ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞི་ཅིན་ཕིང་གིས་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་པ།

ས་དེའི་དུས་ཚོད་ཟླ9པའི་ཚེས14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ནུའུ་ཨེར་སུའུ་ཏན་ལ་འབྱོར་བ་དང་། ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུས་སྲིད་གཞུང་གི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་འཁུར་མཁན་ཐེ་ལིའེ་ཝུའུ་པེར་ཅི་དང་། ནུའུ་ཨེར་སུའུ་ཏན་གྲོང་ཁྱེར་གྱི་མགོ་གཙོ་ཁུའུ་ལི་ཅི་ནུའོ་ཧྥུ་སོགས་མཐོ་རིམ་དཔོན་པོ་ཁྲིད་དེ་གནམ་གྲུ་ཐང་ནས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས། གུས་ལུགས་དམག་མི70ལྷག་ལོགས་གཉིས་སུ་ཕྲེང་སྟར་བསྒྲིགས་ནས་གུས་འདུད་ཞུས་ཤིང་། དམག་མིའི་རོལ་དབྱངས་ཚོགས་པས་མགྲོན་བསུའི་དུང་ཆེན་བུས། ཧ་སག་སི་ཐན་གྱི་གཟབ་མཆོར་སྤྲས་པའི་གཞོན་ནུ་མ་གཉིས་ཀྱིས་ལག་ཏུ་མེ་ཏོག་བཀྱགས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་བྱས།

ཞི་ཅིན་ཕིང་གིས་ཡིག་ཐོག་གསུང་བཤད་གནང་བ་དང་། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་དེ་ཧ་སག་སི་ཐན་གྱི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ནི་རི་དང་ཆུ་བོས་འབྲེལ་ཞིང་། ལས་དབང་གཅིག་པའི་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། མཉམ་ལས་པ་བཟང་པོ་བཅས་ཡིན། འབྲེལ་བ་བཙུགས་པའི་ལོ་ངོ30རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཆོང་བརྒལ་རང་བཞིན་གྱི་འགྱུར་ལྡོག་བྱུང་སྟེ། ཡུན་རིང་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོན་པོ་ཞིག་ཏུ་སླེབས་ཡོད། འཚམས་འདྲི་བྱེད་པའི་རིང་ལ། ངས་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུ་དང་གྲོས་མོལ་བྱས་ཏེ། ཀྲུང་ཧའི་ཁྱོན་ཡོངས་མཉམ་ལས་ཕུགས་ཇུས་གསར་པ་མཉམ་དུ་འགོད་རྒྱུ་ཡིན་ལ། ཐེངས་འདིའི་འཚམས་འདྲིས་རྒྱལ་ཁབ་གཉིས་མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་སྒུལ་ཤུགས་གསར་པ་སྩོལ་ཐུབ་པར་ང་རང་ཡིད་ཆེས་ཡོད་ཟེར།

ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲི། ཝང་དབྱི། ཧོ་ལི་ཧྥེང་སོགས་ཕེབས་རོགས་མི་སྣ་རྣམས་གནམ་གྲུ་གཅིག་གི་ནང་ས་དེར་འབྱོར།

ཧ་སག་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ཆེན་མོ་ཀྲང་ཞའོ་ཡང་གནམ་གྲུ་འབབ་ཐང་དུ་བསུ་མ་བྱེད་དུ་ཡོང་།

ཐུའོ་ཁ་ཡེ་ཧྥུ་ཡིས་ཞི་ཅིན་ཕིང་ལ་དགའ་བསུའི་མཛད་སྒོ་གཟབ་རྒྱས་སྤེལ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་མཉམ་དུ་གཟིགས་ཞིབ་སྟེགས་བུར་ཕེབས་པ་ན། དམག་མིའི་རོལ་དབྱངས་རུ་ཁག་གིས་ཀྲུང་ཧ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། ཞི་ཅིན་ཕིང་གིས་ཐུའོ་ཁ་ཡེ་ཧྥུའི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་།

