐད་ཆ་དེས་ཨ་མར་ཅི་ཞིག་གི་དྲན་གསོས་སོང་བ་ལྟར། ཇ་དེམ་དུ་ཚ་ཁུ་འདེབ་བཞིན་ཨ་ཕའི་གདོང་ལ་ཅེར་ནས་འདུག

“ཨ་ཕ། འོ་ན་འུ་ཚང་ལ་བོའུ་མེད་པ་ཅི་ཡིན།”ཁོས་མཚར་སྣང་དང་བཅས་ཨ་ཕར་དྲི་བ་ཞིག་ཁ་གསབ་ཏུ་དྲིས།

དེ་དུས་ཨ་ཕས་ཁོ་ཐག་ལ་ཁོར་འུ་ཚང་གི་བོའུ་བཙའ་ཆགས་ཏེ་རྙིང་སོང་ཟེར་བ་འདྲ། ཁོའི་སྣང་བ་ཞིག་ལ་ཨ་ཕས་བཤད་པའི་བོའུ་དེ་ཡང་སྨུག་རྒྱུའི་གསེང་དུ་འཐིམ་སོང་བ་ལོས་ཡིན་འདོད། ཁོ་སྐྱ་ལེབ་སེར་ཆགས་པའི་གྲོང་ཁྱེར་གྱི་གློ་རྒྱུ་མའི་གསེང་དུ་ཉུལ་སྐབས། གྲོང་ཁྱེར་འདིའི་མི་ཚོགས་དང་བྱ་དངོས་དག་ནི་འདི་ལྟར་ལེབ་ལེབ་ཅིག་ཡིན་དོན་ཅི་ཡིན་ནམ་སྙམ་པའི་སོམ་ཉིར་ཚུད་བཞིན། མཁའ་དབུགས་ཉི་མའི་ཁྲོད་དུ་དཀག་པའི་ཕྱི་དྲོ་དེར་ཡང་ཡང་བསྐྱར་ལོག་བྱས། ཁོས་སྐག་སྒྲ་དེ་ནི་རྨ་ཆུའི་ཕར་ངོགས་ཀྱི་མདའ་པ་ཞིག་གིས་འཕངས་པའི་མེ་མདའ་ཡིན་ནམ་བསམས་མོད། དེ་ནི་ཕལ་ཆེར་ཁོའི་བྲང་ཁུག་ཏུ་བཅུག་པའི་མེ་ཆ་དེ་ཉི་མས་གདུང་སྟེ་བཀད་སོང་བ་འདྲ། བརྒྱ་ལ་སྐག་སྒྲ་དེ་ནི་རྨ་ཆུའི་ཕར་ངོགས་ནས་མཆེད་པའི་བོའུ་སྐད་ཅིག་ཡིན་ཚེ། ཁོ་ཡང་ད་ལྟ་ནང་བཞིན་ལེབ་ལེབ་ཡིན་པའི་གྲོང་ཁྱེར་འདི་འདྲ་ཞིག་ཏུ་ཤོག་སྐྱ་བཞིན་འཕྱན་དགོས་དོན་ཅི་ཡོད་སྙམ། མ་མཐའ་ཡང་རྟ་གོང་ནས་གླུ་བླངས་ཤིང་གྲི་ཁ་ནས་ཤ་ཟོས་མྱོང་པའི་མི་ཞིག་ཡིན་ཆོག་མོད། སྐག་སྒྲ་དེ་ཐེངས་གཅིག་ལ་གྲག་རྗེས་མཁའ་དབུགས་སྔར་བཞིན་ཉི་འོད་ཀྱི་ཀློང་དུ་དཀག་སོང་།

ལུག་ཁྱུ་གཤར་ཤུལ་དུ། ཐབ་རྡོ་རེ་ཟུང་གཡས་ལོག་གཡོན་ལོག་བྱས་ཏེ་ཁ་གནམ་ལ་འཁོར་ནས་ཉི་འོད་དང་རླུང་བུས་བསེད་ཀྱིན་འདུག

