ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས《མགོ་ཁྲིད་ལས་བྱེད་པ་གོ་གནས་སྤོར་འབེབ་ཐུབ་པར་སྐུལ་འདེད་གཏོང་བའི་གཏན་འབེབས》དཔར་འགྲེམ་བྱས་པ།

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས《མགོ་ཁྲིད་ལས་བྱེད་པ་གོ་གནས་སྤོར་འབེབ་ཐུབ་པར་སྐུལ་འདེད་གཏོང་བའི་གཏན་འབེབས》(གཤམ་ནས《གཏན་འབེབས》ཞེས་བསྡུས་ཡོད།)དཔར་འགྲེམ་བྱས་པར་མ་ཟད་བརྡ་སྦྱོར་བཏང་སྟེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ནན་ཏན་གྱིས་བརྩི་སྲུང་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན་ཡོད།

བརྡ་སྦྱོར་ནང་བསྟན་དོན། 《གཏན་འབེབས》ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ཤིང་། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཉམས་མྱོང་གསར་པ་སྡུད་ལེན་བྱས་པ་དང་། གོ་གནས་སྤོར་འབེབ་ཐུབ་པའི་འཇོན་མི་འདེམས་སྤྱོད་ཀྱི་ནང་རྐྱེན་འཐུས་ཚང་དུ་བཏང་ཡོད་པས། འཇོན་ཐང་ཅན་ཡར་འཐེན་པ་དང་། ཕུལ་བྱུང་ཅན་ལ་བྱ་དགའ་སྤྲོད་པ། ཐ་མལ་བའི་གོ་གནས་འབེབ་པ། ནུས་མེད་ཅན་འདོར་བ་བཅས་ཀྱི་མི་སྤྱོད་ཁྲིད་ཕྱོགས་དང་སྲིད་ཞུགས་ཁོར་ཡུག་ཆགས་པར་སྐུལ་འདེད་བཏང་བས། བློ་དཀར་དང་ཁག་ཁུར་ཕོད་པའི་སྤུས་ཚད་མཐོན་པོ་ཅན་གྱི་སྲིད་སྐྱོང་རྐང་འཛིན་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན།

བརྡ་སྦྱོར་ནང་བླང་བྱ་བཏོན་དོན། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)དང་དེའི་རྩ་འཛུགས(མི་དོན)སྡེ་ཁག་གིས་ཁྱོན་ཡོངས་ནས་ཏང་ལ་དོ་དམ་ནན་མོ་དང་དཔོན་རིགས་སྐྱོང་བའི་ཆབ་སྲིད་འགན་འཁྲི་དངོས་གནས་འཁུར་དགོས་ལ། དངོས་གནས་དོ་དམ་དང་དངོས་གནས་གཟབ་ནན་བྱེད་པ། དོ་དམ་བྱེད་ཕོད་པ་དང་གཟབ་ནན་བྱེད་ཕོད་པ། ཡུན་རིང་དོ་དམ་དང་ཡུན་རིང་གཟབ་ནན་བྱེད་པ་བཅས་སྒྲུབ་ཐུབ་པར་བྱས་ཏེ། ལས་བྱེད་པ་གོ་གནས་སྤོར་འབེབ་ཐུབ་པའི་བྱ་བ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ནན་སྐྱོང་དང་བྱམས་སྐྱོང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་། སྐུལ་འདེད་དང་གཅུན་སྡོམ་གཉིས་ཀར་མཐོང་ཆེན་བྱས་ཏེ། བསམ་བློའི་བྱ་བ་ཞིབ་ཚགས་ཀྱིས་ལེགས་པོར་སྒྲུབ་པ་དང་། ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་གྱི་ཧུར་ཐག་རང་བཞིན་སྲུང་སྐྱོབ་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། 《གཏན་འབེབས》ལག་བསྟར་དོན་འཁྱོལ་བྱེད་ཤུགས་མི་འདང་བར། འགན་འཁྲི་རྩད་ཞིབ་ནན་མོ་བྱེད་དགོས། 《གཏན་འབེབས》ལག་བསྟར་བྱེད་པའི་ཁྲོད་བྱུང་བའི་གནས་ཚུལ་གལ་ཆེན་དང་གྲོས་འཆར་དག་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་ཞུ་འབུལ་དགོས། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།