དགའ་བསུའི་མཛད་སྒོ་གྲོལ་རྗེས། ཐུའོ་ཁ་ཡེ་ཧྥུ་ཡིས་ཞི་ཅིན་ཕིང་གདན་དྲངས་ཏེ“ཧ་སག་སི་ཐན་དང་ཀྲུང་གོའི་བར་གྱི་ལོ་ངོ་སྟོང་གི་གླེང་མོལ”གྱི་སྒྱུ་རྩལ་འགྲེམ་སྟོན་ལ་མཉམ་གཟིགས་གནང་། འགྲེམ་སྟོན་ཐོག་ཧ་སག་སི་ཐན་རྒྱལ་ཁབ་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་ཀྲུང་ཧ་རྒྱལ་ཁབ་གཉིས་ཀྱི་སྒྱུ་རྩལ་གཅེས་ནོར་བཤམས་སྟོན་བྱས་ཡོད། བཟོ་རྩལ་ཞིབ་ཚགས་ལྡན་པའི་ཀྲུང་གོའི་རི་མོ་དང་། དཀར་ཡོལ། གཞན་ཡང་ཧ་སག་སི་ཐན་གྱི་དར་གོས་ཐོན་རྫས། རྫ་ཆས་ཐོན་རྫས་རེ་རེ་ནི་ཀྲུང་ཧ་ཡི་ལོ་ངོ་སྟོང་ཕྲག་གི་འོད་སྟོང་འབར་བའི་རིག་གནས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་གསོན་ཉམས་ལྡན་པའི་བཞེངས་སྟངས་ཤིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ལ་མི་རབས་ནས་མི་རབས་སུ་མཛའ་མཐུན་འགྲོ་འོང་བྱེད་པའི་ལོ་རྒྱུས་ཀྱི་བདེན་དཔང་ཞིག་ཀྱང་ཡིན།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་དངོས་སུ་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ30འདས་པའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་རྒྱལ་སྤྱིའི་འཕོ་འགྱུར་ཆེན་མོའི་ཉམས་སད་ཐེག་ཐུབ་ཡོད་ལ། ནང་དོན་རྒྱུན་ཆད་མེད་པར་ཕུན་ཚོགས་སུ་ཕྱིན་པ་དང་། ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་སྟེ། གྲུབ་འབྲས་སྔར་ལས་གཡུར་དུ་ཟ་བ་བླངས་ཡོད། རྒྱལ་ཁབ་གཉིས་ཀྱིས་མཐའ་མཚམས་ཀྱི་གནད་དོན་གཞན་གྱི་སྔོན་ལ་ཐག་བཅད་པ་དང་། མངའ་ཁོངས་ལས་བརྒལ་བའི་སྣུམ་རླངས་སྦུག་ལམ་གཞན་ལས་སྔོན་ལ་བཏིང་བ། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་གཞན་ལས་སྔོན་ལ་བྱས་པ། གཏན་གྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་འབྲེལ་བ་གཞན་ལས་སྔོན་ལ་བཙུགས་ཏེ། “ཨང་དང་པོ”མང་པོ་ཞིག་བསྐྲུན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཚད་མཐོན་པོས་ཧ་སག་སི་ཐན་གྱི་འབྲེལ་བར་མཐོང་ཆེན་གནང་ཡོད་པ་དང་། ཧ་སག་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཡོད་པ་དང་། ཧ་སག་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བརྟན་བརླིང་དང་འཕེལ་རྒྱས་ཐད་ཀྱི་བཅོས་བསྒྱུར་དང་བྱེད་ཐབས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཡོད། ཀྲུང་གོ་ནི་ནམ་ཡང་ཧ་སག་སི་ཐན་གྱིས་བློ་གཏད་རུང་བ་དང་། རྒྱབ་རྟེན་བྱེད་ཆོག་པའི་གྲོགས་པོ་དང་མཉམ་ལས་པ་ཡིན་ལ། ཀྲུང་གོའི་ཕྱོགས་ཀྱིས་ཧ་སག་སི་ཐན་དང་མཉམ་དུ་ཕན་ཚུན་འཕེལ་རྒྱས་དང་དར་སྤེལ་གཏོང་བའི་རྒྱབ་དཔུང་བརྟན་པོ་བྱེད་རྒྱུའི་མོས་འདུན་ཡོད་ཅིང་། ཕན་ཚུན་གྱི་གོང་འཕེལ་དང་དར་རྒྱས་མངོན་འགྱུར་ལ་རོགས་འདེགས་བྱ་རྒྱུ་ཡིན། ཀྲུང་ཧའི་བར་གྱི་མཛའ་མཐུན་ནི་སྲ་ཞིང་གཏོར་དཀའ་བས། འཛམ་གླིང་གི་ཧུར་ཐག་སྟོབས་ཤུགས་དང་ཡར་ཐོན་སྟོབས་ཤུགས་འཕེལ་རྒྱས་གཏོང་བར་ཕན་པ་ལྡན་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