“འཇིག་རྟེན་འདི་མ་གཞི་ནས་ལེབ་ལེབ་ཅིག་ཡིན།”ཨ་མྱེས་ཀྱིས་གདེང་ཚོད་ཡོད་པའི་སྒོ་ནས་སློབ་གྲྭར་སོང་མ་ཐག་པའི་ཁོ་དང་ཤགས་འགྱེད་པར་བྱེད། དེ་དུས་ཁོའི་རིག་པ་སྨིན་མེད་པས་ཨ་མྱེས་དང་འཇིག་རྟེན་ལེབ་ལེབ་ཡིན་མིན་ཐད་ཀྱི་ཤགས་འགྱེད་ལས་ཕམ་སྲིད་པར་ཁག་མེད་བསམས་མོད། ལོ་མང་འགོར་བའི་རྗེས་སུ། ཁོ་གྲོང་ཁྱེར་གྱི་བཞི་མདོ་དང་ཁྲོམ་དཀྱིལ། ཁང་བརྩེགས་ཀྱི་རྩེ་རིམ། ས་འོག་ལྕགས་ལམ་གྱི་ནང་རོལ། མི་ཚོགས་ལུད་པའི་ཐང་ཆེན་སོགས་གནས་གང་དུ་འགྲེང་ནའང་། ཁོ་དང་ཨ་མྱེས་བར་གྱི་ཤགས་འགྱེད་དེ་ལས་རྒྱལ་ཐབས་ཤིག་མ་རྙེད།

“སྐར་མ། གོ་ཐོས་ལྟར་ན་ཁྱོད་ལ་རྨ་ཕ་རིའི་མདའ་པ་ཞིག་གིས་བོའུ་འཕངས་སོང་ཟེར་སྐད། དེ་བདེན་ནམ།”

“ཨ་མའི་ཤ། ང་ཡིན་ཚེ་སྙིང་བཀད་མི་འགྲོ་ན།”ཆུ་མཛོད་ཁར་རུབ་པའི་ལུག་རྫི་དག་གིས་ཁོ་མཐོང་འཕྲལ། བདེན་རྫུན་གྱི་དབྱེ་བ་འབྱེད་ཁག་པའི་གཏམ་མང་པོ་རྣ་ལམ་དུ་སྤུངས་ཡོང་།

“ཨ་ཁུ་རྡོ་རྒན། ཁྱེད་ཚང་གི་བོའུ་ཁྲ་རིང་དེ་ད་དུང་ཡོད་དམ། ང་ལ་ཐེངས་གཅིག་གཡར་ན་ཆོག་གམ” ཁོས་ཀྱང་བདེན་པའི་བརྡ་ལ་ཨ་ཁུ་རྡོ་རྒན་ལ་བོའུ་གཡར་དགོས་ཚུལ་གྱི་གཏམ་དྲིས་པར། དེར་འཚོགས་པའི་ལུག་རྫི་རྣམས་བྱིའུ་ཁྱུ་སྐྱ་ཁྲས་བདས་པ་ལྟར་ཕྱོགས་ཕྱོགས་སུ་ཐོར་སོང་།

“ཞི་ལུ་འདིས་ཅི་ཟེར། དེང་སང་བོའུ་འཛིན་མཁན་ཞིག་ཡོད་དམ། དེང་སང་སྙུ་གུ་འཛིན་དགོས་ནི་རེད།”ཨ་ཁུ་རྡོ་རྒན་གྱི་གདོང་བ་ནག་པོར་དམར་ཞད་ཅིག་འདྲེས་ཏེ་ཁོ་ལ་ལན་དེ་ལྟར་བཏབ།

“ཨ་ཕ། འུ་ཚང་གི་བོའུ་བཙའ་ཆགས་དེ་གང་ན་ཡོད།”ཁོས་ཡིད་ཀྱི་མཚར་སྣང་གནོན་མ་ཐུབ་པར། མུ་མཐུད་དུ་ཨ་ཕའི་ས་ནས་བོའུ་ཞིག་མཐོང་ཐུབ་མིན་ལ་རེ་ལྟོས་བཅངས།

“མེད། གནའ་དེ་ལོ་ཞིག་ལ་སྒང་རྒན་མགོ་ནས་སྤྱང་ཐོ་རྩེང་སྤྱད་བྱས་ཟིན། ཁྱོས་དེ་ཡིས་ཐལ་འགེམ་མམ།”ཨ་ཕས་མིག་ཕྱེ་མ་ཟུམ་གྱིས་ཚ་ཐབ་ཀྱི་སྟེང་མ་ཎི་བགྲང་བཞིན་ལན་སྟབས་བདེ་ཞིག་བཏབ།