་ཡང་ཕན་ཐོགས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧའི་མཉམ་ལས་ཀྱི་རྨང་གཞི་བརྟན་ལ། སྦས་ཤུགས་ཤིན་ཏུ་ཆེ་ཞིང་། མདུན་ལྗོངས་རབ་ཏུ་ཡངས། ཕྱོགས་གཉིས་ཀྱིས་ཙུང་ལིའི་དུས་ཁེལ་གྲོས་མོལ་དང་། སྲིད་གཞུང་བར་གྱི་མཉམ་ལས་ཨུ་ཡོན་ལྷན་ཁང་སོགས་ད་ཡོད་ནང་རྐྱེན་བེད་སྤྱོད་ལེགས་པོ་བྱས་ཏེ། འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་གསབ་རེས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་ཁྱོན་ཡོངས་ནས་གསར་རྐྱང་ཡིན་པའི་གཞི་ཁྱོན་ཞིག་དང་མཐོ་ཚད་ཅིག་ཏུ་མཐོར་འདེགས་གཏོང་དགོས། ཕྱོགས་གཉིས་ཀྱིས་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པ་དང་། དཔལ་འབྱོར་ཉོ་ཚོང་དང་། ཐོན་ནུས། ཕན་ཚུན་འབྲེལ་གཏུག་དང་ཕན་ཚུན་འགྲོ་འོང་། རིམས་འགོག་སོགས་ཀྱི་ཁྱབ་ཁྱོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ། གཞི་གྲངས་ཆེན་མོ་དང་། མིས་བཟོས་རིག་ནུས། གྲངས་ཀའི་དངུལ་རྩ། མངའ་ཁོངས་བརྒལ་བའི་གློག་རྡུལ་ཚོང་ལས། ལྗང་མདོག་ནུས་ཁུངས། ལྗང་མདོག་རྨང་གཞི་འཛུགས་སྐྲུན་སོགས་ཀྱི་གསར་གཏོད་མཉམ་ལས་རྒྱ་བསྐྱེད་དགོས། དམངས་སེམས་གཅིག་མཐུན་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་འགྲོ་འོང་དང་ཕན་ཚུན་རྒྱུས་ལོན་ལ་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་ཆབ་སྲིད་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱིས་གཞི་གཅིག་ཅན་གྱི་མཉམ་ལས་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཧ་སག་སི་ཐན་ཕྱོགས་དང་འབྲེལ་གཏུག་ཟབ་མོ་རྒྱུན་འཁྱོངས་བྱེད་པར་མོས་འདུན་ཡོད་ཅིང་། གནད་དོན་གསར་པ་དང་འགྲན་སློང་གསར་པར་ཁ་གཏད་གང་ལེགས་བྱ་རྒྱུ། ཕྱིའི་སྟོབས་ཤུགས་ཀྱིས་ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཀྱི་དོན་དག་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱས་ཏེ། ས་ཁུལ་འདི་ཡི་ཡུན་རིང་བདེ་འགོད་ལ་མཉམ་དུ་སྲུང་སྐྱོང་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་། ཨ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཕན་ཚུན་ཡིད་རྟོན་བྱེད་ཐབས་ཚོགས་འདུ། “ཀྲུང་གོ+ཨ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ”སོགས་ཕྱོགས་མང་ནང་རྐྱེན་གྱི་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་དགོས་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ས་མ་ཨེར་ཀན་རྩེ་ཚོགས་ལ་མཉམ་དུ་རྒྱབ་སྐྱོར་བྱེད་པ། རྩ་འཛུགས་འདིའི་དུས་རིམ་རྗེས་མའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་དགོས། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ནས་ཕྱོགས་མང་རིང་ལུགས་དངོས་མ་ལག་ཏུ་བསྟར་ནས། སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་སྐྲུན་ལ“ཀྲུང་ཧ་ཡི་བྱས་རྗེས”འབུལ་རྒྱུ།