ལོ་དེར། ཁོས་ཅི་བྱས་ཀྱང་བོའུ་ཞིག་གི་དྲི་ཙམ་ཡང་སྣོམ་མ་ཐུབ། རྟ་གོང་ནས་གྲི་ཕྱར་མྱོང་བའི་རྒད་པོ་དེ་ལོ་ཟླའི་ཆུ་མོ་རྒྱང་དུ་བཞུར་བ་དང་བསྟུན་ནས་ཁོ་དང་ཐག་ཇེ་རིང་ཡིན་ཞིང་། ཁོའི་རྐང་འོག་ནས་རྒྱང་དུ་འཐེན་པའི་རྡོག་ལམ་ལེབ་ལེབ་འདི་རུ། ཨ་ཕས་རྟ་རྒོད་ཞོན་ནས་ས་ཆེན་གྱི་བྲང་གཞུང་ལེབ་ཀྱིས་གཅོད་པའི་གཟུགས་བརྙན་དེ་ད་ནི་མཐོང་རྒྱུ་མི་འདུག

“ཨ་རོག དོ་ནུབ་འུག་ཆུང་གྲག་གིན་འདུག” ཨ་ཁུ་རྡོ་རྒན་གྱིས་གཅིན་པ་ཤག་སེར་གཏོང་བཞིན་ཨ་ཕར་གཏམ་གསར་པ་ཞིག་གི་མགོ་བསླངས།

“ཨ་ཟླ།② འུག་ཆུང་གྲག་པར་བརྟག་རྒྱུ་ཅི་ཡོད་དམ།”

“དེར་བརྟག་རྒྱུ་ལོས་ཡོད། དེ་ནི་ཁྱོད་ལ་བུ་ཞིག་སྐྱེ་རྒྱུ་ཡིན་པའི་རྟགས་རེད།”དེ་དུས་སྐར་མ་ད་དུང་མི་ཡུལ་དུ་ཐོན་མེད་ཅིང་། ཨ་ཕས་རས་གུར་གྱི་ཧྲག་བར་ནས་ལྡང་བའི་རླུང་གི་ཤུག་སྒྲར་ཉན་བཞིན། རང་གི་སྐྱེ་སྲིད་པའི་བུ་ལ་རྟ་ཞོན་སྲོལ་དང་གྲི་སྐོར་སྲོལ་སོགས་འཁྲིད་དགོས་བསམ་བཞིན་སྐར་ཆེན་ཤར་རག་བར་དུ་གཉིད་མ་ཁུག

དངོས་གནས་ཁོ་དེ་བཞིན་དུ་སྐྱ་ཀ་ཁྲ་མོའི་བསུ་མའི་ཁྲོད་ནས་མི་ཡུལ་འདི་རུ་ལྟིག་དིར་རེར་ལྷུང་།

“ཨ་ལ་ལ། ཞི་ལུ་མགོ་ཆེ་ཞིག་ཡོད་འདུག”

“ཧི་ཧི་ཧི། རྐང་རྒན་ཞིག་ཀྱང་རེད།”

ཁོ་བཙས་མ་ཐག་རུ་སྐོར་ཁྱིམ་མཚེས་རྣམས་ཀྱིས་དེ་ལྟར་ཞིབ་བརྗོད་བྱས། ཡུལ་མི་ཚོའི་རྩིད་སྐུད་ལྟར་འཕྱིང་བའི་སྐད་ཆ་མང་པོས་བྱ་དངོས་ཤིག་ཞིབ་བརྗོད་བྱེད་མི་ཤེས་པས་ཡིན་ནམ། ཁོ་ཚོས་གསར་དུ་བྱུང་བའི་བྱ་དངོས་ཤིག་ཞིབ་བརྗོད་བྱེད་པར་སྐད་ཆ་ཚིག་རྐང་རེ་གཉིས་ཀྱིས་ཆོག

“མགོ་ཆེ་ན་སྡེ་བའི་དཔོན་པོ”ཨ་ཕས་ངའི་ཞི་ལུའི་མགོ་ཆེ་བ་དེ་སྡེ་བའི་དཔོན་པོར་འདུག་ཐུབ་པའི་རྟགས་ཡིན་ཟེར་སྐབས། ཨ་མས་ཁོའི་ཚིག་མཚམས་བཅད་དེ། “རྐང་བ་ཆེ་ན་སྡེ་བའི་གཡོག་པོ”ཞེས་ཨ་ཕའི་རྨི་ལམ་དེ་སྐད་ཅིག་ཉིད་ལ་དཀྲོགས།

གྲོང་ཁྱེར་ལེབ་ལེབ་འདིར་གཞིས་ཆགས་པ་ནས། ཁོས་ཤ་གསིལ་སྲོལ་དང་གཏུབ་སྲོལ་ལ་སོགས་པའི་ཤ་ལས་བྱེད་སྲོལ་རྨང་ནས་བརྗེད་པར་གྱུར། གཅིག་བྱས་ན་ཁོས་ཐོག་མ་ནས་ཤ་ལས་བྱེད་མི་ཤེས་ནའང་ཐང་མོད། ཁོས་ཤིང་མཛེར་གཞོག་པ་ལྟར་ཤ་ལེབ་མོ་ལེབ་མོར་གཏུབ་པའི་ཉིན་དེ་ནས་བཟུང་། ཁོས་ཤ་ཟ་ཚད་མངོན་གསལ་གྱིས་ཇེ་ཉུང་དུ་ཕྱིན། དེ་ལྟར་ལོ་མང་འགོར་བའི་རྗེས་སུ། ཁོས་རང་ཉིད་ནི་ཨ་ཕའི་ཁྲག་རྒྱུད་དངོས་མ་ཡིན་མིན་ཐད་ལའང་དོགས་པ་མི་ཟ་ག་མེད་བྱུང་། མཚམས་མཚམས་སུ་ཁོ་སོམ་ཉིའི་རྒྱ་རུ་ཚུད་དེ། ཨ་ཕ་དང་ཁོ་གཉིས་ཀྱིDNAགཞི་རྒྱུར་བརྟག་དགོས་སྙམ་ནས་ཁ་རོག་གེར་ཨ་ཕ་གཉིད་དུ་ཡུར་བའི་སྐབས་དང་བསྟུན་ནས་ཨ་ཕའི་སོར་རྩེ་ནས་ཁྲག་ཐིགས་ཏོག་ཙམ་ལེན་པར་བསམ་བློ་བཏང་ནའང་། ངལ་བ་འབྲས་མེད་དུ་གྱུར་པས་ཨ་ཕའི་ཁྲག་རྩ་གཏར་བའི་གོ་སྐབས་དང་བསྟུན་ནས་རྣག་ཁྲག་ཏོག་ཙམ་བླངས་ཏེ་སྨན་ཁང་དུ་འགྲོ་རྩིས་བྱས་མོད། ཨ་ཕའི་ལག་གི་གློ་གྲི་དེ་མཐོང་འཕྲལ་ཁོ་སྐད་ཅིག་ལ་སྤ་གོང་བར་བྱས། ནམ་རྒྱུན་ཨ་ཕའི་གློ་གྲི་དེ་མཐོང་སར་མེད་ནའང་། ཉིན་དེར་ཨ་ཕས་གློ་གྲི་དེ་བླངས་ནས་ཁྲག་རྩ་གཏར་སྤྱད་བྱས། གཅིག་བྱས་ན། ཨ་ཕས་སྔ་མོ་ནས་ཁོའི་དྲན་ཚུལ་དེ་ཤེས་ཡོད་ཀྱང་སྲིད།