ཐུའོ་ཁ་ཡེ་ཧྥུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་དབུ་ཁྲིད་འོག་ཀྲུང་གོས་འཕེལ་རྒྱས་གྲུབ་འབྲས་རླབས་ཆེན་བླངས་ཡོད་པར་ལྷག་བསམ་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཉི་ཤུ་པ་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུས།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་བར་ཕྱི་འབྲེལ་བཙུགས་ཏེ་ལོ་ངོ30ལོན་པའི་མཉམ་འབྲེལ་བསྒྲགས་གཏམ》ལ་མཚན་རྟགས་བཀོད་ཅིང་ཁྱབ་བསྒྲགས་སྤེལ་བ་དང་། ཀྲུང་ཧའི་དབར་མི་རབས་ནས་མི་རབས་ཀྱི་མཛའ་འབྲེལ་འཛུགས་པ་དང་། ཕན་ཚུན་ལ་ཡིད་རྟོན་མཐོན་པོ་གནང་བ། སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཚོགས་པའི་དམིགས་འབེན་དང་མདུན་ལྗོངས་ཀྱི་ཆེད་དུ་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བསྒྲགས།

རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་དཔལ་འབྱོར་ཉོ་ཚོང་དང་། ཕན་ཚུན་འབྲེལ་གཏུག་དང་འགྲོ་འོང་། དངུལ་རྩ། ཆུ་བེད། གསར་འགྱུར་སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད།ཕྱོགས་གཉིས་ཀྱིས་མི་འགྱངས་པར་ཞི་ཨན་དང་། ཨ་ཁོ་ཐུའོ་པིའེ་རུ་ཕན་ཚུན་གྱི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་འཛུགས་རྒྱུ་ཐག་བཅད།

གྲོས་མོལ་གནང་ཚར་རྗེས། ཞི་ཅིན་ཕིང་ཐུའོ་ཁ་ཡེ་ཧྥུ་ཡིས་བསྒྲུབས་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས་ཏེ། ཕྱོགས་གཉིས་ཀྱིས་ཐུགས་ཁུར་གནང་བཞིན་པའི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་གཏིང་ཟབ་གནང་།

ཐུའོ་ཁ་ཡེ་ཧྥུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་འདིར་འཚམས་འདྲི་གནང་བའི་དུས་ཚོད་ཐུང་མོད། འོན་ཀྱང་ནང་དོན་ཕུན་སུམ་ཚོགས་ལ། གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པ་དང་། ང་ཚོའི་བར་ལ་ཐུན་མོང་གི་ངོས་ཟིན་གལ་ཆེན་མང་པོ་ཞིག་ཆགས་པས། ཀྲུང་ཧའི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་ཅིག་ཏུ་འཕེལ་རྒྱས་འགྲོ་བའི་ཕྱོགས་སུ་ཁྲིད་ངེས་རེད་ཅེས་བསྟན་པ་དང་། ཞི་ཅིན་ཕིང་གིས། བདག་གི་ཐེངས་འདིའི་བཅར་འདྲི་ནི་ཀྲུང་ཧའི་འབྲེལ་བའི་མགོ་རྩོམ་ས་གསར་པ་ཞིག་ཡིན་ལ། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་འབུངས་འོག འབྱུང་འགྱུར་གྱི་ཀྲུང་ཧའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེ་བ་འབྱུང་བར་ཡིད་ཆེས་ཡོད་ཅེས་བསྟན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་བྱེད་ཐབས་སྣ་མང་ལ་བརྟེན་ནས་མུ་མཐུད་དུ་འགྲོ་འོང་ཟབ་མོ་རྒྱུན་སྲུང་བྱེད་རྒྱུའི་ཞལ་ཆད་བཞག་ཡོད། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།