དྲང་མོར་བཤད་ན། ཐབ་རྡོ་ལེབ་མོ་བསྒྲུགས་པའི་ཞོགས་པ་དེ་ནས་བཟུང་། ཨ་ཕ་བྱེ་མའི་ལ་ཆེན་དེ་བརྒལ་ནས་ཁོ་དང་རྒྱང་ཐག་ཇེ་རིང་དུ་ཕྱིན་ཞིང་། ཁོ་རང་ཚེ་གང་བོར་འཕྲུལ་བར་བྱེད་པའི་སྨིག་རྒྱུའི་གསེང་དུ་ཡིབ་སོང་། ཁོ་གཅིག་པུ་གྲོང་ཁྱེར་ལེབ་ལེབ་འདིའི་གསེབ་ཏུ་རྒྱུ་སྐབས། ཁོས་དཔོན་པོ་རིག་ན་བསྒུར་ནས་འགྲོ་ཞིང་། བླ་མ་རིག་ནའང་ཉྭ་བསྐུམས་ནས་འགྲོ། ཐ་ན་སྤྲང་པོ་ཞིག་རིག་ནའང་ཉྭ་སྒྱིད་འདར་འདར་བྱེད། ཁོ་ཡང་དེ་ལྟར་སོང་གིན་སོང་གིན་དུ། ཐབ་རྡོ་ལེབ་མོ་དེ་དང་འདྲ་བར་ལེབ་ལེབ་ཅིག་ཏུ་ཆགས་འདུག་ལ། ཤོག་སྐྱ་ལེབ་ལེབ་ནང་ལྟར་མདུན་ནས་བལྟས་ན་རྒྱབ་མཐོང་བ་དང་མགོ་ནས་བལྟས་ན་རྔ་མ་མཐོང་བ་ཞིག་ཏུ་གྱུར་འདུག

“སྐར་མ། ལས་ཚོགས་ལ་འགྲོ་བཞིན་ཡོད་དམ།”

“འུན……”ཁོས་ལོབས་ཕྱོགས་ལྟར་ཉྭ་སྒྱིད་གུག་གུག་ཅིག་བྱས། དྲང་མོར་བཤད་ན། སྐབས་འདིར་ཁོས་མགོ་ནང་དུ་གུག་གུག་བྱེད་ཀྱིན་ཡོད།

“སྐར་མ། ཨ་ཕ་བཞུར་སོང་།”

“འུན……”ཁོས་སྔར་བཞིན་ལོབས་ཕྱོགས་ལྟར་མགོ་བོ་གུག་གུག་དང་སྒྱིད་པ་ཞུམ་ཞུམ་བྱས།

མི་ཚོགས་མང་པོའི་དཀྱིལ་དུ་ཁོ་ཤོག་སྐྱ་ལེབ་ལེབ་ཅིག་དང་འདྲ་བར། འདུག་སའི་གནས་དང་འབབ་སའི་ཐེམ་པ་ཞིག་མི་འདུག ཁོས་མི་ཚོགས་ཀྱི་མཐའ་དབུས་གང་སར་རྐང་པ་སྤོ་ས་ཞིག་མ་རྙེད། ཁོ་དེ་ལྟར་མི་ཚོགས་ཀྱི་མཐའ་རུ་གྱར་ཏེ་རླུང་གིས་འཁུར་ལ་ཁད་བྱེད། སྐབས་དེར། ཁོས་གློ་རྡེག་ཏུ་མི་ཚོགས་ཀྱི་མཐའ་རུ་ཨ་ཕའི་གཟུགས་བརྙན་མཐོང་བྱུང་། ཨ་ཕས་འཛུམ་དམུལ་ལེར་རྐེད་ཀྱི་གློ་གྲི་དེ་བླངས་ནས་ཁོའི་ཕྱོགས་སུ་གཏད་འདུག

“ཨ་མ། ཨ་ཕའི་གློ་གྲི་དེ་གང་ན་ཡོད”ཁོས་མགྲིན་པ་ཅི་ཞིག་གིས་རྣོང་བཞིན་མི་ཚོགས་དཀྱིལ་ན་ལྷན་ནེར་བསྡད་པའི་ཨ་མར་སྐད་ཆ་ཞིག་དྲིས།

“གློ་གྲི་དེ་ད་སོ་མར་ཨ་ཕས་ཁྱོད་ལ་སྤྲད་ཟིན་པ་མིན་ནམ།”

མཆན།

① ཤ་བོགས། བྱེ་མའི་ནང་དུ་སྐྱེས་པའི་རྩི་ཤིང་ཞིག་སྟེ། དྲི་ཞིམ་ཞིང་ཤ་བོགས་སྐམ་པོ་མེར་བུས་ཆོག

② ཨ་ཟླ། མཚོ་ལྷོའི་མངའ་ཁོངས་ཀྱི་ཡུལ་སྡེ་ཁ་ཤས་སུ་ཕུ་བོའི་མིང་ལ་ཨ་ཟླ་ཞེས་འབོད་སྲོལ་ཡོད།